བོད་ཀྱི་མཛངས་བློན་བདུན་པོ་གང་དག་ཡིན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 8 ཚེས 6 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» ཡུལ་སྐོར་ཟིན་ཐོ་དང་བཏུས་རྩོམ། »བོད་ཀྱི་མཛངས་བློན་བདུན་པོ་གང་དག་ཡིན།
བོད་ཀྱི་མཛངས་བློན་བདུན་པོ་གང་དག་ཡིན།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/22ལྟ་ཀློག (8512)རྩོམ་ཁུངས: 

 

སྤུར་རྒྱལ་བོད་ཀྱི་མཛངས་བློན་མི་བདུན་ཞེས་སྙན་པའི་གྲགས་པ་ས་སྟེང་དུ་ཁྱབ་པའི་དང་པོ་ནི། སྟོད་ཀྱི་སྟེང་གཉིས་ཞེས་གྲགས་པའི་ཕྱི་མ་སྤུ་དེ་གུང་རྒྱལ་གྱི་བློན་པོ་རུ་ལས་སྐྱེས་བྱ་བ་དེ་ཡིན་ལ། ཁོང་གིས་མཛངས་པའི་ལས་སུ་ཤིང་བསྲེགས་པའི་སོལ་བས་རྡོ་བཞུས་ནས་གསེར་དངུལ་ཟངས་ལྕགས་སྦྱངས། ཤིང་ལ་མིག་ཕུག་ནས་གཤོལ་དང་གཉའ་ཤིང་བྱས། ས་གཞི་བརྐོས་ནས་ཕུ་ཆུ་ཡུར་ལ་དྲངས། རྨོན་དོར་བསྡེབས་ནས་སྤང་ཐང་ཞིང་དུ་རྨོས། དྲག་ཏུ་འབབ་པའི་ཆུ་ལ་ཟམ་པ་བཙུགས་ཤིང་རྨོས་པའི་ལོ་ཏོག་འདི་བའི་རིང་ལ་བྱུང་།

  འཕྲུལ་བློན་མཛངས་མི་གཉིས་པ་ནི། ལེགས་དྲུག་གི་ཐོག་མ་ཨི་ཤོ་ལེགས་ཀྱི་བློན་པོ་རུ་ལས་སྐྱེས་ཀྱི་བུ་ལྷ་བུ་མགོ་དཀར་བྱ་བ་དེ་ཡིན་ལ། ཁོང་གིས་ཞིང་ལ་དོར་ཁ་བརྩི་བ་དང་། འབྲོག་ལ་ཐུལ་རྩིས། ཕུ་ཆུ་ཡུར་བར་འདྲེན་པ་བཅས་ཀྱི་སྲོལ་བཏོད་པར་མ་ཟད་ཞིང་ཆུ་མ་རྨོ་བའི་མགོ་ཡང་ཁོང་གི་རིང་ལ་བརྩམས་པར་གྲགས།

  འཕྲུལ་བློན་མཛངས་མི་བདུན་གྱི་གསུམ་པ་ནི། སྟག་རི་གཉན་གཟིགས་ཀྱི་བློན་པོ་ཁྲི་ངོར་སྣང་བཙུན་མོང་གི་བུ་ཡིན་ལ། འདི་བའི་རིང་ལ་བྲེ་ལ་ཕུལ་སྲང་གསུམ་དང་ཚོང་ལས་དར་བར་བཤད།

  འཕྲུལ་བློན་མཛངས་མི་བདུན་གྱི་བཞི་བ་ནི། འཕྲུལ་གྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཆོས་བློན་ཐོནམི་སམ་བྷོ་ཊ་སྟེ། ཁོང་གིས་བོད་ཡིག་ཐོག་མར་གསར་བཟོ་མཛད་ཅིང་བོད་ཡུལ་མུན་པའི་གླིང་འདི་རིག་པའི་ཉིན་བྱེད་ཀྱིས་གསལ་བར་བྱས།

  འཕྲུལ་བློན་མཛངས་མི་བདུན་གྱི་ལྔ་བ་ནི། སྲོང་བཙན་གྱི་བློན་པོ་ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུ་ཡིན་ལ། ཁོང་གིས་རི་ཁྱིམ་ཀླུང་དུ་ཕབ། སྤོ་མཐོའི་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས་པས་བོད་ཀྱི་གྲོང་ཁྱེར་གྱི་ཐོག་མ་ཡང་དུས་སྐབས་འདི་ནས་བྱུང་བར་གྲགས།

  འཕྲུལ་བློན་མཛངས་མི་བདུན་གྱི་དྲུག་པ་ནི། ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་མགོས་ཁྲི་བཟང་ཡབ་ལྷག་བྱ་བ་དེ་ཡིན་ལ། བློན་པོ་འདིས་གསོས་ཐང་སྟོང་ཐང་སོགས་ཁྲིམས་ཀྱི་བྱང་བུ་དགུ་གཏན་ལ་ཕབ་ཅིང་བོད་ཀྱི་ཁྲིམས་ཀྱི་ཐོག་མ་འདི་ནས་དར་བར་གྲགས།

  འཕྲུལ་བློན་མཛངས་བློན་མི་བདུན་གྱི་བདུན་པ་ནི། ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་སྟག་བཙན་གདོང་གཟིགས་བྱ་བ་དེ་ཡིན་ལ། བློན་པོ་འདིའི་སྐུ་རིང་ལ་འབངས་མི་ཁྱིམ་རེ་ལ་རྟ་མཛོ་བ་གསུམ་སོགས་ཆ་སྙོམས་སུ་བགོས་ཤིང་། དབྱར་གྱི་རྩྭ་བྲེགས་ནས་བསྐམས་རྗེས་དགུན་དུས་ཕྱུགས་ཀྱི་གཟན་དུ་བྱེད་པའི་སྲོལ་བཏོད་ཅེས་དེབ་སྔོན་དུ་གསུངས།

                     ཤེས་རབ་རྒན་པོའི་འབེལ་གཏམ ལས་དྲངས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
49642369
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1