སྨིག་རྒྱུའི་ཚོམས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »སྨིག་རྒྱུའི་ཚོམས།
སྨིག་རྒྱུའི་ཚོམས།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/12/23ལྟ་ཀློག (1714)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                       འབྲོག་བུ་དཀོམ་བཀྲ།

དབུགས་ཟད་གྲོག་མའི་ཚོགས་ཀྱི་ཕྲུ་མ་བཏབ་འདྲའི།།

བློ་ལ་གཏད་སོ་ཆུང་བའི་བདག་པོའི་འཁོར་གཡོག།

སྲིད་པའི་འདོམས་སུ་ཉུལ་བའི་ཤིག་སྲོ་ཡིན་སྐད།།

སྣང་བ་དག་པའི་གླུ་ཞིག་ལེན་སྙིང་མི་སྤྲོ།།

ང་དང་ཁོ་ཚོའི་བར་གྱི་གཙང་ཆུ་རབ་མེད།།

དབང་གི་དྲེག་པ་ནག་པོས་བསྣོག་པར་དོགས་ཏེ།།

ང་ཡི་ལུས་ལ་ཚོས་ཁ་དཀར་པོ་བྱུགས་ཤིང་།།

རང་སྤྱིལ་དོག་མོར་ཆུ་རགས་གྲུ་བཞི་བརྩིགས་ཡོད།།

 

གཏིང་འཁྱག་ས་གཞིའི་སྒྲོམ་དུ་ལོ་མང་ཡིབ་པའི།།

རྟག་པར་ཡིད་དུ་འཁོར་བའི་རྒྱ་སེ་མེ་ཏོག།

ཤེལ་དང་གྱོ་མོས་གྲུབ་པའི་བདག་གི་ཁྱིམ་དུ།།

ཆང་དང་ཤོག་བུ་རུལ་བའི་ང་ཡི་གམ་དུ།།

ཁྱེད་ལ་གཟས་པའི་མེ་སྒྱོགས་ཕྲེང་དུ་བསྟར་བས།།

གུས་པོ་ནོངས་པས་བསྣད་དེ་དབང་རྩ་བད་སོང་།།

ད་ནི་སྲོག་གི་ལག་པར་རྐྱོང་སྐུམ་བྲལ་ཞིང་།།

དྲན་པའི་མཚོ་ཆུང་དེ་ཡང་གཅིག་པུར་ལུས་ཡོད།།

 

གསེར་གྱི་ཚེ་འབར་ལྟ་བུའི་ཉི་མ་སེར་པོ།།

ཨ་སྔོན་མཐོན་པོའི་དབྱིངས་ནས་འདར་ཙམ་བྱས་ཤིང་།།

ལུས་ཀྱི་ཡང་ཟོར་སྐྱེན་པའི་བྱ་རོག་ཁྱུ་ཞིག།

སྙིང་གི་ལྕགས་རིའི་སྡེབས་སུ་ཡང་ཡང་ལྡིང་སྟེ།།

བཙོན་མའི་རྟུལ་ཞུགས་སྲུང་བའི་བདག་གི་དཔྲལ་བར།།

དུས་ཀྱི་གཉེར་མ་རིང་མོ་ཧར་གྱིས་ཕབ་སོང་།།

ད་ནི་རི་རབ་འདི་ཡི་ཕྱི་ལ་འཁྲེང་བཞིན།།

འཆི་བའི་ཕོ་ཉ་སྒུག་པའི་ཚེ་སྐབས་ཡིན་ནམ།།

 

ནམ་ཟླ་དགུན་གྱི་ཁ་བ་མཐུག་ཏུ་ཕྱིན་ཅིང་།།

ལམ་གྱི་ཕྱི་ནང་གྲང་མོ་དར་གྱིས་གཡོགས་དུས།།

མི་ཚོགས་དབུས་སུ་ལུས་པའི་སྙིང་སྡུག་སྐད་སྒྲ།

ཉི་མའི་རྡུལ་ཕྲན་བཞིན་དུ་སིལ་བུར་གས་ཤིང་།།

ཆགས་པའི་ཕྱི་མིག་མེད་པར་རླུང་ལ་སིམ་ཚེ།།

ང་ནི་ཕངས་སེམས་ལྕི་མོའི་འཁར་བར་བསྙེས་ཏེ།།

དུས་ཀྱི་བདག་མོས་གཡུག་པའི་མཚེར་ཤུལ་ཞིག་ཏུ།།

གྲོགས་དང་ཉེ་དུ་མེད་པར་ཧྲེང་ངེར་འཚོ་འདོད།།

 

སྒྱུ་མའི་གདོང་ཁེབས་གྱོན་པའི་གར་མ་རེ་རེ།།

གཞས་ཆུང་ཕྲ་མོའི་གདངས་ལས་ཕྱི་ལ་མཆོངས་ཏེ།།

གཏམ་དང་ཀུ་ཅོའི་ཝུ་བ་མཚོན་དུ་བསྡེབས་ནས།།

ང་དང་གྲིབ་མའི་ངོ་བོ་སོ་སོར་ཕྲལ་སོང་།།

ད་ནི་བདག་གི་མདུན་དུ་ཀེར་རེར་ལངས་པའི།།

ལོ་ཟླའི་ཁ་རྔོག་ལྟ་བུའི་འཁོར་བའི་བྱེ་རི།།

ཉིན་བཞིན་མཐོ་རུ་འཕགས་པའི་འཁྲུལ་སྣང་ཞིག་གིས།།

ང་ཡི་དྲན་པའི་རྩིག་པ་ཡོམ་ཡོམ་སྒུལ་བྱུང་།།

 

གློ་དང་རྒྱུ་མ་མཐུན་པའི་ཟོལ་གྱིས་འཛོམས་ཏེ།།

ཞེ་དང་སྣང་བ་འགྲེས་ནས་སོ་སོར་གྱེས་པའི།།

མི་ཚེའི་ཟློས་གར་ཁྲ་མོར་ལན་གཅིག་བཅར་བས།།

སེམས་ཀྱི་ཨ་ལོང་སྒོར་མོ་དུམ་བུར་ཆག་སོང་།།

ད་ནི་ཤོག་ཧྲིལ་མཐུག་པོའི་མལ་ཁྲིར་ལོག་སྟེ།།

ལས་ཀྱི་ཆུང་མའི་ཚབ་ཏུ་ཁྱེད་རང་དྲན་བཞིན།།

འཇིག་རྟེན་གཞན་དུ་ཆས་པའི་སྐར་མདའ་ཞིག་ལ།།

སེམས་ཀྱི་སྨོན་འདུན་ལན་གཅིག་ཞུ་སྙིང་ཆེ་འང་།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50471110
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1