ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་སི་རི་ཡ་ལ་དམག་དོན་འཇབ་རྒོལ་བྱེད་རྒྱུ་ཡིན་ཞེས་ཉིན་འགར་གླེང་རྗེས། ཚེས་ཉེར་དགུ་ཉིན་དང་སུམ་ཅུ་ཉིན་གཉིས་ལ་ཧྥ་རན་སི་མ་གཏོགས། ཨ་མེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་འགའི་རྣམ་འགྱུར་གློ་བུར་དུ་འགྱུར་བས། ཨ་མེ་རི་ཁ་གནད་དོན་འདིའི་ཐད་ནས་ཁེར་རྐྱང་དུ་གྱུར། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ཙུང་ཐུང་ཨོ་པ་མ་ཡིས་སི་རི་ཡ་ལ་ཚད་བཀག་ཡོད་པའི་དམག་དོན་འཇབ་རྒོལ་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད་ནའང་། རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་གནོན་ཤུགས་འོག་ཏུ། ཨོ་པ་མ་སྲིད་གཞུང་འགྲོ་འདུག་གཉིས་དཀའི་གནས་སུ་ལྷུང་།
དབྱིན་ཇིའི་གྲོས་ཁང་ཞོལ་མ་ཚེས་ཉེར་དགུ་ཉིན་སྲིད་གཞུང་གི་དམག་དོན་འགུལ་སྐྱོད་འཆར་གཞི་ལ་འཐད་པ་མ་བྱུང་བས། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུན་གྱིས་དབྱིན་ཇིའི་དམག་དཔུང་སི་རི་ཡའི་དམག་དོན་འཇབ་རྒོལ་ལ་ཞུགས་སུ་མི་འཇུག་ཅེས་མི་བཤད་ཐབས་མེད་བྱུང་། དབྱིན་ཇིས་སི་རི་ཡའི་དམག་དོན་འཇབ་རྒོལ་ཞུགས་རྒྱུ་མིན་ཞེས་བཤད་རྗེས། འཇར་མན་གྱིས་ཀྱང་སི་རི་ཡར་དམག་དོན་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་ལ་མི་ཞུགས་ཞེས་བསྒྲགས། འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཝེ་སི་ཐི་ཝེ་ལེ་ཡིས་འཇར་མན་དེ་ལྟ་བུའི་འགུལ་སྐྱོད་ལ་ཞུགས་རྒྱུའི་རེ་བ་བཏོན་མེད་པ་དང་། འགུལ་སྐྱོད་དེར་ཞུགས་པར་བསམ་གཞིགས་ཀྱང་གཏོང་མི་སྲིད་ཅེས་བཤད། དེའི་སྔོན་ལ་ཁ་ན་ཏ་རྒྱལ་ཁབ་ཀྱི་ཙུང་ལི་ཧ་པོ་ཡིས་ཁ་ན་ཏས་ཨ་མེ་རི་ཁ་དང་དེའི་མནའ་གྲོགས་ཀྱིས་སི་རི་ཡ་ལ་དམག་དོན་འཇབ་རྒོལ་བྱེད་རྩིས་ཡོད་པར་རྒྱབ་སྐྱོར་བྱེད་ནའང་། ད་སྔ་ཁ་ན་ཏ་སྲིད་གཞུང་ལ་འགུལ་སྐྱོད་དེའི་ཁྲོད་ཞུགས་པའི་འཆར་གཞི་མེད་ཅེས་བཤད། ཨོ་སི་ཁྲུ་ལི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཁ་ཨར་གྱིས་ཀྱང་ཨོ་སི་ཁྲུ་ལི་ཡ་སི་རི་ཡའི་ཉམས་ཉེན་ཐད་ཀྱི་རྒྱལ་སྤྱིའི་འགུལ་སྐྱོད་ལ་ཞུགས་མི་སྲིད་ཅེས་བཤད།
ད་ལྟ་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ཁོ་ནས་སི་རི་ཡ་ལ་དྲག་ཤུགས་བཀོལ་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཨོ་ལང་ཏི་ཡིས་གལ་ཏེ་སི་རི་ཡ་སྲིད་གཞུང་གིས་རྫས་འགྱུར་མཚོན་ཆ་བཀོལ་ཡོད་ན། རྒྱལ་ཁབ་དེའི་དབང་འཛིན་པ་ཁྲིམས་ཆད་ལས་གཡོལ་དུ་གཏན་ནས་མི་འཇུག་ཅེས་དམ་བཅས། ཁོས་ཧྥ་རན་སིས་ཟླ་དགུ་བའི་ཚེས་བཞི་ཉིན་གྱི་སྔོན་ལ་སི་རི་ཡར་དམག་དོན་འཇབ་རྒོལ་བྱེད་སྲིད་ཅེས་བཤད། རྒྱུས་ལོན་བྱུང་བ་ལྟར་ན། ཧྥ་རན་སིའི་ཙུང་ཐུང་གིས་གྲོས་ཁང་འཐད་པ་མ་བྱུང་བའི་གནས་ཚུལ་འོག་ཕྱི་རྒྱལ་གྱི་དམག་དོན་སྟོབས་ཤུགས་བཀོལ་ཆོག་མོད། ཡིན་ནའང་ཕྱི་ཕྱོགས་ཀྱི་དམག་དོན་འཁྲུག་རྩོད་ལ་ཞུགས་རྗེས་ཀྱི་ཉིན་གསུམ་ནང་དུ་ཧྥ་རན་སི་སྲིད་གཞུང་གིས་ངེས་པར་དུ་གྲོས་ཁང་ལ་བརྡ་རྒྱག་དགོས།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།
|