ནས། རྨ་ཆུ།
བདེ་སྐྱིད་འདྲེས་མ་ཡི་འཇིག་རྟེན་འདི་ནས།།
བསམ་པ་བཟང་མིན་གྱི་སྲོག་ལ་རྩེད་བཞིན།།
འཇིག་རྟེན་མིག་འཕྲུལ་གྱི་ཟློས་གར་དེ་ལ།།
ཡ་མཚན་རན་པ་ཡི་མིག་ཟུང་ཅེར་འདུག།
བདག་མེད་སྟོང་ཉིད་སོགས་གནས་ལུགས་འཆད་བཞིན།།
སྟོན་པ་གཅིག་ཉིད་ཀྱི་གདུལ་བྱ་སྐྱོང་བའི།།
དེང་རབས་བླ་སྤྲུལ་ཚོས་བསམ་གཞིགས་གཏོང་རོགས།།
ཚོད་མེད་མུན་ནག་ནས་ཟློས་གར་མ་འཁྲབ།།
སེམས་རྒྱུད་གཙང་མ་ཡི་སྲོལ་ཁ་གླེང་བའི།།
རོང་འབྲོག་རྒན་རྒོན་ཚོས་ནང་ཆོས་ཤེས་སམ།།
མ་ཎི་འུར་འདོན་གྱིས་སྡུག་གྲུབ་སེལ་ལམ།།
ང་ཡི་ཁྱོད་ཉིད་ཀྱང་འདི་ལྟར་རྒས་སོང་།།
གྲངས་མེད་ཤེས་རིག་གི་བཅུད་ལ་འཇུག་པའི།།
དེང་རབས་སློབ་གྲོགས་ཚོས་ནང་བསྟན་སྦྱངས་སམ།།
ཚོད་མེད་ཤེས་མེད་ཏུ་འུར་སྒྲ་བསྒྲགས་ན།།
ང་ཡི་སློབ་གྲོགས་ཚོས་འདི་ལྟར་ཆོག་གམ།།
ཅང་ཤེས་རྟ་མཆོག་གི་རྨིག་སྒྲ་འཇགས་སྐད།།
མཐོ་སྒང་འབྲོག་ཕྱོགས་སུ་བརྡ་ཁྱབ་མང་གི།
འབྲོག་ཕྲུག་དར་མ་ཚོས་འདི་ལྟར་ཆོག་གམ།།
ང་ཡི་རྟ་ཕོ་དེ་གང་ལ་ཤོར་སོང་།།
ཐུལ་དཀར་འབྲུ་མོ་ཡི་ངུར་སྒྲ་དབེན་སྐད།།
ལྷས་འདབས་ཡངས་པོ་ནས་རྣ་ལ་གཟན་བྱུང་།།
སྨན་ཆུང་བུ་མོ་ཁྱོས་འདི་འདྲ་མཐོང་ངམ།།
ང་ཡི་འབྲུ་མོ་དེ་གང་ལ་བཙོང་སོང་།།
གཡང་དཀར་ལུག་ཁྱུ་ཞིག་རྐུན་ལ་ཤོར་ཚུལ།།
རྐུན་མ་རང་ཉིད་ཀྱི་འགྲམ་ན་སྡོད་ཚུལ།།
འབྲོག་ཕྱོགས་ཕལ་ཆེར་ན་གཡང་དཀར་མེད་ཚུལ།།
ང་ཡི་གཡང་དཀར་དེ་སུ་ཡིས་བརྐུས་སོང་།།
༢༠༡༤ལོའི་ཟླ་གསུམ་པའི་ཚེས་བཅུ་གཉིས་ལ་མལ་ཁང་ནས།
|