འབྲིང་རྒྱུགས་དང་མཐོ་རྒྱུགས་ལེན་ལ་ཉེ་བ་དང་།རྒྱ་ཆེ་བའི་རྒྱུགས་ཞུགས་སློབ་མ་དང་མང་ཚོགས་ཚོར་སེམས་བདེ་མོའི་བཟའ་བཏུང་ཁོར་ཡུག་ཅིག་བསྐྲུན་པ་དང་།འབྲིང་རྒྱུགས་དང་མཐོ་རྒྱུགས་བདེ་ལེགས་ངང་ལེན་པར་འགན་སྲུང་བྱེད་ཆེད།ཉེ་སྔོན་གསར་འགོད་པས་ཟས་རིགས་སྨན་རྫས་ལྟ་ཞིབ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།རང་ཞིང་གིས་འབྲིང་རྒྱུགས་དང་མཐོ་རྒྱུགས་སྐབས་ཀྱི་བཟའ་བཏུང་ཐད་ཀྱི་ཞབས་ཞུ་དང་ཟས་རིགས་བདེ་འཇགས་ལྟ་ཞིབ་བྱ་བར་ཤུགས་སྣོན་པའི་ཐད་ལ་རེ་བ་བཏོན།
རྒྱུས་ལོན་བྱུང་བ་ལྟར་ན།ཟས་རིགས་བདེ་འཇགས་ལྟ་ཞིབ་སྡེ་ཁག་གིས་རང་འགུལ་གྱིས་ས་གནས་ཀྱི་འཕྲོད་བསྟེན་སྡེ་ཁག་དང་སློབ་གསོའི་སྡེ་ཁག་བར་གྱི་ཕྱོགས་མང་པོའི་ཐད་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས། ནུས་ཤུགས་གཅིག་བསྡུས་ཀྱིས་སློབ་གྲྭའི་ཇ་ཁང་དང་རྒྱུགས་ཞུགས་སློབ་མ་འདུག་ས་དང་སློབ་གྲྭའི་མཐའ་བསྐོར་གྱི་བཟའ་བཏུང་ལས་ཁུངས།ལྷག་པར་དུ་ཟ་ཁང་ཆུང་བའི་བཟའ་བཏུང་ཞབས་ཞུའི་ཟས་རིགས་བདེ་འཇགས་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་དང་བརྟག་དཔྱད་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་པ་དང་།གཙོ་བོར་རྒྱུགས་ཞུགས་སློབ་མའི་བཟའ་བཏུང་ཞབས་ཞུའི་འགན་ཁུར་དང་ལེན་བྱས་ཡོད་པའི་བཟའ་བཏུང་ཞབས་ཞུའི་ལས་ཁུངས་ལ་འཛིན་བྱང་ཡོད་མེད་དང་།ཞབས་ཞུའི་མི་སྣའི་ལུས་ཕུང་བདེ་ཐང་ཡིན་མིན།ཟས་རིགས་རྒྱུ་ཆ་ཉོ་བ་དང་དེ་གསོག་ཉར།ལས་སྣོན་བྱས་པ་སོགས་གོ་རིམ་ཁྲོད་ཀྱི་ཟས་རིགས་བདེ་འཇགས་གནས་ཚུལ་སོགས་ལ་བརྟག་དཔྱད་བྱེད་རྒྱུ་ཡིན་པ་མ་ཟད།གཏན་ཁེལ་དུས་ཡུན་ལས་བརྒལ་ནས་རུལ་ཡོད་པ་དང་།དུག་ལྡན་ཟས་རིགས་ལས་སྣོན་བྱས་པར་བཀག་འགོག་ནན་མོ་བྱེད་པ་དང་།ཟས་རིགས་མིན་པའི་དངོས་རྫས་སྤྱོད་པ་དང་ཟས་རིགས་ཀྱི་སྦྱོར་རྟ་རང་དགར་སྤྱོད་པར་བཀག་འགོག་ནན་མོ་བྱེད་པ།ཕྱུགས་དང་བྱ་རིགས་ཀྱི་ཤི་ཤ་དང་དེའི་བཟོས་བའི་ཟས་རིགས་སོགས་བཀོལ་བར་བཀག་འགོག་ནན་མོ་བྱེད་རྒྱུ་རེད།ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་ཞིབ་དོ་དམ་ཅུའུ་ཡིས་ལྷག་པར་རྒྱུགས་ཞུགས་སློབ་མར་འོས་མཐུན་གྱི་ཟ་མ་ཟ་བ་དང་།མི་གཙང་བ་དང་དུས་འགོར་བའི་ཟས་རིགས་མི་ཟ་བ།ཚོང་གཉེར་འཛིན་བྱང་མེད་པའི་ཟ་མ་བཙོང་ས་དང་ལམ་འགྲམ་གྱི་ཟ་མ་བཙོང་ས།ཡུལ་ངེས་མེད་ཀྱི་ཟ་མ་བཙོང་ས་ནས་ཟ་མ་མི་ཉོ་བ་བཅས་ཀྱི་གསལ་འདེབས་བྱས་ཡོད།
མཚོ་སྔོན་དྲ་བ་ལས་བཤུས།
|