རྟོན་བཞིའི་དགེ་མཚན་མདོ་ཙམ་གླེང་བ་ལོག་སྨྲའི་འཁྲུལ་སེལ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 8 ཚེས 24 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »རྟོན་བཞིའི་དགེ་མཚན་མདོ་ཙམ་གླེང་བ་ལོག་སྨྲའི་འཁྲུལ་སེལ།
རྟོན་བཞིའི་དགེ་མཚན་མདོ་ཙམ་གླེང་བ་ལོག་སྨྲའི་འཁྲུལ་སེལ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2025/8/16ལྟ་ཀློག (870)རྩོམ་ཁུངས: ངེད་རྩོམ་སྒྲིག་ཁང་།

༄༅། ། རྟོན་བཞིའི་དགེ་མཚན་མདོ་ཙམ་གླེང་བ་ལོག་སྨྲའི་འཁྲུལ་སེལ།              

ཐེ་བོ་དཀོན་སེང་། 

         མ་འདྲེས་འགྲོ་བའི་མཛའ་བཤེས་ཆེན་པོ་མཉམ་མེད་བུ་རམ་ཤིང་བ་དང་། །

         རྒྱ་བོད་དབུ་མའི་སྲོལ་འབྱེད་ཟུང་དང་དེ་ཡི་ལམ་སྲོལ་སྐྱོང་མཁས་པའི། །

         སྔོན་དང་ད་ལྟའི་མཁས་དབང་རྣམས་ལ་སྒོ་གསུམ་གུས་པས་བཏུད་བྱས་ཏེ། །

         ཞིབ་འཇུག་ཡུལ་དུ་བདེན་སྣང་འཚེར་བའི་རྟོན་བཞི་མདོ་ཙམ་གླེང་བར་སྤྲོ། །

      དེ་ཡང་བསྔགས་བརྗོད་མེ་ཏོག་ཕྲེང་བས་སྨྲ་སྒོ་ཡངས་པོར་ཕྱེས་ཏེ་སྐབས་དོན་བཤད་པར་བྱ་བ་ནི།  དེང་སྐབས་སྙིགས་ལྔའི་རང་མཚང་རྣམ་པར་བདོ་བའི་་དུས་མཐའ་འདིར་ཤེས་དཔལ་རིག་གསུམ་གྱི་འགྲན་རྩོད་རྦ་རླབས་དྲག་ཏུ་གཡོ་བའི་རྐྱེན་གྱིས་འཛམ་གླིང་གི་གཞིས་ཁྱིམ་འདིར་ཆག་སྒོ་དང་འཕེལ་འགྲིབ་ཀྱི་རྣམ་པ་མི་ཉུང་བ་མང་བོ་ཞིག་བྱུང་དང་འབྱུང་བཞིན་པ་ནི། རྒྱལ་སྤྱིའི་གསར་འགྱུར་མེ་ལོང་དང་ཉིན་རེའི་ཚགས་ཤོག་སོགས་ལས་ཤིན་ཏུ་གསལ་བ་ལྟར་ལགས་ན་ང་ཚོ་མི་སུ་དང་སུ་ཡིན་ཡང་རང་སྲོག་ལ་གཅེས་ཤིང་རང་བདེའི་ཆེད་དུ་འབད་པ་མི་བྱེད་མཁན་གཅིག་ཀྱང་མེད་ལ། བྱེད་འོས་ཤིང་བྱེད་པའི་ཐོབ་ཐང་ཡང་མི་བུ་ཀུན་ལ་ཁྱད་མེད་དུ་ཡོད།དེས་ན་ཡབ་རྗེ་བླ་མས་སྔགས་རིམ་ཆེན་མོ་ལས། གོ་བ་ནོར་ན་སྒྲུབ་པ་ནོར་བས། སྒྲུབ་པ་མ་ནོར་བ་ཡང་གོ་བ་མ་ནོར་བ་ལ་རག་ལུས་ཞེས་གསུངས་པ་ལྟར། རང་གིས་རང་མི་བསླུ་བའི་ལས་དོན་རླབས་ཆེན་ཞིག་ལ་འབད་བརྩོན་གལ་ཆེ་ཕྱིན་ཁ་ཕྱོགས་ཀྱང་མ་ནོར་བ་ཞིག་ཅིས་ཀྱང་དགོས། འོ་ན་ང་ཚོ་སྡུག་བསྔལ་ལས་ཐར་བའི་ཆ་དང་མཐུན་པ་ཞི་བདེ་ལ་དུང་ཞེན་ཆེ་བའི་སྐྱེས་བུ་རྣམས་ལས་དོན་གང་ཅི་ལ་འཇུག་དགོས་སྙམ་ན། རྗེ་བླ་མས། སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར། ། ལང་ཚོ་མི་སྡོད་རྒྱུག་པའི་རི་གཟར་ཆུ། །  དེ་ལྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས། ། བདག་གིས་རིག་གནས་གང་ལ་སྦྱང་སྙན་ན། ། རིག་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་། །  གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། ། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། ། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། ། འདི་ནི་ཤིན་ཏུ་དཀོན་ཞིང་འདོད་པ་འཇོ། ། རྨད་དུ་བྱུང་བའི་དགའ་བ་རྒྱས་བྱེད་པས། ། རིན་པོ་ཆེ་ཞེས་མཁས་པ་རྣམས་ལ་གྲགས། ། མཁས་པའི་ཡིད་འཕྲོག་རིན་ཆེན་གཞན་ཡོད་མིན། ། ཞེས་གསུངས་པ་ལྟར། གཞི་ཤེས་བྱའི་གནས་ལུགས་གཏན་ལ་འབེབ་པ་ལ་ལམ་ཐབས་ཤེས་ཀྱི་རིམ་པ་ཆ་ཚང་བར་སྟོན་པའི་ནང་བའི་ཚན་མ་རིག་པ་དང་ནང་དོན་རིག་པ་ལ་ཐོས་བསམ་གྱིས་འཇུག་དགོས་པར་མ་ཟད་དེ་དག་གི་རྨང་གཞིར་སྒྲ་རིག་གིས་བསྡུས་བའི་སྙན་ངག་སོགས་ལ་ལུང་རིགས་གཉིས་ལས་རིགས་པ་དང་། ཡིད་ཆེས་དང་དཔྱད་པ་གཉིས་ལས་དཔྱད་པ་གཙོ་བོར་བྱེད་པའི་སྒོ་ནས་ནང་ཆོས་ཀྱི་སྒོམ་ཉམས་ལེན་ལ་བརྩོན་རྒྱུ་ནི་ང་ཚོ་ལ་འོས་བབས་ཀྱི་ལས་འགན་གཅིག་པུར་སེམས་སོ། །

    དེས་ན་ང་ཚོ་གྲོལ་བའམ་ཞི་བདེ་ལ་སྙེག་པའི་སྐྱེས་བུ་ཞིག་ཡིན་གཤིས་དཔྱད་གསུམ་གྱིས་དག་པའི་ནང་བའི་གཞུང་ལུགས་གཅེས་པར་བཟུང་ཐོག་དེང་གི་ཤེས་རིག་གང་མཁོས་ཟུར་རྒྱན་ཏེ་བསླབ་པ་སློབ་གཉེར་བྱེད་པ་ཙམ་དུ་མ་སོང་བར་སློབ་གཉེར་དེས་ཀྱང་རང་གཞན་གཉིས་ཀར་ཕན་བདེ་སྟེར་ཐུབ་པའི་གྲུབ་འབྲས་ཤིག་གི་ཆེད་འབད་རྒྱུ་ལས་ཁ་ཕྱིར་བལྟས་ཀྱི་སློབ་གཉེར་ལ་འགྲོ་མི་རུང་། དེང་སང་ཉུང་ཤས་ཤིག་ཆོས་བྱེད་ཆོས་སུ་མ་སོང་སྨན་སྤྱད་དུག་ཏུ་གྱུར་གྱུར་ནས་རང་རྒྱུད་ཀྱི་བསྟན་པ་ཉམས་ཏེ་ལོག་བཤད་ལོག་སྒྲུབ་ཀྱིས་གཞན་བསྟན་པ་ལ་འཇུག་པའི་གེགས་བྱས་དང་བྱེད་བཞིན་པ་འདི་ཇི་འདྲའི་ཡིད་སྐྱོ་བའི་གནས་ཤིག་རེད་ཨང་། ད་ལྟ་ཚན་རིག་ལག་རྩལ་ཇེ་རྒྱས་དང་མིའི་བསམ་སྤྱོད་ཇེ་ངན་དུ་ཕྱིན་ཏེ་ཕན་ཚུན་རྒྱལ་ཁབ་དང་མི་རིགས། རིག་གནས་དང་ཁོར་ཡུག་བཅས་སྟོབས་ཆེ་བས་སྟོབས་ཆུང་རྣམས་གཏན་སྣུབ་བྱེད་པར་དཀའ་ཚེགས་མེད་པའི་དུས་འདིར་བྱམས་བརྩེའི་རླན་གྱིས་མ་བཟུང་བའི་ཚན་རིག་གི་ཤེས་ཚན་དང་།  ཡང་དག་རིགས་པས་དཔྱད་རིན་མེད་པའི་ཆོས་ལུགས་གཞན་ལས་ཁྱད་དུ་འཕགས་པའི་ནང་ཆོས་ཀྱི་གཞུང་ལུགས་ཁག་ལ་བློ་ཁ་རྩེ་གཅིག་ཏུ་ཕྱོགས་ཏེ་སློབ་སྦྱོང་ལ་བརྩོན་དགོས་པའི་རྒྱུ་མཚན་ནི། ང་ཚོ་ཀུན་གྱིས་བདེ་བ་འདོོད་ཅིང་སྡུག་བསྔལ་རྒྱུ་དང་བཅས་པ་མེད་པར་བཟོ་བའི་ཐབས་ཇུས་ཆོས་ལུགས་གཞན་ལས་ཀྱང་ནང་བའི་ཆོས་གཞུང་དུ་འཐུས་སྒོ་ཚང་བར་བསྟན་འདུག་པས་སོ། །བསྟན་ལུགས་ནི་ཚན་རིག་གི་ཤེས་ཚན་གཞན་ལ་མེད་པའི་འཚེ་མེད་ཀྱི་སྤྱོད་པ་དང་། གཞན་ལ་ལྟོས་གྲུབ་རྟེན་འབྱུང་གི་ལྟ་བས་སྲོག་བཟུང་སྟེ་གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་སོགས་བྱེད་ཐབས་སྣ་ཚོགས་དང་། རིགས་ལམ་མཐའ་ཡས་པའི་སྒོ་ནས་དངོས་ཡོད་གནས་ཚུལ་དང་མཐུན་པར་གཏན་ལ་ཕབ་ཡོད་སྟབས་ང་ཚོ་འདིའི་རྗེས་སུ་འབྲང་ན་ནམ་ཡང་བསླུ་མི་སྲིད་པ་ཐག་ཆོད་ཡིན། ངས་འདིར་རང་ཉིད་ནང་བའི་ཆོས་ལུགས་པ་ཞིག་ཡིན་པའི་ཕྱོགས་ཞེན་གྱི་ཁ་ཕོ་སྒྲོག་པ་ཙམ་མིན་གྱི། ནང་བའི་ཆོས་དང་ཆོས་པས་དེང་སྐབས་འཛམ་གླིང་གི་སྤྱི་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་ཐོགས་བསྒྲུབས་དང་སྒྲུབ་བཞིན་པ་ནི། བོད་པའི་སྤྱི་ནོར་བླ་མ་དོན་གྱི་བདག་པོས་མཚོན་པའི་བོད་ཀྱི་བླ་སྤྲུལ་དགེ་བཤེས་མི་ཉུང་བ་ཞིག་སྔོན་མཐོན་རྒྱལ་ཁབ་ཁག་མང་བོའི་གཞུང་དང་། འབྱོར་ལྡན་སྦྱིན་བདག་སྒེར་བ་མང་བོས་གདན་ཞུའི་འགྲན་རྩོད་ཀྱི་འཚང་ཁའི་ངང་ཆོས་ཚོགས་ཀྱི་ཟིལ་ཤུགས་ངོམ་པ་འདིས་མཚོན་མི་འདུག་གམ། བསམ་བློའི་མིག་རྒྱང་དང་ནུས་པའི་འཇོན་ཐང་གང་ཡང་མེད་པའི་རང་རེའི་མི་བུ་སྐོར་ཅིག་གིས་ནང་ཆོས་ནི་རིག་གནས་རྙིང་བ་དང་རང་རིགས་ཡར་རྒྱས་ཀྱི་བཀག་རྡོ་སྟེ་མིའི་བསམ་བློ་ལ་ཚོད་འཛིན་བྱེད་པའི་ལག་ཆ་ལྟ་བུ་ཡིན་པར་གླེང་བ་ནི་རང་ཉིད་ནང་ཆོས་ལ་རྒྱུས་མངའ་ཅུང་ཙམ་མེད་པའི་ནང་བརྙན་ཕྱི་ལ་སྟོན་པར་ཟད་དེ། ནང་བའི་གཞུང་ལུགས་རྣམས་ལས། སྐལ་ལྡན་ཤེས་རབ་ཅན་དག་ལ་མིག་རྒྱང་དང་སེམས་རྒྱ་བསྐྱེད་དགོས་པའི་འབོད་སྐད་རབས་དང་རིམ་པ་ཇི་འདྲའི་མང་པོ་བསྒྲགས་ཡོད་པ་རྣམ་དཔྱོད་ཅན་དག་ལ་མང་དུ་བཤད་ཅི་དགོས། དེར་བརྟེན་ངས་རྟོན་བཞིའི་སྒོ་ནས་བླང་དོར་ལ་འཇུག་ཚུལ་རང་གི་འཆར་སྣང་དང་འབྲེལ་ཏེ་ཅུང་ཙམ་གླེང་ན་བསམ་བྱུང་། དེ་ཡང་རྒྱན་སྟུག་གི་མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་པའི་ཚིག་བཅད་འདིས་རྟོན་བཞི་བསྟན་ཏེ། ང་ཞེས་པ་དང་གུས་ཕྱིར་མིན་ཞེས་པ་གཉིས་ཚོགས་ཀྱིས་ང་ལ་གུས་པ་རྒྱུ་མཚན་དུ་བྱས་ཏེ་ངའི་གསུངས་ཚད་ཁས་ལེན་དགོས་པའི་ངེས་པ་མེད་པར་གསུངས་པས་གང་ཟག་ལ་མི་རྟོན་པ་དང་། ང་ཡི་བཀའ་བླང་བར་བྱ་ཞེས་པས་གང་ཟག་དང་གསུང་གཉིས་ལས་གསུང་ཚད་མར་བཟུངས་ནས་ཉམས་སུ་ལེན་དགོས་པར་གསུངས་པས་ཆོས་ལ་རྟོན་པ་དང་། ང་ཡི་བཀའ་ཞེས་པ་དང་། གུས་ཕྱིར་མིན་ཞེས་པ་གཉིས་ཚོགས་ཀྱིས་བཀའ་ལས་གསུངས་ཚད་སྒྲས་ཟིན་ལྟར་འཛིན་མི་རིགས་པར་གསུངས་པས་ཚིག་ལ་མི་རྟོན་པ་དང་། བརྟགས་ལ་བླང་བར་བྱ་ཞེས་པས་དོན་ལ་རྟོན་པ་དང་། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ཞེས་པས་དཔེ་དང་སྦྱར་ཏེ་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་དང་། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་སྟེ་རྟོན་པ་བཞི་བསྟན་ལ། དེ་ཡང་ཁ་ཇེ་གསལ་དུ་བཏང་སྟེ་བཤད་ན། མཚན་སྙན་དང་གོ་གནས་དབང་ཐང་སོགས་ཕུན་སུམ་ཚོགས་པའི་གང་ཟག་ཞིག་ཡིན་པའི་རྒྱུ་མཚན་གྱིས་དེས་བཤད་པ་ལྟར་ཁས་ལེན་རྐྱང་མིན་པར་རིགས་པས་བརྟགས་ཏེ་འཇུག་ལྡོག་བྱེད་དགོས་པ་ནི་རྟོན་པ་དང་བོའི་གོ་དོན་དང་། ཚིག་ཟིན་གྱི་འབྲུ་ལེགས་པར་སྦྱར་་བ་ལ་མ་བལྟས་པར་དོན་གྱི་ལེགས་ཉེས་ལ་རིགས་པ་ཕྲ་མོས་དཔྱད་དེ་འདོར་ལེན་བྱེད་དགོས་ནི་རྟོན་པ་གཉིས་པའི་གོ་དོན་དང་། སྒྲས་ཟིན་སྒྲ་ཇི་བཞིན་པ་ལ་རིགས་པས་གནོད་པ་འབབ་པ་དཔེར་ན། གང་ཟག་གི་བདག་ཡོད་པར་སྟོན་པའི་མདོ་དང་། མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་སོགས་རེ་ཞིག་གདུལ་བྱ་ཁ་འདྲེན་པའི་ཆེད་དུ་གསུངས་པ་ཤེས་ནས་སྒྲས་ཟིན་ལྟར་མི་འཛིན་པར་ངེས་དོན་དགོངས་པ་གཞན་དུ་འགྲེལ་རྒྱུ་ཡོད་པ་ལྟར་ཁས་ལེན་དགོས་པ་ནི་རྟོན་པ་གསུམ་པའི་དོན་དང་། འཕྲལ་ཕུགས་ཀྱི་འཁྲུལ་རྒྱུ་ཅི་རིགས་ཀྱིས་བསླད་པའི་གང་ཟག་ཐ་མལ་བའི་དབང་ཡིད་ཀྱི་རྣམ་ཤེས་ལ་མི་རྟོན་པར་ཉམས་མྱོང་དང་གོ་རྟོགས་མཐོན་པོར་གཤེགས་པའི་འཕགས་པའི་མཉམ་བཞག་རྣམ་པར་མི་རྟོགས་པའི་ཡེ་ཤེས་ལ་ཡིད་རྟོན་པ་ནི་རྟོན་པ་བཞི་བའི་གོ་དོན་ནོ།།

      སངས་རྒྱས་ཐུགས་རྗེས་ཅན་གྱིས་ང་ཚོ་ལ་རྟོན་བཞི་གསུངས་པའི་དགོས་པ་ནི་ང་ཚོ་རྗེས་འཇུག་གདུལ་བྱ་རྣམས་གཞན་གྱི་གཡོ་འོག་ཏུ་མི་ཚུད་པའི་ཆེད་ཡིན་ཞེས་གླེང་ན་ཐལ་མི་ཆེ་སྙམ། སོ་སོའི་ཁེ་ཕན་གྱི་ཆེད་དུ་གཡོ་རྒྱུ་ཁྲམ་གསུམ་གྱིས་གཞན་དག་མགོ་སྐོར་གཏོང་བ་ལ་གང་མཁས་མཁས་རྣམས་ནུས་ལྡན་དང་འཇོན་ཐང་ཅན་དུ་རྩི་བའི་དེང་དུས་འདིར་རྟོན་བཞིའི་ཆོས་སྐོར་འདི་སེར་སྐྱ་ཕོ་མོ་དང་ཆོས་རྒྱུད་མི་རིགས་སོགས་ཀྱི་དབྱེ་བ་མེད་པར་རྒྱུད་ལྡན་གྱི་འཚོ་བའི་ཁྲོད་དུ་ཁ་བཤད་ཙམ་མིན་པར་ལག་ལེན་དངོས་ལ་འབད་ཐུབ་ན་འཕྲལ་ཕུགས་ཀྱི་བྱ་བ་ཅི་བྱས་ལམ་འགྲོ་འོང་ངེས་དང་། རང་བདེ་གཞན་ཕན་གྱི་ཞི་བའི་སྒོ་བརྒྱ་ཡངས་པོར་འབྱེད་ཐུབ་མོད། འོན་ཀྱང་ང་ཚོ་ཡིད་སྐྱོ་དགོས་པ་ཞིག་ལ་འཛམ་གླིང་རིལ་མོ་འདིའི་སྟེང་མི་བུ་བརྒྱ་ཆ་དགུ་བཅུ་ནི་དེ་ལས་ལྡོག་སྟེ་ཆོས་ལ་མི་རྟོན་གང་ཟག་མཚན་སྙན་གྲགས་ཅན་ལ་ཞེན། དོན་ལ་མི་རྟོན་ཚིག་རིས་སྙན་པའི་རྗེས་སུ་འབྲངས། ངེས་དོན་ལ་མི་རྟོན་དྲང་དོན་སྒྲས་ཟིན་དགོངས་པར་འཁྲུལ། ཐོས་བསམ་སྒོམ་པའི་དོན་ལ་གསལ་སྣང་རབ་ཀྱི་མཐར་ཐུག་པའི་ཡེ་ཤེས་ལ་མི་རྟོན་དུག་གསུམ་ཤུགས་དྲག་པོས་གཟུར་བའི་ཕལ་བ་རང་རང་གི་རྣམ་ཤེས་ལ་ཤར་ཚད་བདེན་པར་ཞེན་པའི་རྐྱེན་གྱིས་སྡིག་སྡུག་གཏམ་ངན་གྱི་གཡང་ས་རུ་ལངས་མ་གོག་གིས་ད་ལྟའི་བར་དུ་ལུས། གནད་དོན་དེ་ལ་དགོངས་ཏེ།  ཀུན་གཟིགས་པན་ཆེན་བཅུ་བ་མཆོག་གིས། ཤ་ཚ་བའི་གཏམ་བླུན་པོས་བཤད་ཀྱང་གསེར་ཡིན།  གཞི་འཁྲུགས་པའི་གནས་ལུགས་མཁས་པས་གསུངས་ཀྱང་དུག་ཡིན། ཞེས་སྤོབས་པ་ཆེན་པོའི་སྒོ་ནས་ང་ཚོ་ཆོས་སྲིད་གང་ཐད་ལ་རྟོན་བཞིའི་གོ་རྟོགས་སད་པའི་སྟེང་ནས་འཇུག་རྒྱུ་ནི་ཁ་ཚ་དགོས་ཏུག་གི་ལས་དོན་ཉག་གཅིག་ཡིན་ཞེས་བསྐུལ་མ་གནང་བ་མ་ཡིན་ནམ། མདོར་ན་རང་གིས་རང་མི་བསླུ་བའི་ཆེད་དུ་གང་ཟག་མཆོག་དམན་དང་བཟང་ངན་ལ་མ་ལྟོས་བར་མངོན་འདོད་ཀྱི་དོན་ལ་མི་བསླུ་བའམ་ཕན་ཐོགས་ཡོད་ངེས་པ་ཞིག་ཡིན་ན་མཆོག་དམན་སུས་སྨྲས་ཀྱང་ཀུན་གྱིས་བརྩི་དགོས་པ་དང་། ཚོགས་སྡེ་དང་མི་རིགས། ཁོར་ཡུག་དང་རྒྱལ་ཁམས་དཀྲུག་བྱེད་ཀྱི་མཁས་པའི་གསུང་བཤད་ཅིག་ཡིན་ན་ཡང་གད་སྙིགས་ལྟར་ཅིས་ཀྱང་འདོར་དགོས། དོན་དེ་ཡང་ཁ་བཤད་ཙམ་མིན་པར་ལག་ལེན་ངོས་དང་ཐོ་ཐུག་པ་དང་། དེ་ལྟར་ལག་ལེན་དུ་བསྟར་བས་འཕྲལ་ཕུགས་སུ་ཕན་བདེ་འབྱུང་ངེས་པ་དང་། ལས་གང་འབད་བདེ་བླག་ངང་འགྲུབ་ངེས་པ་རྣམས་རྟོན་བཞི་བཤད་པ་དང་ལག་ལེན་བསྟར་བའི་དགོས་པ་ཡིན་པས་ལུང་འདྲེན་དང་དགག་བཞག་གི་སྤྲོས་པ་དོར་ཏེ་ངོ་གདོང་ཙམ་ཞིག་ཕྱི་རབས་དཔྱོད་ལྡན་དག་ལ་དཔྱད་གཞིའི་ལེགས་སྐྱེས་སུ་ཐེ་བོ་དཀོན་སེང་དུ་འབོད་པས་གོ་སླའི་ཚུལ་དུ་སྦྱར་བ་དགེའོ། །

སྨྲས་པ། །

               ཆོས་དང་ཆོས་མིན་འཇུག་ལྡོག་ལས་ལ་རྣམ་དཔྱོད་ཡངས་པའི་ཤེས་རབ་གལ། །

               གནའ་དེང་ཤེས་བྱའི་ལེགས་ཉེས་ཆ་ལ་སྙིགས་དོར་བཅུད་ལེན་ཤེས་པ་གལ། །

               དོན་དང་དོན་མིན་རྣམ་པར་འབྱེད་ལ་རིགས་པའི་ལམ་ནས་ཚོད་དཔག་གལ། །

               གལ་དོན་དེ་གསུམ་ཞེ་ལ་འཆང་བཞིན་མདུན་བསྐྱོད་འདུན་མ་འགྲུབ་པར་ངེས། ། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
tqjw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
49861563
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1