རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སི་དཀར་པོའི་ཙུང་ལི་མུས་ཡ་སི་ཉེ་ཁི་ཝེ་ཆི་ལ་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སི་དཀར་པོའི་ཙུང་ལི་མུས་ཡ་སི་ཉེ་ཁི་ཝེ་ཆི་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་བར་འབྲེལ་བ་བཙུགས་ནས་ལོ་ཉེར་གཉིས་ཀྱི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་། ན་ནིང་བདག་དང་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་པ་དེ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབས་པ་མཚོན་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་འཆར་འགོད་ལག་བསྟར་བཟང་བོ་བྱས་ཏེ། ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པ་དང་ཕྱོགས་གཉིས་ཀྱིས་ཡིད་འཇོག་བྱེད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། ཙུང་ལི་གཞོན་པ་རིམ་པའི་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ནང་རྐྱེན་བཙུགས་པ་བརྒྱུད་ནས། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་བཟོ་ལས་ས་ཁུལ་དང་མཐོ་གསར་ལག་རྩལ། དངུལ་ལོར། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་གཞོགས་འདེགས་དམ་པོ་བྱེད་དགོས་ཟེར།
མུས་ཡ་སི་ཉེ་ཁི་ཝེ་ཆི་ཡིས་ཐོག་མར་ཨུ་རུ་སི་དཀར་པོ་དང་ཀྲུང་གོ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ནས་རྦད་ཆོད་སྒོས་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བྱེད་པར་མ་ཟད་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་སྒྲིག་ལམ་དེ་དྲང་བདེན་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
|