ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་ཙུང་ཐུང་གི་དམིགས་བསལ་འཐུས་མི། ནོར་སྲིད་པུའུ་ཀྲང་ཡ་ཀི་པུའུ་ལུའུ་ལ་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་ཙུང་ཐུང་གི་དམིགས་བསལ་འཐུས་མི། ནོར་སྲིད་པུའུ་ཀྲང་ཡ་ཀི་པུའུ་ལུའུ་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བཟང་བོ་དེ་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་མཚོན་ན་ཧ་ཅང་གལ་ཆེན་ཞིག་ཡིན་ལ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཡང་ཕན་པ་ཡོད། གནས་བབ་གསར་བའི་འོག ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གཞིར་བཟུང་སྟེ། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མཐོ་རིམ་བར་གྱི་འགྲོ་འོང་སྲུང་འཛིན་བྱས་ནས། མཉམ་དུ་སྐོར་ཐེངས་གསར་བའི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་དང་མི་གཞུང་བརྗེ་རེས་ཀྱི་མཐོ་རིམ་གྲོས་མོལ་བཟང་བོར་སྒྲུབ་དགོས་པར་མ་ཟད། རྒྱལ་སྤྱིའི་ས་ཁུལ་དང་འཛམ་གླིང་རང་བཞིན་གྱི་གནད་དོན་གལ་ཆེན་ཐད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས་ཟེར།
ལིས་ཁི་ཆང་གིས་ད་རུང་ཀྲུང་གོའི་དཔལ་འབྱོར་བཅོས་བསྒྱུར་གྱི་དམིགས་འབེན་གཙོ་བོ་མཚམས་སྦྱོར་མཛད།
ཡ་ཀི་པུའུ་ལུའུ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གཞོགས་འདེགས་དམ་པོ་བྱས་ནས། སྐོར་ཐེངས་གསར་བའི་ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ཀྱི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ཐད་ཀྱི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།
ཕྱོགས་གཉིས་ཀྱིས་ད་རུང་ཐུན་མོང་གིས་སེམས་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།
|