༄༅། །རྗེས་དྲན་དད་པའི་མིག་ཆུ།

                                                               ཆོས་ཤུལ་ཚུལ་ཁྲིམས། ཞལ་ཤུལ

གདོད་ནས་གཞོམ་བྲལ་མི་འགྱུར་རྡོ་རྗེའི་སྐུ།།

བརྙེས་པས་སྐྱེ་འཆིའི་ཚད་མ་མི་མངའ་མོད།།

རབ་མང་གདུལ་བྱའི་རྟག་འཛིན་རྫོགས་པའི་སླད།།

ཞིང་ཁམས་གཞན་ལ་གཤེགས་པའི་མཛད་པ་བསྟན།།

མགོན་ཁྱོད་ཁོ་ན་སྐྱབས་སུ་འཛིན་པ་ཡི།།

སྙིགས་མའི་དུས་ཀྱི་ཉམ་ཐག་འགྲོ་རྣམས་ཀྱིས།།

ཁྱེད་ཉིད་ཞི་བར་གཤེགས་པས་ཚུལ་ཐོས་ནས།།

མགོ་བོས་འཛིན་མ་རྡུང་བཞིན་འོ་དོད་འབོད།།

སྣ་ཚོགས་རྐང་འཐུང་དཀྲིགས་པའི་ནགས་ཀློང་གི།

རྒྱལ་རྣམས་དགྱེས་པའི་དབེན་གནས་རི་ཁྲོད་ནས།།

མི་ཕྱེད་དད་པའི་སྐུ་གདུང་ལ་མཇལ་ཚེ།།

ཕངས་པས་ཡིད་སྐྱོ་དད་པའི་མིག་ཆུ་སྙིལ།།

སྐལ་མང་སྔོན་ནས་སྤངས་རྟོགས་མཐར་ཕྱིན་ཀྱང༌།།

སྣ་ཚོགས་སྤྲུལ་སྐུའི་རྨད་བྱུང་ཐབས་མཁས་ཀྱིས།།

གདུལ་བྱ་རྒྱ་མཚོ་རྣམ་གྲོལ་ལས་བཟང་ལ།།

བཀོད་པའི་རྒྱལ་བ་གཉིས་པ་སྙིང་ནས་དྲན།།

གཞོན་ནུའི་དུས་ནས་འདིར་སྣང་བྱ་བ་དང༌།།

འཇིག་རྟེན་ཆོས་བརྒྱད་མཆིལ་སྣབས་བཞིན་དོར་ནས།།

ཚེ་གཅིག་སྒྲིབ་ལ་བརྩོན་པའི་ཟླ་བོ་ལ།།

རྗེ་བཙུན་མི་ལ་ལས་གཞན་ཡོད་མ་ཡིན།།

ལྔ་ཕྲག་སྙིགས་མའི་མུན་པ་དབྱིངས་སུ་བསྐྲད།།

རྒྱལ་བསྟན་པདྨའི་འདབ་ཕྲེང་ཆེས་ཆེར་གྲོལ།།

ལྟ་ངན་སྲིན་བྱའི་བློ་མིག་ལྡོངས་བྱས་ཏེ།།

ཡང་སྤྲུལ་ཉི་གཞོན་མྱུར་དུ་འཆར་བར་ཤོག།

བདག་ནི་སྐྱེ་བ་ཀུན་ཏུ་མགོན་ཁྱོད་ཀྱིས།།

བརྩེ་བའི་རྗེས་བཟུང་མདོ་སྔགས་གདམས་ཟབ་ལ།།

ཅི་དགར་ལོངས་སུ་སྤྱོད་པའི་སྐལ་བཟང་དང༌།།

འབྲལ་བ་མེད་པའི་སྨོན་ལམ་སྙིང་ནས་འདེབས།།

བློ་བཟང་བསྟན་པའི་སྙིང་བོ་ཚུལ་ཁྲིམས་གསུམ།།

དད་སོགས་འཕགས་ནོར་རིན་ཆེན་བདུན་གྱི་མཛོད།།

རླབས་ཆེན་སྨོན་ལམ་སྟོབས་ཀྱིས་དབང་བསྒྱུར་བ།།

གདུལ་བྱ་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས།།

                                                                                                          ༢༠༡༠ལོའི་རིག་གནས་ཡར་སྤེལ་ལས།


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/5/31 བལྟ་ཀློག (1699)