ཟླ་གཉིས་པའི་ཚེས་ལྔ་ཉིན། བྱིས་པའི་འདྲུད་འཁོར་དྲུད་པའི་ལམ་འགྲོ་བ་ཞིག་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་གྱི་གངས་ཆགས་ཀྱིས་མནན་པའི་སྲང་ལམ་དུ་འགྲོ་བཞིན་པ།
ཚེས་བཞི་ཉིན་ནས་བཟུང་ཨ་མེ་རི་ཁའི་དབུས་ཤར་ས་ཁུལ་དུ་ཡང་བསྐྱར་གངས་རླུང་དྲག་པོའི་འཇིགས་པ་ཐེབས་ཏེ། ས་དེའི་ཚོང་ལས་དང་སྤྱི་བའི་འགྲིམ་འགྲུལ། སྡོད་དམངས་ཀྱི་འཚོ་བ་བཅས་ལ་གནོད་པ་ཚབས་ཆེན་བཟོས།
ཚེས་བཞི་ཉིན་གྱི་དགོང་མོ་ནས་བཟུང་གངས་རླུང་རིམ་བཞིན་ཇེ་དྲག་ཏུ་སོང་བ་དང་། ཨ་མེ་རི་ཁའི་དབུས་ཤར་ས་ཁུལ་ཁ་ཤས་སུ་གངས་ཆགས་ཀྱི་མཐུག་ཚད་ལིས་སྨིད་སུམ་ཅུ་ལས་བརྒལ་ཡོད་ཅིང་། དྲོད་ཚད་ཀྱང་དྲོད་གྲངས་བདུན་ཡས་མས་ཇེ་དམའ་རུ་སོང་ཡོད་ལ། གཞུང་ལམ་མང་བོར་རླངས་འཁོར་སོགས་བགྲོད་ཐབས་མེད་པར་གྱུར་ཡོད། ཨ་མེ་རི་ཁ་ཡོངས་ཀྱི་ཀྲིག་སུམ་ཅུ་ལྷག་ལ་གངས་གནོད་ཐེབས་ཡོད་པ་དང་། སྡོད་དམངས་ས་ཡ་གཅིག་ཙམ་དང་ཚོང་ལས་ལས་ཁུངས་མང་བོར་གློག་ཆད་པར་མ་ཟད། ཉུང་མཐར་ཡང་གནམ་གྲུ་གཏོང་ཐེངས་སྟོང་གཉིས་མེད་པར་བཟོས་ཡོད། ཉིག་ཡོ་ཀྲིག་དང་ཞིན་ཙེ་ཞི་ཀྲིག་སོགས་ཀྱིས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་སྒྲོག་བྱས་ཡོད།
ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིར་གངས་རླུང་དྲག་པོའི་གནོད་པ་ཐེབས་པའི་མི་གྲངས་དུང་ཕྱུར་གཅིག་ལས་བརྒལ་བ་དང་། ཉིག་ཡོ་དང་པའོ་ཧྲི་ཏོན། ཞིན་ཙེ་ཞི། ཨ་ཁུན་སི་སོགས་ཀྲིག་གིས་གངས་གནོད་ཀྱི་ཉེན་བརྡ་བཏང་ཡོད།
ཨ་མེ་རི་ཁའི་རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ཁང་གིས་བཤད་རྒྱུར། ཐེངས་འདིའི་གངས་རླུང་དྲག་པོའི་ཁེབས་ཚད་ཇེ་བ་དང་། ཟླ་སྔོན་མའི་གངས་གནོད་རྗེས་ཀྱི་གྲང་ངར་ཆེ་ཞིང་གངས་རླུང་དྲག་པོའི་ནམ་ཟླ་ཞིག་རེད་ཟེར། གནམ་གཤིས་བརྟག་དཔྱད་ཁང་གིས་བཏང་བའི་སྔོན་བརྡ་ལྟར་ན། ས་ཁུལ་ཁག་ཅིག་གི་གངས་རླུང་དྲག་པོའི་ཡུན་ཚད་ཉིན་གཅིག་ཡན་འགོར་བས། སྡོད་དམངས་ཕྱི་རོལ་དུ་འགྲོ་བ་དང་འགྲིམ་འགྲུལ་སོགས་ཀྱི་ཐད་ལ་གནོད་པ་ཆེན་པོ་ཐེབས་ཡོད་ཟེར།
ཉེ་སྔོན་ཨ་མེ་རི་ཁའི་ས་ཁུལ་མང་ཆེ་བར་གྲང་ངར་ཆེ་བའི་ནམ་ཟླ་བྱུང་ཞིང་གངས་གནོད་ཚབས་ཆེན་བྱུང་སྟེ། འགྲིམ་འགྲུལ་དོན་རྐྱེན་མང་དུ་བྱུང་བ་དང་། མི་རྣམས་ཀྱི་ཉིན་རྒྱུན་གྱི་བྱ་བ་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
|