ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཚེས་དྲུག་ཉིན་ཨུ་རུ་སིའི་ཧྲིན་པུས་ཏི་པའོ་ནས་བཤད་རྒྱུར། ཧྥ་རན་སི་ལ་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་ནི་པཱ་ཧྲ་ཨར་སྲིད་དབང་གིས་བེད་སྤྱོད་བྱས་པ་བདེན་དཔང་བྱེད་པར་ཁུངས་ལུང་མང་བོ་ཡོད་ཟེར།
ཨོ་ལིང་ཏི་ཡིས་ཉིན་དེར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཧྲིན་པུས་ཏི་པའོ་མཐོ་རིམ་གྲོས་ཚོགས་གྲོལ་རྗེས་ཁེར་རྐྱང་དུ་གསར་འགོད་པར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། སི་རི་ཡཱའི་མི་སེར་དཀྱུས་མ་མང་བོར་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་དོན་རྐྱེན་ཁྲོད་གནོད་པ་ཐེབས་ཡོད་པས། ངེས་པར་དུ་འགན་ཁུར་བའི་སྒོ་ནས་འཇིགས་སྐུལ་དོན་དངོས་དེ་ཐག་གཅོད་བཟང་བོ་བྱེད་དགོས་ཟེར། ཁོས་ཞོར་དུ་ད་རུང་ཨུ་རུ་སི་སྐྱོན་འཛུགས་དེ་ལ་ཡིད་འཐད་མིན་པ་ཁས་ལེན་བྱས།
ཨོ་ལིང་ཏི་ཡིས་བཤད་རྒྱུར། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཆོད་དོན་འདོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པའི་ཚན་ཆུང་གི་རྫས་འགྱུར་མཚོན་ཆའི་ཞིབ་བཤེར་མཇུག་འབྲས་ཁྱབ་སྒྲོག་བྱས་རྗེས། སི་རི་ཡཱའི་དམག་དོན་འགུལ་སྐྱོད་ནང་ཞུགས་པར་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཁོ་ནར་དགོས་ངེས་ཀྱི་འགུལ་སྐྱོད་སྤེལ་བར་ཐག་གཅོད་བྱེད་པའི་དབང་ཆ་ཡོད་ཀྱང་། གལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱའི་གནད་དོན་གྱི་ཛ་དྲག་གི་གནས་བབ་སྲུང་འཛིན་བྱས་ན། ཧྥ་རན་སི་རྒྱལ་ཁབ་ཀྱིས་མནའ་འབྲེལ་གྱི་མ་འོངས་པའི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས་སི་རི་ཡཱ་ལ་འགུལ་སྐྱོད་སྤེལ་བའི་འོས་འགན་ལག་བསྟར་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། མིག་སྔར་སི་རི་ཡཱ་རྒྱལ་ཁབ་ཀྱིས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པར་རྣམ་འགྱུར་སྟོན་འདོད་ཡོད་པའི་རྒྱལ་ཁབ་མནའ་འབྲེལ་འཛུགས་བཞིན་ཡོད་ཟེར།
ཡིན་ན་ཡང་ཨོ་ལིང་ཏི་ཡིས་སི་རི་ཡཱའི་ཉམས་ཉེན་དེ་དམག་དོན་གྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་ཐབས་མེད་ལ། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ན་ད་གཟོད་ཐག་གཅོད་བྱེད་ཐུབ་པ་ཁས་ལེན་བྱས་ཀྱང་། དམག་དོན་བྱེད་ཐབས་དེ་ཆབ་སྲིད་ཐག་གཅོད་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་ཕན་པ་ཡོད་ཟེར།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།
|