ཚེས་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧེ་ནན་ཞིང་ཆེན་གྱི་སན་ཡ་གྲོང་ཁྱེར་ནས་ན་སྨི་པི་ཡའི་ཙུང་ལི་ཀུན་ཀི་པུའུ་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་གྱི་སྔོན་ལ། ལིས་ཁི་ཆང་གིས་ཀུན་ཀི་པུའུ་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་དགུ་ཉིན་གྱི་སྔ་དྲོར་ཧེ་ནན་ཞིང་ཆེན་གྱི་སན་ཡ་གྲོང་ཁྱེར་ནས་མཛད་སྒོ་བསྡུས་ཏེ། ན་སྨི་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཀུན་ཀི་པུའུ་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། དགའ་བསུ་ཞུ་བའི་མཛད་སྒོའི་རྗེས་སུ། ལིས་ཁི་ཆང་གིས་ཀུན་ཀི་པུའུ་དང་གྲོས་མོལ་མཛད།
ལིས་ཁི་ཆང་གིས་གསུངས་རྒྱུར། ན་སྨི་པི་ཡ་ནི་སྐབས་འདིའི་པའོ་ཨོ་གླེང་སྟེགས་ལོ་ཚོགས་ལ་ཞུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གཅིག་པུ་ཡིན། དེས་མྱུར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཨ་ཧྥེ་རི་ཁའི་སྟོབས་ཤུགས་གཙོ་བོའི་ཚབ་བྱས་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་པར་མུ་མཐུད་དུ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ན་སྨི་པི་ཡའི་བར་མཛའ་མཐུན་འབྲེལ་བ་བཙུགས་ནས་ལོ་འཁོར་ཉེར་བཞི་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་ལ། རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པ་དང་། དངོས་གཉེར་མཉམ་ལས་ཀྱི་ཁྱབ་ཁོངས་ནང་འཕེལ་རྒྱས་གསར་བ་འབྱུང་བར་རེ་སྒུག་བྱེད་བཞིན་ཡོད་ཟེར།
ཀུན་ཀི་པུའུ་ཡིས་ན་སྨི་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རེ་སྒུག་བྱེད་བཞིན་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་ན་སྨི་པི་ཡར་མ་དངུལ་བཏང་སྟེ་ཁེ་ལས་སྒྲུབ་པ་དང་། མཉམ་ལས་གཉིས་རྒྱལ་མངོན་འགྱུར་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་པའི་ཚུལ་བསྟན།
གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ལག་རྩལ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། གཏེར་ལས། མི་ཤུགས་ཐོན་ཁུངས་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།
|