༄༅།།སྤྱི་ཟླ་༢ཚེས་༢༡ཉིན་ནི་འཛམ་གླིང་ཕ་སྐད་ཀྱི་ཉིན་མོ་ཡིན་ལ།སྐད་རིགས་ཀྱི་སྣ་མང་རང་བཞིན་ལ་སྐུལ་འདེད་དང་མི་རྣམས་ཀྱིས་སྐད་རིགས་སྣ་མང་ལྷན་གནས་ཀྱི་རིན་ཐང་ལ་ངོས་ཟིན་ཟབ་མོ་ཡོང་བའི་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱིས་མུ་འབྲེལ་བྱ་འགུལ་སྣ་ཚོགས་སྤེལ་བ་དང་བྱ་འགུལ་དེ་དག་གི་མཚོན་བྱ་གཙོ་བོ་ནི།སྐད་ཆ་མིའི་རིགས་ཀྱི་ཕན་ཚུན་འབྲེལ་འདྲིས་དང་རིག་གནས་ལོ་རྒྱུས་འཛིན་བྱེད་ཡིན་པ་ནན་གྱིས་བསྟན་ལ།དྲྭ་ངོས་སུ་སྐད་རིགས་སྣ་མང་བེད་སྤྱོད་བྱེད་པར་སྐུལ་མ་བཏང་།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ལས་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་ལས་དོན་གྱི་འགོ་འདྲེན་སུ་མུའུ་ཚི་ཡིས་བསྟན་དོན་འཛམ་གླིང་ཡོངས་སུ་སྐད་རིགས་སྟོང་ཕྲག་ལྷག་ཡོད་ལ།དེ་ལས་ཕྱེད་ཀ་ཙམ་ད་ལྟ་འཇིག་དང་འཇིག་བཞིན་ཡོད།འཛམ་གླིང་གི་སྐད་རིགས་ཡོངས་ཀྱི་བཞི་ཆའི་གཅིག་ཡས་མས་ཙམ་ད་གཟོད་སློབ་གསོ་དང་དྲྭ་རྒྱར་བེད་སྤྱོད་གཏོང་གི་ཡོད།གལ་ཏེ་དེ་ལས་མང་བའི་སྐད་ཆ་ཡུན་ཐེ་དྲྭ་རྒྱར་བེད་སྤྱོད་ཐུབ་པ་བྱུང་ན་དེས་མིའི་རིགས་ཀྱི་ཕུན་སུམ་ཚོགས་པའི་སྐད་རིགས་རྒྱུད་འཛིན་དང་རིག་གནས་སྣ་མང་ཅན་ལ་སྐུལ་འདེད་བྱེད་པར་ཕན་པ་ཧ་ཅང་ཆེན་པོ་ཡོད།སུ་མུའུ་ཚི་ཡིས་བཤད་རྒྱུར།གལ་ཏེ་སྐད་རིགས་ཤིག་གི་བེད་སྤྱོད་མཁན་ལ་སྤོབས་པ་ཆེན་པོ་བསྩོལ་བར་འདོད་ན་དྲྭ་རྒྱ་ནི་ལག་ཆ་གལ་ཆེན་ཞིག་ཡིན།གལ་ཏེ་སྐད་རིགས་ཤིག་ཡུན་ཐེ་དྲྭ་རྒྱར་ཕྱོགས་ཡོངས་ནས་བེད་སྤྱོད་བྱེད་ཐུབ་པར་བྱུང་ན་སྐད་རིགས་དེའི་མཚན་སྙན་སྔར་ལས་ཇེ་རྒྱས་སུ་འགྲོ་ངེས་ཡིན་ལ།དྲྭ་ངོས་སུ་ཕན་ཚུན་འབྲེལ་འདྲིས་བྱེད་པ་བརྒྱུད་ནས་སྐད་རིགས་འདི་ལ་ནུས་པ་གསར་བའང་ཁ་སྣོན་བྱེད་ཐུབ་པས་ན་ཆུང་གཞོན་ནུ་མང་བོའི་སེམས་པ་ལྷག་པར་འགུག་ཐུབ། སློབ་གསོ་དང་གསར་འགྱུར་ལས་ཁུངས།ཡུན་ཐེ་དྲྭ་རྒྱ་བཅས་ནི་སྐད་རིགས་སྣ་མང་རྒྱུད་འཛིན་དང་འཕེལ་རྒྱས་འགྲོ་བའི་གཞི་གཙོ་བོ་ཡིན་མོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱིས་ཞིབ་བཤེར་བྱེད་པ་ལྟར་ན།འཛམ་གླིང་ཐོག་བརྒྱ་ཆའི་དགུ་བཅུ་ཟིན་པའི་སྐད་རིགས་ད་དུང་དྲྭ་རྒྱར་ཞུགས་མེད།གནས་ཚུལ་འདི་འཛམ་གླིང་གཅིག་གྱུར་གྱི་དུས་སྐབས་སུ་སྐད་རིགས་དེ་དག་ཉམས་པར་འགྲོ་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད།དེ་བས་༡༩༩༩ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱིས་ལོ་རེའི་སྤྱི་ཟླ་༢ཚེས༢༡ཉིན་འཛམ་གླིང་ཕ་སྐད་ཀྱི་ཉིན་མོར་གཏན་འཁེལ་བྱས་ཏེ་ཕ་སྐད་དང་རྒྱལ་སྤྱིའི་སྐད་རིགས་མཉམ་སྤྱོད་བྱེད་པར་སྐུལ་མ་བཏང་།དེ་མིན་རིག་གནས་སྣ་མང་ཅན་གྱི་བསྒྲགས་ཡིག་དང་རིག་གནས་ཀྱི་མཚོན་དོན་སྣ་མང་ཅན་སྲུང་སྐྱོབ་དང་སྐུལ་འདེད་གཏོང་བའི་སྤྱི་ཆིངས།སྐད་རིགས་སྣ་མང་དྲ་རྒྱར་བེད་སྤྱོད་པའི་བསམ་འཆར་བཅས་བརྒྱུད་ནས་མི་རྣམས་ཀྱིས་སྐད་རིགས་ཀྱི་གནད་དོན་ལ་མཐོང་ཆེན་བྱེད་པ་དང་།རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་སྐད་རིགས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་།
|