ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་དཔོན་རིགས་ཀྱིས་ཚེས་གཅིག་ཉིན་བཤད་རྒྱུར། མཚོ་དམག་གི་ཉི་མུས་ཙི་རྟགས་ཅན་གྱི་ཉིང་རྡུལ་སྒུལ་ཤུགས་གནམ་གྲུའི་མ་གྲུ་འཐབ་འཛིང་ཁྱུ་ཚོགས་མཚོ་དམར་ཕྱོགས་སུ་ཆས་བཞིན་ཡོད་ལ། དགོས་ངེས་ཀྱི་སྐབས་སུ་ཨ་མེ་རི་ཁས་སི་རི་ཡའི་དམིགས་འབེན་ལ་འཇབ་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། གནམ་གྲུའི་མ་གྲུ་འཐབ་འཛིང་ཁྱུ་ཚོགས་ཀྱི་ཧིན་རྡུ་རྒྱ་མཚོའི་སྟེང་གི་རྒྱུན་ལྡན་གྱི་ལས་འགན་ཉེ་སྔོན་ཡོངས་སུ་འགྲུབ་པ་དང་། འཆར་གཞི་ལྟར་ན་ཕྱིར་ཨ་མེ་རི་ཁར་ལོག་དགོས་མོད། ཡིན་ནའང་ཨ་མེ་རི་ཁ་སྲིད་གཞུང་གིས་མི་འགྱང་བར་སི་རི་ཡར་དམག་དོན་འགུལ་སྐྱོད་སྤེལ་སྲིད་པས་དེ་མཚོ་དམར་ཕྱོགས་སུ་རྒྱབ་རོགས་སུ་མངགས་པ་རེད།
ཨ་མེ་རི་ཁའི་དཔོན་རིགས་ཤིག་གིས་བཤད་རྒྱུར། ཉི་མུས་ཙི་རྟགས་ཅན་གྱི་གནམ་གྲུའི་མ་གྲུ་ལས་གཞན། ཁྱུ་ཚོགས་དེར་ད་དུང་འདེད་རྒོལ་དམག་གྲུ་བཞི་དང་སྐོར་གཡེང་དམག་གྲུ་གཅིག་ཡོད་ལ། ད་ལྟ་ཨ་རབ་མཚོ་ཁོངས་ནས་ནུབ་ཕྱོགས་སུ་ཆས་བཞིན་ཡོད་ཟེར།
ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བཤད་རྒྱུར། སི་རི་ཡའི་གནས་བབ་ཚབས་ཇེ་ཆེར་སོང་བས། ཨ་མེ་རི་ཁའི་དམག་དཔུང་གིས་ཉི་མུས་ཙི་རྟགས་ཅན་གྱི་གནམ་གྲུའི་མ་གྲུ་དེ་ནུབ་ཕྱོགས་མཚོ་དམར་ཕྱོགས་སུ་ཆས་རྒྱུའི་བཀའ་བབས་པ་ཡིན་ལ། མཇུག་མཐར་ས་དཀྱིལ་རྒྱ་མཚོ་རུ་མངགས་སྲིད་ཟེར།
དཔོན་རིགས་དེས་བཤད་རྒྱུར། ཡང་བསྐྱར་བཀོད་སྒྲིག་བྱས་པའི་དམིགས་ཡུལ་ནི་དམག་དོན་ཐོན་ཁུངས་ལ་ལེགས་སྒྲིག་བྱས་ཏེ། དགོས་མཁོ་ཆེ་བའི་དུས་སུ་གནམ་གྲུའི་མ་གྲུ་ཁྱུ་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་དེ་ཡིན་ཟེར།
ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བཤད་རྒྱུར། འདས་པའི་གཟའ་འཁོར་གཅིག་གི་རིང་ལ། ཨ་རིའི་མཚོ་དམག་གིས་ས་དཀྱིལ་རྒྱ་མཚོའི་དམག་དོན་སྟོབས་ཤུགས་ལྡབ་གཅིག་གིས་ཇེ་ཆེར་བཏང་བ་ཡིན་ལ། དེའི་ནང་དུ་ས་དེ་རུ་སྐོར་གཡེང་ལས་འགན་སྒྲུབ་བཞིན་པའི་འདེད་རྒོལ་དམག་གྲུ་གསུམ་ནས་ལྔ་ལ་ཇེ་མང་ལ་བཏང་བ་དང་། དེ་དག་གིས་དགྲ་སྟ་ཟེར་བའི་སྐོར་གཡེང་འཕུར་མདའ་ཉིས་བརྒྱ་དྲུད་ཡོད་ཟེར།
སི་རི་ཡའི་ཙུང་ཐུང་ཨ་ས་ཏི་ཡིས་ཚེས་གཅིག་ཉིན་བཤད་རྒྱུར། ཨ་མེ་རི་ཁས་སི་རི་ཡར་བཙན་འཛུལ་བྱེད་པའི་འཇིགས་སྣང་བསླངས་པ་དེས་སི་རི་ཡས་རང་གི་རྩ་དོན་རྒྱུན་འཁྱོངས་བྱེད་པར་བཀག་འགོག་བྱེད་མི་ཐུབ་ལ། སི་རི་ཡར་ཕྱི་ཕྱོགས་ཀྱི་བཙན་འཛུལ་ལ་ཁ་གཏད་འཇལ་བའི་ནུས་པ་ཡོད་ཟེར།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།
|