མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མའོ་སི་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཧྥེ་ལེ་པེན་གྱི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧྥེ་ལེ་པེན་མང་ཚོགས་ཀྱིས་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པར་སྔར་ལས་རོགས་སྐྱོར་ཆེན་པོ་བྱེད་དགོས་ཟེར།
ཨ་མའོ་སི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྒྱ་མཚོའི་ཁུག་རྟ་ཞེས་པའི་དྲག་རླུང་གིས་ཧྥེ་ལེ་པེན་ལ་འཇིགས་ཉེན་བཟོས་ནས་ཟླ་ངོ་གཉིས་འགོར་བ་དང་། མི་ཆོས་རིང་ལུགས་ཀྱི་དགོས་མཁོའི་གཞི་རྒྱ་དང་ཁྱབ་ཁོངས་ནི་ཧ་ལས་པ་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ན་ནིང་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་ལ་ལག་བསྟར་བྱེད་མགོ་བརྩམས་པའི་གནོད་སྐྱོད་འཆར་གཞི་ལས་མེ་སྒོར་དུང་ཕྱུར་བདུན་དང་བྱེ་བ་བརྒྱད་ས་ཡ་བརྒྱད་བཏང་སྟེ་མང་ཚོགས་ཁྲི་སྟོང་མང་བོར་རོགས་རམ་བྱེད་དགོས་ཀྱང་། མིག་སྔར་ད་རུང་བརྒྱ་ཆའི་ཉི་ཤུའི་མ་དངུལ་མ་གཏོགས་དངོས་འབེབས་བྱས་མེད་ཟེར།
ཨ་མའོ་སི་ཡིས་བཤད་རྒྱུར། ཧྥེ་ལེ་པེན་གྱི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་འཕེལ་རིམ་དོ་མཉམ་མིན་པ་དང་། གནོད་ཐེབས་ས་ཁུལ་མང་ཤོས་ཀྱི་གློག་འདོན་སྔར་བཞིན་བརྟན་འཇགས་མིན། སློབ་གྲྭ་མང་བོ་ཟླ་དང་པོའི་ཚེས་དྲུག་ཉིན་ཡང་བསྐྱར་སློབ་མགོ་བརྩམས་ཀྱང་། སློབ་ཁང་དང་སློབ་གྲྭའི་མཁོ་དངོས་སྔར་བཞིན་དཀོན་ཟེར།
ཨ་མའོ་སི་ཡིས་བསྟན་དོན། ཧྥེ་ལེ་པེན་གྱི་ཆར་ཆུ་མོད་པའི་དུས་ཚུགས་ཐོན་ལ་ཉེ་བ་དང་། དེའི་སྔོན་ཆར་ཆུ་བབས་པ་ལས་མི་མང་བོ་ཡང་བསྐྱར་ཁྱིམ་གཞིས་འབྲལ་དགོས་བྱུང་བ་རེད། དེ་ལས་གཞན་ཞིང་བས་རྨོ་འདེབས་སྐབས་སུ་ཡོ་བྱད་དང་ས་བོན་སོགས་ཉོ་བསྡུ་བྱེད་པར་མ་དངུལ་གྱི་མཁོ་གལ་ཧ་ཅང་ཆེ། ཕྱིན་ཆད་ཀྱི་ཟླ་ངོ་འགའི་རིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞལ་འདེབས་འབུལ་མཁན་དག་གིས་མུ་མཐུད་དུ་ཧྥེ་ལེ་པེན་ལ་རྒྱབ་སྐྱོར་བྱེད་པར་རེ་བས་ཁེངས་ཡོད་ཟེར།
ན་ནིང་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། རྒྱ་མཚོའི་ཁུག་རྟ་ཞེས་པའི་དྲག་རླུང་གིས་ཧྥེ་ལེ་པེན་ལ་འཇིགས་ཉེན་ཚབས་ཆེན་ཐེབས་ཏེ། མི་སྟོང་དྲུག་ལྷག་རྐྱེན་ལམ་དུ་ཤོར་བ་དང་། གནོད་ཐེབས་མི་གྲངས་བྱེ་བ་གཅིག་དང་ས་ཡ་བཞི་ལས་བརྒལ། ཆེས་ཚབས་ཆེ་བའི་སྐབས་སུ་མི་ས་ཡ་བཞི་དང་འབུམ་གཅིག་ལ་འགྲོ་སའི་ཁྱིམ་གཞིས་མེད་པར་གྱུར།
|