མདའ་མེ་ལྕེས།
ཡར་དང་མར་ལ་རྒྱུ་བའི་དབུགས་ཀྱི་རྒྱུན།།
མ་འཇགས་རྣམ་རྟོག་སྣང་བ་འཕྲོ་ཤུགས་ཀྱིས།།
ཚོར་བའི་ན་ཟུག་ཁུར་བའི་ལག་པ་ཟུང་།།
སྙན་ངག་མགུལ་བར་འཁྱུད་པ་ཁོ་བོའི་གཤིས།།
ཁམས་དང་མོས་པ་སོ་སོར་ཕྱོགས་སྟབས་ཀྱིས།།
བཟང་ངན་རྣ་ཆ་ཅི་ཞིག་གདགས་ཀྱང་ཆོག།
མི་ཚེའི་སྨད་ལ་བདམས་པའི་ལམ་ཁ་འདི།།
ནོར་དང་དོག་པའི་བསམ་བློ་ལར་ནས་མེད།།
གནའ་དེང་མཁས་པའི་ལུགས་ལ་ཕྱོགས་ལྷུང་གིས། །
དགག་བཞག་ངལ་བ་མེད་མོད་རང་གི་ཁམས།།
སྲོལ་རྒྱུན་བཅད་མའི་ལུགས་དང་རོ་གཅིག་ཏུ།།
འདྲེས་པས་ཚུལ་འདི་འཛིན་པའི་རིགས་ལ་དུངས།།
གྲགས་སྐམ་འུད་ཀྱིས་ཁྱེར་བའི་སྨྱུ་གུའི་ཚོན།།
རབ་བྱུང་གདོང་ལ་བསྐྱུགས་པའི་མུ་ལྟོ་བར།།
བསམ་བློའི་རྒྱགས་ཕྱེ་གང་ལ་གང་འཚམ་རེ།།
ཚད་གྲུབ་རིགས་པའི་ལམ་ནས་སྟེར་ལ་གོམས།།
དགེ་ཆོས་རིག་པའི་རྒོད་པོ་འཕུར་ཤུལ་ནས།།
བདེན་པའི་ཉི་ཟེར་མ་བཟོད་འབྱུང་བོའི་བྱ།།
མཚན་གུང་སྨག་ཁུད་ཧབ་ཆ་མང་བ་འདིས།།
གནས་ལུགས་རྡོག་རྡོག་ཅིག་གི་རྒྱབ་རྩར་བཏགས །།
ཚིག་གི་ཚོན་སྣ་བསྒྲིགས་པའི་ཁུགས་སོ་རུ།།
ལེགས་བཤད་མངལ་སྦྲུམ་བག་མ་གསར་བའི་མིག།
སྒྱུ་རྩལ་རེ་བཞིའི་འཕྲུལ་གྱིས་གཡོ་བ་ཅན།།
རྩོམ་མགྲོན་གཞོན་ནུ་བསུ་བའི་ཕོ་ཉར་སྤྲིངས།།
མི་ཁའི་དྲག་རླུང་རྒོད་པའི་གནམ་འོག་ནས།།
མིང་གི་དར་ལྕོག་གང་སར་བསྐྱོད་ཀྱང་རུང་།།
འགྱུར་མེད་སྙིང་གི་རྨུ་ཐག་དགུ་སྒྲིལ་སྣེ།།
སྲོལ་རྒྱུན་བཅད་མའི་ཕུར་བར་མདུད་ནས་ཡོད།།
འཆི་བའི་བདག་པོས་ལོ་ཟླ་ནམ་ཞིག་ལ།།
ཚེ་ཡི་ལྷག་མར་ཁྲམ་ཤ་བཏབ་ཀྱང་ཆོག།
འཚོ་བའི་ཁ་དོག་བཅད་མས་བྲི་བའི་ལུགས།།
ང་ཡི་མི་ཚེའི་དབུགས་དང་ལྷན་དུ་འགྲོགས།།
2014---5--5སྔ་དྲོར།
|