སྤྱང་ལྟོགས་ཁྲིད་རྒོད།
དགའ་བ་འབུམ་གྱིས་མྱོས་པའི་ནངས་མོ་དེར།
སེམས་པ་ངག་ལ་བཀུག་པའི་ནངས་མོ་དེར།
ཁྱོད་རང་མཚོ་མོ་བཞིན་ངང་གིས་འཁྱིལ་ལ།
ང་རང་ངང་མོ་བཞིན་དལ་གྱིས་འཁོར་བྱུང༌།
སྙིང་ཉེ་མ།
རླུང་བུ་གཡུག་གི་མྱི་ཁ་ཅི་ལྟར་འཁོར་ཡང༌།
ཙག་བསེར་བུ་ཡིས་འཕྱ་དམོད་ཅི་ལྟར་བྱས་རུང༌།
ཁྱོད་རང་སྔར་བཞིན་ང་ཡི་མངའ་ཐང་ཡིན་ལ།
ང་རང་སྔར་བཞིན་ཁྱོད་ཀྱི་འཁེན་ས་ཡིན།
སྙིང་ཉེ་མ།
ཉིན་མོ་དེའི་འཛུམ་མདངས།
མཚན་མོ་འདིའི་འཁྲེང་སེམས་ཡིན་ལ།
སེམས་པ་དེའི་རྒྱབ་ལྗོངས།
དེ་རིང་གི་སེམས་གཏམ་ཡིན།
སྙིང་ཉེ་མ།
ཆུ་རྨ་ཆུ་སྐམ་རག་བར་དུ།
སའི་གོ་ལ་མ་འཇིག་བར་དུ།
ཁྱོའི་ལག་ཟུང་དེ་ངའི་བྲང་ཁ་ན་ཡོད་ལ།
ངའི་རྒྱབ་གཟུགས་དེའང་ཁྱོད་ཀྱིས་ཡིད་ལ་འཛིན་རོགས།
༢༠༡༠ལོའི་རིག་གནས་ཡར་སྤེལ་ལས།
|