སྦྲང་ཆར་ཚང་གི་དགའ་སྟོན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 12 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »སྦྲང་ཆར་ཚང་གི་དགའ་སྟོན།
སྦྲང་ཆར་ཚང་གི་དགའ་སྟོན།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/5/8ལྟ་ཀློག (2731)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

——《སྦྲང་ཆར》སྤེལ་ནས་ལོ་༣༠འཁོར་བར་རྟེན་འབྲེལ་ཞུ་བ་དང་སྐབས་བདུན་པའི་སྦྲང་ཆར་
རྩོམ་རིག་བྱ་དགའ་གནང་བའི་དགའ་སྟོན་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས།

pic015.jpg

སྤྱི་ཟླ༡༢པའི་ཚེས༢༨ཉིན། 《སྦྲང་ཆར》སྤེལ་ནས་ལོ་༣༠འཁོར་བར་རྟེན་འབྲེལ་ཞུ་བ་དང་སྐབས་བདུན་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་གནང་བའི་དགའ་སྟོན་གྲོས་ཚོགས་ཟི་ལིང་ནས་བསྡུས།
 དུས་རབས་སྔོན་མའི་ལོ་རབས་བདུན་ཅུའི་ལོ་མཇུག བོད་ཀྱི་རིག་གནས་ཡང་དར་ལ་དུས་ཀྱི་མཐུན་རྐྱེན་ཅུང་ལེགས་པོ་ཞིག་སྦྱར་འོང་། སྐབས་དེར་བོད་མི་རིགས་ཀྱི་མ་འོངས་འཕོ་འགྱུར་དང་། བོད་ཀྱི་རིག་གནས་མདུན་ལམ་ལ་སེམས་ཁུར་བྱེད་ཀྱིན་པའི་མི་སྣ་དཔྱོད་ཤེས་ཅན་སྐོར་ཅིག་གིས་《སྦྲང་ཆར》སྤེལ་བར་དངོས་སུ་བརྩོན་ལེན་བྱེད་མགོ་བརྩམས།
དེ་ནས༡༩༨༡ལོར《སྦྲང་ཆར》དངོས་སུ་རྩོམ་སྒྲིག་དང་པར་བསྐྲུན་བྱེད་ཐུབ་པར་གྱུར། རྩོམ་པ་པོ་མང་པོས་དེ་ནི་དུས་རབས་གསར་བའི་རྩོམ་རིག་འཕེལ་རྒྱས་ལ་ཐོབ་པའི་ཐོག་མའི་རྒྱལ་ཁ་ཡིན་པར་བཤད། གང་ལྟར་དེ་རིང་སྟེ། སྤྱི་ཟླ་༡༢པའི་ཚེས༢༨ཉིན་ནི《སྦྲང་ཆར》ལོ་༣༠ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོ་རེད། སྔ་དྲོའི་དུས་ཚོད་བཅུའི་སྟེང་དགའ་སྟོན་གྲོས་ཚོགས་ཀྱི་མགོ་དངོས་སུ་བརྩམས་ཤིང་། 《སྦྲང་ཆར》ཚང་ལ་ཕེབས་པའི་མགྲོན་པོར་མཚོན་ན་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་དང་། 《སྦྲང་ཆར》གྱིས་བགྲང་བྱ་སུམ་ཅུའི་རིང་རེ་བའི་སེམས་ཀྱིས་བསྐྱངས་པའི་བོད་ཀྱི་རྩོམ་པ་པོ་འཐུས་ཚབ་དག་ཡོད། གྲོས་ཚོགས་ཡུལ་དངོས་ལ་ཕེབས་པའི་རྩོམ་པ་པོ་སྐོར་ཅིག་གིས་《སྦྲང་ཆར》གྱིས་བསྐྱངས་པའི་བོད་ཀྱི་རྩོམ་པ་པོ་དེ་དག་ནི་དུས་རབས་གསར་བའི་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ལམ་སྟོན་པ་དང་སྣེ་ཁྲིད་པ་རེད་ཟེར་བ་མ་ཟད། ད་དུང་མུ་མཐུད་ནས་ཁོ་ཚོ་དང་ཁོ་ཚོ་ལྟ་བུའི་མི་རིགས་ཀྱི་རྩོམ་པ་པོ་མང་པོ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འཚར་ལོངས་འབྱུང་བར་བྱ་རྒྱུ་ནི《སྦྲང་ཆར》ལ་བཏོན་མ་འོངས་པའི་རེ་བ་ཉག་གཅིག་ཡིན་ཟེར།
《སྦྲང་ཆར》སྤེལ་ནས་ད་ལྟའི་བར་ཁྱོན་བསྡོམས་དེབ་༡༢༣པར་དུ་བསྐྲུན་པ་དང་། དེའི་ཁྲོད་རྩོམ་པ་པོ་༡༠༠༠ལ་ཉེ་བས་བརྩམས་པའི་རྩོམ་ལུས་མི་འདྲ་བའི་བརྩམས་ཆས་༧༠༠༠ལྷག་བཀོད་ཡོད། དེ་དག་ལས་བརྩམས་ཆོས་བརྒྱ་ཕྲག་ལ་ཉེ་བ་ཞིག་རྒྱ་ཡིག་དང་དབྱིན་ཡིག་སོགས་སྐད་ཡིག་གཞན་དུ་བསྒྱུར་ནས་རྒྱལ་ཁབ་ཕྱི་ནང་དུ་སྤེལ། བརྩམས་ཆས་༨༠ལྷག་ལ་ཞིང་ཆེན་དང་རྒྱལ་ཁབ་བཅས་རིམ་པ་ཁག་གི་རྩོམ་རིག་བྱ་དགའ་ཐོབ་ལ། ད་དུང་བརྩམས་ཆས་ཉིས་བརྒྱ་ལྷག་དཔེ་དེབ་སྣ་ཚོགས་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བསླབ་དེབ་ཏུ་བདམས། མདོར་ན་《སྦྲང་ཆར》གྱི་འཚོ་བ་ནི་དུས་རབས་གསར་བའི་བོད་ཀྱི་འཚོ་བ་དང་《སྦྲང་ཆར》གྱི་རེ་བ་ནི་མ་འོངས་པའི་བོད་མི་དམངས་ཀྱི་རེ་བ་རེད།
《སྦྲང་ཆར》གྱིས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་ནུས་པ་ཆེན་པོ་ཞིག་འདོན་རྒྱུར་དམིགས་ནས༡༩༩༤ལོ་ནས་བཟུང་སྦྲང་ཆར་རྩོམ་རིག་བྱ་དགའ་སྟེར་བའི་མགོ་བཙུགས་པར་མ་ཟད། བྱ་དགའ་དེ་ལོ་གསུམ་རེའི་ནང་ཐེངས་གཅིག་སྟེར་རྒྱུ་གཏན་འཁེལ་བྱས་བྱུང་། 《སྦྲང་ཆར》སྤེལ་ནས་ལོ་༣༠ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་སྐབས་འདིར་《སྦྲང་ཆར》ཚང་གིས་སྐབས་བདུན་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་སྟེར་བའི་བྱ་འགུལ་ཡང་དུས་མཉམ་དུ་སྤེལ་སོང་། ཐེངས་འདིའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོ་དང་བརྩམས་ཆས་ནི། བཀྲ་བྷའི་སྒྲུང་གཏམ་《ནས》དང་། ལྷ་བྱམས་རྒྱལ་གྱི་སྒྲུང་《གཏམ་ལམ་གྱི་ཉི་འོད》 སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་གཏམ《མིས་ཁྱི་ལ་རྨུགས་པ་ལྟ་བུའི་གསར་འགྱུར》 སྦྲང་ཆར་དཔྱད་བརྗོད་བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་བདུད་ལྷ་རྒྱལ་ཀྱི《དོན་གྲུབ་རྒྱལ་གྱི་མི་གཞིའི་གས་ཁ་དང་དེས་དེང་རབས་ལ་བྱིན་པའི་བློ་བསྐྱེད》དང་། སྦྲང་ཆར་སྨྱུག་གསར་བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་འབྲོང་ཕྲུག་ལྷ་ཆེན་རྒྱལ་ཀྱི《ངའི་ཕ་ཡུལ་བདའ་ཚང》དང་ཀླུ་བྱམས་རྒྱལ་ཀྱི《འུག་པ་གླེང་བ》བཅས་རེད།
སྦྲང་ཆར་རྩོམ་རིག་བྱ་དགའ་སྟེར་བའི་མགོ་བཙུགས་པ་ནས་ད་ལྟའི་བར་དུ་རྩོམ་པ་པོ་༤༠་ལ་བྱ་དགའ་དེ་ཐོབ་པ་དང་། དེས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་ཡར་སྐུལ་དང་མདུན་སྐྱོད་ཀྱི་ནུས་པ་ཆེན་པོ་ཞིག་བཏོན་ནོ།།

pic002.jpg
འབྲེལ་ཡོད་མགོ་ཁྲིད་ཀྱིས་བྱ་དགའ་གནང་བཞིན་པའི་ཚུལ།

pic011.jpg
རྩོམ་པ་པོ་བཀྲ་བྷ་ལ་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ།

pic012.jpg
རྩོམ་པ་པོ་ལྷ་བྱམས་རྒྱལ་ལ་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ།

pic014.jpg
རྩོམ་པ་པོ་སྒོ་མེ་ཚེ་རིང་བཀྲ་ཤིས་ལ་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ།

pic009.jpg
རྩོམ་པ་པོ་བདུད་ལྷ་རྒྱལ་ལ་སྦྲང་ཆར་དཔྱད་བརྗོད་བྱ་དགའ་ཐོབ།

བདུད་ལྷ་རྒྱལ། བོད་རིགས། དགེ་རྒན་ཆེན་མོ། 1965ལོར་མཚོ་སྔོན་རེབ་གོང་དུ་སྐྱེས། 1976ལོར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་རུ་ཞུགས་ནས་བོད་ཡིག་ལ་ཆེད་དུ་སྦྱངས་ཤིང༌། འབྲིང་རིམ་ཆེད་ལས་པའི་ཐོབ་ཐང་ཐོབ། 1982ལོར་སློབ་གྲྭ་མཐར་ཕྱིན་རྗེས་རེབ་གོང་དཔོན་རི་སྡེ་བ་ཞེས་པའི་ས་མཐའི་སློབ་ཆུང་ཞིག་གི་དགེ་རྒན་བྱས། དགེ་རྒན་གྱི་ལོ་བཞི་བོའི་རིང་བོད་ཀྱི་རིག་གནས་ཤེས་འདོད་ཤུགས་དྲག་ཅིག་གིས་རང་གིས་དཔེ་ཆ་ལྟ་ཞོར་དུ་ཕ་ཡུལ་གྱི་ཆོས་ལུགས་པ་ཞིག་གི་མདུན་ནས་བོད་ཀྱི་ནང་བསྟན་རིག་གནས་ལ་ཟུར་སྦྱང་བྱས་ཏེ། བོད་ཀྱི་རིག་གནས་ཀྱི་བློ་སྒོ་ཕྱེ་ཞིང༌། བོད་ཡིག་གི་རྨང་གཞི་བརྟན་པོ་ཞིག་དེ་ག་ནས་བསྐྲུན།
1986ལོར་ནུབ་བྱང་མི་རིགས་སློབ་གྲྭའི་གྲངས་ཉུང་མི་རིགས་སྡེ་ཁག་ཏུ་སློབ་གཉེར་དུ་ཕྱིན། ལོ་བཞིའི་རིང་འཆར་ཅན་གྱི་སྦྱང་བྱའི་བསླབ་ཚན་ལས་གཞན། མུ་མཐུད་བོད་ཀྱི་ནང་བསྟན་ལ་སྦྱངས་པའི་སྟེང་རིག་གནས་གསར་བ་དང་རྩོམ་རིག་གསར་བར་ཐོག་མར་འབྲེལ་འདྲིས་བྱས། ལོ་རབས་བརྒྱད་བཅུ་བ་ནི་ཀྲུང་གོ་རྒྱལ་ཁབ་སྤྱི་ལ་མཚོན་ན་རིག་གནས་ཀྱི་མཁའ་དབུགས་ཤིན་ཏུ་སྟུག་ཅིང་བསམ་བློའི་འཆར་སྒོ་དྲག་ཏུ་རྒོད་པའི་དུས་རབས་ཤིག་ཡིན་པས། དུས་རབས་འདིས་ཤུགས་རྐྱེན་གྱིས་བོད་ཀྱི་རིག་གནས་ལས་གཞན་དུ་གྱུར་བའི་རིག་གནས་གསར་པར་བློ་ཁ་ཆེས་ཆེར་ཕྱོགས། དེ་ཉིད་གཙོ་བོ་ནུབ་གླིང་མཚན་ཉིད་རིག་པས་སྣ་དྲངས་པ་ཡིན་པས། དུས་དེར་ནུབ་གླིང་མཚན་ཉིད་རིག་པའི་རྨང་གཞིའི་ཤེས་བྱ་ཙམ་ཁོང་དུ་ཆུབ་པར་ཡང་བྱས།
1990ལོར་སློབ་མཐར་ཕྱིན་ནས་སློབ་གྲྭ་རུ་དགེ་རྒན་དུ་བསྐྱུར། 1992ལོར་སློབ་གྲྭ་དེ་དང་སྡེ་ཁག་དེའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང༌། ཆེད་ལས་ཀྱི་ཁ་ཕྱོགས་ནི་བོད་ཀྱི་བརྡ་སྤྲོད་དང་སྙན་ངག་ཡིན། ལོ་གསུམ་པོ་འདིའི་ནང་རྩོམ་རིག་ལ་ཤས་ཆེར་ཞུགས་ལ་སྒོས་སུ་བོད་ཀྱི་སྲོལ་རྒྱུན་སྙན་ངག་དང་སྙན་ངག་གསར་བའི་གཤིབ་བསྡུར་གྱི་མོས་ཤུགས་ཀྱིས་དྲངས་ནས་སྙན་ངག་གསར་བའི་ཕྱོགས་ལ་ཆེད་དུ་སྦྱངས་པ་བྱས། རབ་འབྱམས་པའི་དམ་བཅའི་དཔྱ ད་རྩོམ་ལ《སྙན་ངག་གསར་རྙིང་གཉིས་ཀྱི་ཐོག་མའི་གཤིབ་བསྡུར》ཞེས་པ་བྲིས།
1996ལོར་བོད་ཀྱི་རྩོམ་རིག་ཐད་ཀྱི་སློབ་ཁྲིད་ཅིག་ཉེ་བར་མཁོ་བར་དམིགས་ནས་རྩོམ་རིག་བརྩམས་ཆོས་ཀྱི་སློབ་ཁྲིད་ལ་སྟ་གོན་བྱས་ནས་སློབ་ཁྲིད་ཀྱི་ལས་ལ་ཐེངས་གཅིག་ཞུགས། 1997ལོའི་སྟོན་ཁ་ནས1998ལོའི་སྟོན་ཁ་བར་པེ་ཅིན་དགེ་འོས་སློབ་གྲྭ་ཆེན་མོའི་ཀྲུང་ཡིག་སྡེ་ཁག་རུ་བཅར་འདྲི་མཁས་པའི་མིང་ཐོག་ནས་ཟབ་སྦྱོང་བྱས་ཤིང༌། ཆེད་སྦྱོང་གི་ཁ་ཕྱོགས་ནི་ཀྲུང་གོའི་ད་རབས་རྩོམ་རིག་ཡིན། ལོ་གཅིག་པོ་འདིར་རྩོམ་རིག་གཞུང་ལུགས་ཀྱི་དཔེ་ཆ་མང་བོར་འབྲེལ་འདྲིས་བྱས་ནས། རྩོམ་རིག་དང་སྒོས་སུ་བརྩམས་སྒྲུང་གི་ཕྱོགས་ལ་བློ་སྒོ་ཅུང་ཙམ་ཕྱེ།
2001ལོར་རང་རེའི་སྡེ་ཁག་ལ་དབྱིན་ཡིག་གི་དགེ་རྒན་ཕྱི་གླིང་བ་ཞིག་ཐོན་ནས་དགེ་རྒན་རྣམས་ལའང་སློབ་ཁྲིད་བྱེད་རྒྱུ་ཡིན་པའི་གནས་ཚུལ་གོ་ནས། ལོ་མགོ་ནས་དབྱིན་ཡིག་ལ་གཙིགས་སུ་བཟུང་ནས་སྦྱངས་མགོ་བརྩམས། 2003ལོ་ནས་དབྱིན་ཡིག་ལ་ཤས་ཆེར་སྦྱངས་མགོ་བརྩམས་ནས་ཉིན་གཅིག་གི་སློབ་སྦྱོང་གི་དུས་ཚོད་མང་ཕྱོགས་དབྱིན་ཡིག་གི་ཕྱོགས་སུ་བཀོལ། དུས་མཚུངས་སུ་དཔེ་ཆ་གཞན་ལ་ལྟ་བའི་དུས་ཚོད་ཇེ་ཉུང་དུ་ཕྱིན་ལ། དཔྱད་རྩོམ་འབྲི་ཚད་ཀྱང་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན།
2005ལོར་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་དང་རྩོམ་རིག་གི་འབུམ་རམས་པར་རྒྱུགས་སྤྲད་ནས་འཕྲོད། 2009ལོར<<བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་དང་དེའི་དགག་སྒྲུབ>>ཅེས་པའི་དཔྱད་རྩོམ་བྲིས་ཏེ་འབུམ་རམས་པའི་དམ་བཅའ་བཞག
1990ལོར་སློབ་གྲྭ་ཆེན་མོ་མཐར་ཕྱིན་པ་ནས་ད་རེག་བར《བོད་ཀྱི་དུས་རབས་རིམ་བྱོན་གྱི་རྩོམ་རིག་བརྩམས་ཆོས》ཀྱི་སློབ་ཁྲིད་བྱས་ཤིང༌། 1996ལོ་ནས《བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས》ཀྱི་སློབ་ཁྲིད་བྱས། འདིའི་བར་སྐབས་ཤིག་ལ《བོད་བརྒྱུད་ནང་བསྟན་གྱི་རྨང་གཞིའི་ཤེས་བྱ》ཞེས་པའི་སློབ་ཁྲིད་ཀྱང་ཐེངས་གཉིས་ལ་བྱས། 2002ནས་བཟུང་ཞིབ་འཇུག་སློབ་མའི་སློབ་ཁྲིད་ཀྱང་བྱས་ལ། གཙོ་བོ《རྩོམ་རིག་དཔྱད་བརྗོད》དང༌། 2006ནས་བཟུང《བོད་ཀྱི་རྩོམ་རིག་ཞིབ་འཇུག》ཅེས་པའི་སློབ་ཁྲིད་ཀྱི་མགོ་བཟུང༌།
སློབ་གྲྭ་ཆེན་མོའི་དགེ་རྒན་བྱས་པ་ནས་ད་རེག་བར་གྱི་ལོ་བཅུ་བདུན་གྱི་རིང་གི་རང་གི་ཆེད་ལས་ནི་སྤྱིར་གཅིག་སྡུད་ཅན་ཞིག་ཡིན་ཏེ། གཙོ་བོ་རྩོམ་རིག་དོན་དུ་གཉེར་བ་རེད། ད་རེག་བར་གྱི་ཞིབ་འཇུག་གི་འབྲས་བུ་ཡང་ཕལ་ཆེར་གཅིག་བསྡུས་སུ་འདིའི་ཕྱོགས་ནས་མངོན་ཡོད། འདིའི་ཕྱོགས་ཀྱི་དཔྱད་རྩོམ་ཕལ་ཆེར30ལྷག་སྤེལ་མྱོང་ཞིང༌། <<བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ>>ཞེས་པའི་བསླབ་དེབ་གཅིག་སྒྲིག་རྩོམ་བྱས། བསྒྱུར་རྩོམ་ལ<<ཏུའུ་ཝེ་ནས་སློབ་གསོ་གླེང་བ>>དང༌། <<ཕའེ་གུན་ནས་མི་ཚེ་གླེང་བ>>གཉིས་དང༌། <<ན་གཞོན་རབ་བྱེད>>ཅེས་པའི་དེབ་ཅིག་བསྒྱུར་སྒྲིག་བྱས།
རང་གི་མོས་པའི་སྟབས་ཀྱིས་སྤྱིར་ནུབ་གླིང་མཚན་ཉིད་རིག་པའི་དཔེ་ཀློག་མཚམས་ཆད་མ་མྱོང་ལ། རྗེས་ཕྱོགས་འདིའི་ཐད་ནས་ཀྱང་རང་ནུས་ཤིག་འདོན་བསམ་ཡོད། སྤྱིར་རྩོམ་རིག་དང་མཚན་ཉིད་རིག་པ་དང་ལོ་རྒྱུས་གསུམ་ནི་མི་ཇུས་བསླབ་ཚན་གྱི་ཆེད་ལས་མི་སྣ་སུ་ལ་མཚོན་ནའང་མེད་དུ་མི་རུང་བའི་ཤེས་བྱའི་སྒྲིག་གཞི་ཞིག་ཡིན་པས། འདི་ཉིད་རང་གི་དམིགས་འབེན་དུ་བཟུང་ནས་འདི་གསུམ་གྱི་ཤེས་བྱ་རྒྱུད་ལྡན་གྱི་དགེ་རྒན་ཞིག་བྱ་འདོད་ལ། འདིའི་ཐད་ནས་རང་གི་དགེ་མཚན་མངོན་འདོད་ཡོད།

pic006.jpg

བདུད་ལྷ་རྒྱལ་གྱིས་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོ་རྣམས་ཀྱི་
ཚབ་བྱས་ཏེ་སྤེལ་བའི་གཏམ་བཤད་ནི་གཤམ་གསལ།

འདིར་བཞུགས་ཀྱི་ལྷན་རྒྱས་སྐུ་མགྲོན་རྣམ་པ། ཁྱེད་ཚོ་བདེ་མོ།
དེང་གི་དུས་འདིར་འདོད་པའི་ཡོན་ཏན་དོན་དུ་གཉེར་ཏེ།རྒྱུ་དང་འབྱོར་བ།ནོར་དང་ལོངས་སྤྱོད་འཚོ་བའི་སྙིང་བོ་རུ་བྱེད་པའི་ཟང་ཟིང་གི་དུས་སྐབས་འདིར།ང་ཚོ་གངས་ལྗོངས་བོད་ཡུལ་ནས་རྩོམ་རིག་གི་བྱ་དགའི་འདུ་ཚོགས་འདི་ལྟའི་གཟབ་རྒྱས་ཤིག་སྒྲུབ་བཞིན་པ་འདི་ཇི་འདྲའི་དགའ་འོས་པ་ཞིག་རེད།
དངོས་པོ་དང་དཔལ་འབྱོར་དོན་དུ་གཉེར་བ་འཇིག་རྟེན་བྱ་བཞག་ཀུན་གྱི་ལྟེ་བ་རུ་བྱེད་པ་འདི་དེང་འདིར་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཏུ་གྲུབ་ཚར།འཕེལ་ཕྱོགས་འདིའི་ཤན་ཤུགས་ཀྱིས་ད་ལྟ་བོད་ཡུལ་དུའང་འཕོ་འགྱུར་གསར་བ་བྱུང་ནས་མི་ཚེའི་ལྟ་ཚུལ་གསར་བ་ཞིག་དང༌།རིན་ཐང་ལྟ་ཚུལ་གསར་བའི་ཞིག་བསྐྱེད་བཞིན་ཡོད་ལ།དེའི་འོག་ནས་ད་ལྟ་ཚང་མའི་སེམས་ཀྱི་གཏིང་རིམ་ན་འཇིག་རྟེན་ཕན་ཁེ་རིང་ལུགས(功利主义)ཀྱི་ལྟ་གྲུབ་གསར་བ་ཞིག་ཆགས་བཞིན་ཡོད།དཔལ་འབྱོར་དར་རྒྱས་དང་འབྲེལ་བའི་ཆོས་དངོས་ཡོད་ཚད་བླ་རུ་བཀུར་ཞིང༌།ཕྱིའི་རྒྱུ་ནོམ་ལ་སྐྱབས་སུ་སོང་བས།ནང་སེམས་ཀྱི་ལྟ་རྟོག་དང་གསོ་སྐྱོང་བཏང་སྙོམས་སུ་འགྲོ་བཞིན་ཡོད།འདི་ནི་བོད་མི་རིགས་ཀྱི་ཉེན་ཚབས་གསར་བ་ཞིག་ཡིན་ལ།འདི་ནི་བོད་མི་རིགས་འཛམ་གླིང་གི་ཁྲོད་དུ་ཞུགས་པའི་འབྲས་བུ་ངེས་པ་ཅན་ཞིག་ཡིན་པས།འཛམ་གླིང་གི་དེང་རབས་རང་བཞིན་ལ་ཞིབ་འཇུག་བྱེད་པའི་མཁས་པ་རྣམས་ཀྱིས་འབོད་སྐུལ་གཏོང་བཞིན་པའི་སེམས་ཀྱི་འཚོ་སྐྱོང་དེ།ད་ལྟ་ང་ཚོ་ལ་མཚོན་ནའང་དགོས་གལ་ཇེ་ཆེ་ནས་ཇེ་ཆེ་རེད།དེ་བས་ང་ཚོས་ད་ལྟ་ནས་བཟུང་སྟེ་གོ་སྐབས་མ་འཆོར་བར་བྱ་རྒྱུ་ཤིན་ཏུ་གལ་ཆེ།
ང་ཚོ་བོད་ལ་སྤྱིར་ན་ནང་བསྟན་ཆོས་ལུགས་ཡོད་པས་སེམས་ཀྱི་འཚོ་སྐྱོང་ལ་ཕན་ནུས་ངེས་ཅན་ཡོད་ཀྱང༌།ད་ལྟའི་དུས་རབས་འདི་མ་གཞི་ནས་གསང་བ་དོར(祛魅)ནས་མཐོང་ཆོས་གཙོར་འདོན་གྱི་དུས་རབས་ཤིག་ཡིན་པས།ད་ལྟའི་དུས་དང་འཚམས་པའི་སེམས་པའི་འཚོ་སྐྱོང་གི་བྱ་བཞག་ཅིག་བསྒྲུབ་པར་རྩོམ་རིག་གིས་ནུས་པ་ཆེན་པོ་ཐོན་ཐུབ།
རྩོམ་རིག་གིས་སྤྱི་ཚོགས་འཕེལ་རྒྱས་ལ་ཐད་ཀར་ནུས་པ་འདོན་པ་མིན་ཡང༌།མིའི་རྣམ་ཤེས་ལ་བྱབས་ཁྲུས་དང༌།མི་གཞི་ལ་གསོ་སྦྱོང་བྱས་ཏེ་བདེ་ཐང་གི་མི་བུ་བསྐྲུན་པ་རྩོམ་རིག་གི་བྱེད་འབྲས་ཡིན་པས།རྩོམ་རིག་ལ་དགོས་པ་མེད་པ་གཏན་ནས་མིན།《རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར》ཀློག་ཐེངས་རེར་མིག་ནས་མཆི་མ་འཁྲུགས་པ་དང༌།《མི་ལ་རས་པའི་རྣམ་ཐར》ལ་མཇལ་ཐེངས་རེ་རེར་ལུས་ནས་བ་སྤུ་ལྡང་བ་རྩོམ་རིག་གི་ནུས་པ་རེད།དེ་ལྟར་ཡིད་སེམས་བསྐྱོམ་ཐེངས་རེ་རེར་ང་ཚོའི་སེམས་པ་དང་མི་གཞི་ལ་ལེགས་བཅོས་ཅུང་ཟད་རེ་ཐོབ་པ་ཡིན་པས།ས་རྡུལ་བསགས་པས་རི་རབ་བཞིན་དུ་རྩོམ་རིག་བརྩམས་ཆོས་མང་དུ་བཀླག་པའི་གོ་རིམ་ཁྲོད།རྩོམ་རིག་གིས་ང་ཚོའི་སེམས་རྒྱུད་དང་སྙིང་སྟོབས་ལ་ཤེས་ཚོར་མེད་པའི་ཤན་ཤུགས་ག་ཚོད་ཐེབས་བཞིན་ཡོད་དམ།འཛམ་གླིང་གི་རྩོམ་རིག་སྨྲ་བ་ཆེས་མང་པོ་ཞིག་གིས་རྩོམ་རིག་གི་ཁ་གཏོད་ཡུལ་དང་བྱེད་ནུས་ཉིས་ཆར་ནས་རྩོམ་རིག་དང་ཆོས་ལུགས་འདྲ་མཚུངས་སུ་བྱེད་བཞིན་པ་ལ་གནས་ལུགས་ཆེན་པོ་ཡོད་པ་ཡིན།དེ་བས།《སྦྲང་ཆར》རྩོམ་སྒྲིག་ཁང་གིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་རིག་བྱ་དགའི་བགྱི་བ་འདི་འདྲ་ཞིག་སྤེལ་བ་ནི་ངས་བསམ་ན་མིག་རྒྱང་རིང་ཞིང༌།དོན་སྙིང་ཆེ་བའི་བྱ་བཞག་ཆེན་པོ་ཞིག་རེད་སྙམ།ངས་འདིར་《སྦྲང་ཆར》ཐེངས་བདུན་པའི་རྩོམ་རིག་བྱ་དགའ་ཐོབ་པའི་མི་མགོ་དྲུག་པོའི་ཚབ་བྱས་ནས།སྙིང་ཐག་པ་ནས་གཙོ་སྒྲུབ་འབྲེལ་ཡོད་ལས་ཁུངས་ལ་ཐུགས་རྗེ་ཆེ་ཞུ་བ་དང༌།དུས་མཚུངས་སུ་ཐེངས་འདིའི་སྦྱིན་བདག་བོད་ཁམས་རྒྱན་སྤྲས་ཀུང་ཟི་དང་དཔྱད་འདེམས་པ་རྣམས་ལའང་བཀའ་དྲིན་ཆེ་ཞུ་བ་ཡིན།
ང་རང་ཉིད་ཀྱི་ངོས་ནས་བཤད་ན།སྤྱིར་རང་གི་དཔྱད་བརྗོད་ཀྱི་གྲུབ་འབྲས་ལ་འདི་འདྲའི་བྱ་དགའ་ཞིག་ཐོབ་རི་མིན་བཤད་དཀའ་ཡང༌།སེམས་གཏིང་ནས་དགའ་སྤྲོ་ཆེན་པོ་སྐྱེ་བ་ཡིན།རྒྱུ་མཚན་ནི།ངས་བོད་ཀྱི་རྩོམ་རིག་དཔྱད་བརྗོད་ཀྱི་བྱ་བའི་ཐད་སྟོབས་ཤུགས་མང་པོ་ཕུད་མྱོང་ལ།ལྷག་པར་དུ་བསམ་པ་རྣམ་དག་ཡིན་པས།ཐེངས་འདིའི་བྱ་དགའ་འདི་ངའི་རྩོལ་བ་ཡི་གླ་རྔན་ནམ་ཁས་ལེན་ཞིག་ཡིན་པས།ང་རང་དགའ་བ་ཆེ།
རང་གི་བྱ་བ་འདིར་ཕྱིར་བལྟས་ཤིག་བྱེད་ན།ང་རང་རྩོམ་རིག་ལ་ཞུགས་པའི་དུས་ནི་ལོ་རབས་བརྒྱད་ཅུ་བའི་ནང་ཡིན།སྐབས་དེར་ཀྲུང་གོའི་རྩོམ་རིག་གི་མཁའ་དབུགས་ནི་ཆེས་སྟུག་པོ་ཞིག་ཡིན་ལ།བོད་ལ་མཚོན་ནའང་དེ་བཞིན་རེད།ཡིན་ན་ཡང་རང་ཉིད་སློབ་ཆེན་དུ་མ་ཞུགས་གོང་རྩོམ་རིག་གསར་བ་ལ་བློ་སྦྱོང་སྤུ་ཙམ་མེད་པས།སྐབས་དེར་ང་རང་ལ་མི་ཤེས་པའི་སྡུག་བསྔལ་ཆེན་པོ་ཞིག་སྐྱེས།དེའི་སྒོ་ནས་ཤེས་འདོད་ཀྱི་འདུན་པ་དྲག་པོ་ཞིག་སྐྱེ་བ་མ་ཟད།རང་དང་འདྲ་བའི་རྩོམ་རིག་གསར་བ་ལ་བློ་སྦྱོང་མེད་པ་དེ་དག་ལ་རྩོམ་རིག་གསར་བ་མཚམས་སྦྱོར་ཞིག་བྱེད་ཐུབ་ན་སྙམ་པའི་ཀུན་སློང་འང་སྐྱེ་མྱོང༌།དེ་ནས་རྒྱ་ཡིག་གི་སྟེང་ནས་རྩོམ་རིག་བརྩམས་ཆོས་དང་དཔྱད་བརྗོད་གཉིས་སྦྲགས་ཏེ་བལྟས་པས་རྩོམ་རིག་གི་འཇུག་ངོགས་རབ་རིབ་ཅིག་བདག་གིས་རྙེད།
ང་རང་རྩོམ་རིག་དཔྱད་བརྗོད་ཀྱི་ལས་དངོས་ལ་ཞུགས་པ་ལོ་རབས་དགུ་བཅུ་བའི་ནང་ཡིན་ལ།དེ་ཉིད་ངའི་སློབ་ཁྲིད་ཀྱི་བྱ་བ་དང་ཐད་ཀར་འབྲེལ་ནས་ཡོད།ལོ་རབས་དགུ་བཅུ་བའི་ནང་ང་རང་སློབ་ཆེན་གྱི་དགེ་རྒན་ཞིག་ཏུ་གྱུར་བའི་ཉིན་ཞིག་གི་སློབ་ཚན་འཛུགས་སྐྲུན་གྱི་ཁ་བརྡའི་ཁྲོད་ནས།ངས་རྩོམ་རིག་གསར་བའི་སློབ་ཁྲིད་ཀྱི་གལ་ཆེན་རང་བཞིན་མང་པོ་ཞིག་བཤད་པར།སློབ་དཔྱོད་ཁང་གི་ཀྲུའུ་རིན་ནས་ད་སྔ་ཁྲིད་མཁན་ཡོད་པ་མ་རེད།དེ་ན་ཁྱོད་ཀྱིས་འཁྲིད་དང་ཅེས་པས་དེ་ནས་བཟུང་སྟེ་ང་རང་གིས་སློབ་ཁྲིད་གྲ་སྒྲིག་དང་སློབ་དེབ་རྩོམ་སྒྲིག་གི་སྟ་གོན་གྱི་མགོ་བརྩམས་ཏེ།1996ལོར་བོད་ཀྱི་རྩོམ་རིག་གསར་བའི་སློབ་ཁྲིད་ཀྱི་མགོ་དངོས་སུ་བརྩམས།སློབ་ཁྲིད་དང་འབྲེལ་ཏེ་རྩོམ་རིག་གསར་བའི་དཔྱད་བརྗོད་ཀྱང་འབྲི་མགོ་བརྩམས།དེས་ཕྱོགས་གཅིག་ནས་སློབ་ཁྲིད་ཀྱི་སྤུས་ཀ་ལ་མཐོར་འདེགས་ཡོང་བར་བརྔོ་ཐོགས་ལ།ཕྱོགས་གཞན་ཞིག་ནས་བོད་ཀྱི་ཀློག་པ་པོ་རྣམས་ལ་རྩོམ་རིག་གསར་བའི་ངོ་སྤྲོད་ཐན་ཐུན་ཞིག་ཐོབ་སོང་སྙམ།
བདག་གི་ད་བར་ཀྱི་དཔྱད་བརྗོད་དེ་དག་སྤྱིར་ན་རྩོམ་པ་པོའི་གསར་རྩོམ་ལ་གཞོལ་ཆེ་བ་འམ།ཡང་ན་ཀློག་པ་པོའི་ངོ་སྤྲོད་ལ་གཞོལ་ཆེ་བས་ངས་བསམ་ན་སྤྱིར་གཞུང་ལུགས་ཀྱི་ཆུ་ཚད་དམའ་ཞིང༌།ཆོས་ཉིད་ཀྱི་ཕྱོགས་སྡོམ་ཞན་པས་དཔྱད་བརྗོད་ཀྱི་ཆུ་ཚད་མཐོན་པོར་སླེབས་ཡོད་པ་མ་རེད།རང་ལ་མཚོན་ན་ད་དུང་མཐོར་འདེགས་ཀྱི་ས་སྟོང་ཆེན་པོར་ཡོད་པ་རེད།
ཐེངས་འདིའི་བྱ་དགའ་ནི་བདག་ལ་མཚོན་ན།འདས་པའི་ཁས་ལེན་ཞིག་ཡིན་པ་མ་ཟད།ལྷག་པར་དུ་མ་འོངས་པའི་སྐུལ་འདེད་ཅིག་ཡིན་པས།བྱ་དགའ་འདི་ང་ལ་མཚོན་ན་ལྕི་ལ་སྦྲམ།དེ་བས།རྗེས་སོར་ངས་མུ་མཐུད་དུ་རྩོམ་རིག་དཔྱད་བརྗོད་ཀྱི་ལས་ལ་འབད་དེ།ཐེངས་འདིའི་བྱ་དགའ་ལ་ངོ་གནོང་མི་དགོས་པ་ཞིག་དང༌།བྱ་དགའ་སྟེར་མཁན་གྱི་ལས་ཁུངས་ལ་རྩིས་འཕྲོད་པ་ཞིག་བྱ་རྒྱུའི་ཆོད་སེམས་བདག་ལ་ཡོད།འདི་ནི་ཐེངས་འདིའི་བྱ་དགའ་ཐོབ་མཁན་གྱི་མི་མགོ་དྲུག་པོའི་ཐུན་མོང་གི་བསམ་ཚུལ་ཀྱང་ཡིན།

མཐར།བོད་ཀྱི་རྩོམ་རིག་གི་བྱ་བཞག་དར་ཞིང་རྒྱས་པར་ཤོག། བཀའ་དྲིན་ཆེ།

pic013.jpg
རྩོམ་པ་པོ་འབྲོང་ཕྲུག་ལྷ་ཆེན་རྒྱལ་ལ་སྦྲང་ཆར་སྨྱུག་གསར་བྱ་དགའ་ཐོབ།

འབྲོང་ཕྲུག་ལྷ་ཆེན་རྒྱལ། ཉིས་སྟོང་གཉིས་ལོར་ཧུའུ་པེ་ཧྲ་ཡང་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན།
ཉིས་སྟོང་གཉིས་ནས་བཟུང་།སྔ་རྗེས་སུ་སྦྲང་ཆར་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ། གངས་རྒྱན་
མེ་ཏོག མཚོ་སྔོན་བོད་ཡིག་ཚགས་པར་སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་
ཚགས་པར་དག་ཏུ་སྙན་ངག་དང་སྒྲུང་གཏམ། ལྷུག་རྩོམ་སོགས་རྩོམ་སྣ་མང་པོ་
བཀོད་ཡོད།ཉིས་སྟོང་བཞི་ལོར་སྙན་དེབ་ཐོག་མ་ཆང་དང་སྙན་ངག་གི་
མཚན་མོ་ཞེས་པ་པར་ཏུ་བཏབ།

pic010.jpg
རྩོམ་པ་པོ་ཀླུ་བྱམས་རྒྱལ་ལ་སྦྲང་ཆར་སྨྱུག་གསར་བྱ་དགའ་ཐོབ།

ཀླུ་བྱམས་རྒྱལ། སྨྱུག་མིང་ལ་ཁུ་བྱུག་སྔོན་མོ་འབོད།ཉིས་སྟོང་བདུན་ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན།
སྔ་རྗེས་སུ་སྦྲང་ཆར་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ། གངས་རྒྱན་མེ་ཏོག མཚོ་སྔོན་བོད་ཡིག་
ཚགས་པར། མཚོ་སྔོན་ཁྲིམས་ལུགས་ཚགས་པར་སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་
དག་ཏུ་སྙན་ངག་དང་སྒྲུང་གཏམ། ལྷུག་རྩོམ་སོགས་རྩོམ་སྣ་མང་པོ་བཀོད་ཡོད།ཉིས་སྟོང་བདུན་ལོར་
སྙན་དེབ་ཐོག་མ་ཙོང་ཆུའི་འགྲམ་གྱི་སྙན་ངག་ཅེས་པ་པར་ཏུ་བཏབ།
pic003.jpg
སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆས་ཀྱི་རྩོམ་སྒྲིག་པ་བཀྲ་དོན་དང་ཚེ་རིང་མཁར།
ཆོས་སྐྱོང་། མཁའ་འགྲོ་ཚེ་རིང་བཅས་ལ་རྩོམ་སྒྲིག་ལེགས་པའི་བྱ་དགའ་གནང་བ།

pic004.jpg
《སྦྲང་ཆར》རྩོམ་སྒྲིག་གི་བྱ་བ་ལས་ནས་ལོ༢༠འགོར་བའི་རྩོམ་སྒྲིག་པ་བསོད་ལོ་དང་བཀྲ་དོན།
ཚེ་རིང་མཁར་བཅས་མི་གསུམ་ལ《སྦྲང་ཆར》རྩོམ་སྒྲིག་ཁང་གིས་
བྱས་རྗེས་དང་དྲིན་ལན་མཚོན་པའི་བྱ་དགའ་གནང་བ།

pic008.jpg
《སྦྲང་ཆར》 གྱི་མ་འོངས་པ་སྔར་ལས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96yc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
48561324
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1