ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་ཚེས་དྲུག་ཉིན་སི་རི་ཡཱ་ལ་དམག་དོན་འགུལ་སྐྱོད་སྤེལ་བར་ངོ་རྒོལ་བྱེད་བཞིན་པ་བསྐྱར་སྒྲོག་བྱས་པ་དང་། བྱ་སྤྱོད་དེ་ལས་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་ལ། ས་གནས་ཀྱི་གནས་བབ་ཟང་ཟིང་དང་ཇེ་སྡུག་ཏུ་འགྲོ་སྲིད་པར་འདོད།
ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་སྤྱིའི་འབྲེལ་བ་དང་མཉམ་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་དབྱེ་པུའུ་ལཱ་ཞིན་གྱིས་སྲིད་འཛིན་རྒྱལ་ས་པུས་ལེ་ཐའོ་ལེ་ཡཱ་ནས་བསྡུས་པའི་གསར་འགྱུར་ལས་རིགས་ཀྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་བལྟས་ན། དམག་དོན་ལ་བརྟེན་ནས་སི་རི་ཡཱ་ལ་ཐེ་གཏོགས་བྱས་ན་ས་ཁུལ་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་བཟོ་སྲིད་ལ། ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པར་ཡང་བཀག་རྒྱ་ཐེབས་སྲིད་པར་འདོད།
དབྱི་པུའུ་ལཱ་ཞིན་གྱིས་ད་རུང་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མས་སི་རི་ཡཱའི་ཕྱོགས་ཁག་གང་རུང་གིས་འཁྲུག་རྩོད་ཁྲོད་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་བྱ་སྤྱོད་དེ་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱེད་པར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་ནི་ནམ་ཡང་འགྱུར་བ་མེད་ལ་མངོན་གསལ་ཡིན། སི་རི་ཡཱའི་དམག་དཔུང་གིས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་མིན་དེ་རྟོག་ཞིབ་མཇུག་འབྲས་ཁྱབ་སྒྲོག་བྱས་རྗེས་ད་གཟོད་སྡོམ་ཚིག་བཀོད་ཆོག་ཟེར།
ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མཱ་ཡིས་དེའི་སྔོན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྣེ་ཁྲིད་དེ་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པ་དང་། རྒྱལ་ཁབ་གང་རུང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་བྲལ་ནས་རྒྱལ་ཁབ་གཞན་ཞིག་ལ་དམག་དོན་ཐེ་གཏོགས་བྱེད་མི་རུང་ཟེར།
མཚོ་སྔོན་བརྙན་འཕྲིན་དྲ་ཚིགས་ལས།
|