ལུགས་རྙིང་ལོ་སར་གྱི་སྔོན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། རྒྱལ་ཁབ་ཆེས་མཐོའི་ཚན་རྩལ་བྱ་དགའ་ཐོབ་མཁན་ཞེ་ཅ་ལིན་དང་ཀྲིན་ཀྲི་མེན། ཝང་ཞའོ་མཱོ་བཅས་ལ་འཚམས་འདྲི་མཛད་དེ། ཁོ་ཚོར་སྨོན་འདུན་བཟང་པོ་ཞུས་པ་དང་། ཚན་རྩལ་བྱ་བ་སྒྲུབ་མཁན་ལ་ལོ་སར་གྱི་རྟེན་འབྲེལ་ཞུས།
ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། ལིག་ཡུན་ཧྲན་ཐོག་མར་ཞེ་ཅ་ལིན་གྱི་ཁྱིམ་དུ་སོང་ནས། རང་རྒྱལ་གྱི་གཞི་རྡུལ་མྱུར་མགྱོགས་ཆས་ལས་དོན་གྱི་གསར་གཏོད་པ་དང་རྨང་འདིང་མཁན་འདི་ལ་འཚམས་འདྲི་མཛད། ལིག་ཡུན་ཧྲན་གྱིས་ཞེ་ཅ་ལིན་གྱི་ལུས་ཕུང་དང་འཚོ་བའི་གནས་ཚུལ་ཞིབ་འདྲི་བྱས་པ་མ་ཟད། ཁོས་དུས་རབས་ཕྱེད་ཀ་ལྷག་གི་རིང་ལ་དཀའ་ངལ་ཁྱད་དུ་བསལ་ནས་ཀྲུང་གོ་གསར་བ་འཛུགས་སྐྲུན་ཁྲོད་ཞུགས་པར་གུས་འདུད་ཞུས་པ་དང་། ཚན་རྩལ་འཕེལ་རྒྱས་སུ་གཏོང་ན་རང་བདག་གསར་སྐྲུན་གྱི་བགྲོད་ལམ་དུ་བསྐྱོད་དགོས་པས། ཚན་རྩལ་ཆེད་མཁས་པ་རྣམས་སྐྱེ་བོ་གཞན་པ་བགྲོད་མ་མྱོང་བའི་ལམ་དུ་བསྐྱོད་ཕོད་དགོས་ཞེས་གསུངས།
དེའི་རྗེས་སུ། ལིག་ཡུན་ཧྲན་ཀྲིན་ཀྲི་མེན་གྱི་ཁྱིམ་དུ་སོང་ནས། ཀྲིན་ཀྲི་མེན་གྱིས་ལོ་བཅུ་ཕྲག་འགའི་རིང་ལ་བླངས་པའི་གཡུར་དུ་ཟ་བ་བའི་ཚན་ཞིབ་གྲུབ་འབྲས་ལ་གཟེངས་བསྟོད་མཛད་པ་དང་། ཚན་ཞིབ་མི་སྣའི་དཔུང་སྡེའི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས་པ་མ་ཟད། ཚན་རྩལ་ལས་དོན་ལ་རྒན་རབས་ཚན་རིག་པའི་སྣེ་ཁྲིད་མཁོ་བ་དང་། གཞོན་རབས་པའི་འབད་འཐབ་མཁོ་ཞེས་གསུངས།
ཝང་ཞའོ་མཱོ་ལ་འཚམས་འདྲི་མཛད་སྐབས། ལིག་ཡུན་ཧྲན་གྱིས་ཁོས་རང་རྒྱལ་གྱི་ཚན་རྩལ་ལས་དོན་ཐད་བཞག་པའི་འབུར་དུ་ཐོན་པའི་བྱས་རྗེས་ལ་ཁས་ལེན་མཛད།
ཆེད་མཁས་པར་འཚམས་འདྲི་མཛད་སྐབས། ལིག་ཡུན་ཧྲན་གྱིས་ལས་དོན་གོང་འཕེལ་དུ་གཏོང་བ་དང་ཕྱོགས་བསྡུས་རྒྱལ་ཤུགས་ཇེ་ཆེར་གཏོང་ན་གཅིག་ནས་བཅོས་སྒྱུར་ལ་བརྟེན་དགོས་པ་དང་། གཉིས་ནས་ཚན་རྩལ་ལ་བརྟེན་དགོས་པས། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་གྱི་གོང་འཕེལ་ལ་ཧ་ཅང་མཐོང་ཆེན་གནང་ནས། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་དེ་ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་གསུངས།
ཞེ་ཅ་ལིན་དང་ཀྲིན་ཀྲི་མེན། ཝང་ཞའོ་མཱོ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་། མུ་མཐུད་འབད་བརྩོན་བྱས་ཏེ་གསར་སྐྲུན་རང་བཞིན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཡང་བསྐྱར་བྱས་རྗེས་འཇོག་རྒྱུའི་ཚུལ་བསྟན།
|