ལྒང་ཞུའི་བསྐོར་འགྲེམ་བྱ་འགུལ་ལ་ཞུགས་བཞིན་པ།
ཉིས་སྟོང་བཅུ་བཞི་ལོའི་ཀྲུང་གོའི་ལུགས་རྙིང་ལོ་སར་གྱི་ལྒང་ཞུའི་བསྐོར་འགྲེམ་བྱ་འགུལ་དེ་ཞི་ནེ་ནས་གཟབ་རྒྱས་ངང་སྤེལ་བ་དང་། སྣ་མང་ཕུན་སུམ་ཚོགས་པའི་ཀྲུང་ཧྭའི་རིག་གནས་ཀྱི་སྟོན་ཚོགས་དེར་ལྟད་མོ་བ་འབུམ་ལྷག་འདུས།
ཞི་ནེ་གྲོང་ཁྱེར་གྱི་ཧྲི་ཀྲང་མའོ་ཡཱ་དང་། ཨོ་སི་ཁྲུ་ལི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་མཱ་ཁྲའོ་ཞུའུ། ཞི་ནེ་རུ་སྡོད་པའི་དོན་གཅོད་ཁང་གི་ལས་འཛིན་དཔོན་པོ་ལིས་ཧྭ་ཞིན། ཕྱི་སྡོད་རང་མིའི་ཚོགས་ཁག་གི་མགོ་ཁྲིད་པ། ཨོ་སི་ཁྲུ་ལི་ཡཱའི་ལས་རིགས་སོ་སོའི་མི་སྣ། དེ་མིན་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་བཅས་ཀྱིས་ལྒང་ཞུའི་བསྐོར་འགྲེམ་བྱ་འགུལ་ལ་བལྟས།
ཨོ་སི་ཁྲུ་ལི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་མཱ་ཁྲའོ་ཞུའུ་ཡིས་ཞི་ནེ་ཡིས་ལོ་རེ་བཞིན་ཀྲུང་གོའི་ལུགས་རྙིང་ལོ་སར་གྱི་དགའ་སྟོན་རྟེན་འབྲེལ་བྱ་འགུལ་སྤེལ་བར་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། བྱ་འགུལ་དེ་ནི་ཞི་ནེ་གྲོང་ཁྱེར་སྡོད་དམངས་ཀྱིས་སྣ་མང་རིག་གནས་བྱ་འགུལ་སྤེལ་བའི་སྟེགས་བུ་ཞིག་ཡིན་པར་མ་ཟད། འཛམ་གླིང་ཡོངས་ཀྲུང་གོའི་ལུགས་རྙིང་ལོ་སར་གྱི་རྟེན་འབྲེལ་བྱ་འགུལ་ལ་ཞུགས་པའི་གོ་སྐབས་གལ་ཆེན་ཞིག་ཏུའང་གྱུར་ཡོད་ཟེར། ཁོས་རྒྱ་ཆེའི་ཀྲུང་གོ་བ་དག་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་བཟང་བོ་ཞུས།
ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་འབྲེལ་བ་གླེང་སྐབས་མཱ་ཁྲའོ་ཞུའུ་ཡིས་བསྟན་དོན། ང་ཚོས་བརྟན་འཇགས་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་འབྲེལ་བ་འཛུགས་པའི་བྱེད་ཐབས་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། དེ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་འཚམ་ཟེར། རྒྱལ་ཁབ་གཉིས་ཀྱི་མ་འོངས་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ། ང་ཚོས་འགན་ཁུར་བའི་རྣམ་འགྱུར་བཟུང་ཞིང་། ཧུར་ཐག་སྒོས་ཐུན་མོང་ཁེ་ཕན་རྒྱ་བསྐྱེད་པ་དང་། འགལ་བ་ཐག་གཅོད་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཞོར་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཆུ་ཚད་མཐོན་པོ་ཞིག་ཏུ་མཐོར་འདེགས་སུ་གཏོང་འདོད་ཡོད་ཟེར།
ཞི་ནེ་གྲོང་ཁྱེར་གྱི་ཧྲི་ཀྲང་མའོ་ཡཱ་ཡིས་བཤད་རྒྱུར། ད་ལོའི་ཀྲུང་གོའི་ལུགས་རྙིང་ལོ་སར་གྱི་རྟེན་འབྲེལ་བྱ་འགུལ་གྱིས་མང་ཚོགས་རྣམས་ལ་སྣ་མང་ཕུན་སུམ་ཚོགས་པའི་ལེ་ཚན་གྲ་སྒྲིག་བྱས་ཡོད་ལ། ལྒང་ཞུའི་བསྐོར་འགྲེམ་ནི་བྱ་འགུལ་དེའི་ནང་དོན་གཙོ་བོ་ཞིག་རེད། དོན་སྙིང་ལྡན་པའི་བྱ་འགུལ་དེ་ལ་བརྟེན་ནས་མི་རྣམས་ལ་མི་རིགས་སོ་སོའི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་ཉམས་སུ་མྱོང་དུ་བཅུག་པར་མ་ཟད། ཞི་ནེ་གྲོང་ཁྱེར་གྱི་སྣ་མང་བའི་རིག་གནས་ཁྱད་ཆོས་མཚོན་པར་བྱས་ལ། ཁེ་ལས་ལའང་ཚོང་སྐལ་གསར་བ་བསྐྲུན་ཡོད་ཟེར།
|