མདའ་མེ་ལྕེས།
དཔྱིད་དཔལ་བུ་མོའི་འོ་གཅིག་གིས།།
སྤང་གི་མེ་ཏོག་འཛུམ་སེ་བཞད།།
སྙིང་ཆུང་ཁྱེད་ཀྱིས་རྐུས་པ་ཡི།།
ང་ཡི་རོ་འདི་སྔར་བཞིན་སྐམ།།
མཁའ་ན་རྒྱུ་བའི་ཟླ་བ་འདི།།
ཁྱེད་ཀྱི་ཞལ་རས་ཡིན་དོགས་ནས།།
མཐའ་ན་བསྐོར་བའི་སྐར་མའི་ཚོགས།།
ང་ཡིས་ཁྱེད་ཀྱི་སོ་བར་བཀོད།།
རྒྱང་ནས་རྒྱང་དུ་བཞུད་པ་ཡི།།
ཁྱེད་ཀྱི་རྒྱབ་གཟུགས་དྲན་ཐེངས་རེར།།
ཟླ་འོད་ཕོག་པའི་མལ་ཁྲི་ལ།།
ཚེར་མ་བརྡལ་བའི་སྣང་བ་འཆར།།
གཙང་བོའི་འགྲམ་གྱི་ལམ་ཆུང་སྟེང་།།
ཅི་ཞིག་འགུལ་བཞིན་བཅར་སྣང་གིས།།
ཕྱེད་ཀར་ལུས་པའི་སྙིང་ཆུང་འདི།།
ཁོང་ནས་འཕག་པ་གཞན་གྱིས་ཚོར།།
མིག་གི་ཐིགས་པ་བསགས་པ་ཡིས།།
སེམས་ཀྱི་གཞོང་བ་ཡོངས་སུ་གང་།།
ཕྱི་དང་ནང་གི་སྡུག་ཆུ་འདི།།
ཁྱེད་ཉིད་མ་གཏོགས་སུ་ཡིས་བསྐམ།།
ནགས་ཀྱི་ཁུ་བྱུག་གྲག་པ་ན།།
ཡོད་ཚད་དགའ་ཞེས་ཀུན་གྱིས་ལབ།།
ཡིན་ཡང་ང་ཡིས་གོ་ཐེངས་རེར།།
སྐྱོ་བ་བླ་ནས་བླ་རུ་བརྩེགས།།
ཤག་ཤག་འབབ་པའི་གཙང་བོ་འདིས།།
ཐུར་ནས་ཐུར་དུ་གློད་སྒྲ་སྒྲོགས།།
དྲན་པས་གཟེར་བའི་དབུགས་འགྱུ་འདིས།།
སྟོད་ནས་སྟོད་ལ་འཚང་ཁ་རྒྱག།
2014..5..5ཕྱི་དྲོར།
|