གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 7 ཚེས 5 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/18ལྟ་ཀློག (46883)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     2014.9.15ཉིན་མདོ་སྨད་ཁྲི་འདུ་ལྷ་ཡི་གྲོང་ཁྱེར་དུ་གངས་ལྗོངས་གྲུབ་མཐའ་ཁག་དྲུག་གི་མཁས་དབང་རྣམ་པས་གྲུབ་མཐའ་རིས་མེད་དང་།  གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན་བསྡུས་ཤིང་། གསེར་རྟའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས།   ས་སྐྱ་པ་རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ།  དགེ་ལྡན་པ་ཀིརྟིའི་དགེ་བཤེས་བརྩོན་འགྲུས། བཀའ་བརྒྱུད་པ་དཔལ་སྤུངས་མཁན་ཆེན་དོན་གྲུབ་བཀྲ་ཤིས།   ཇོ་ནང་པ་དགེ་བཤེས་དངོས་གྲུབ་དཔལ། རྙིང་མ་པ་ཡ་ཆེན་སྤྲུལ་གསང་སྔགས་བསྟན་འཛིན།   བོན་པོ་བ་སྣང་ཞིག་སྐྱབས་མགོན་བཅས་ཚོགས་ཞུགས་མཛད་དེ་བཀའ་སློབ་མང་བོ་གནང་འདུག

ཚོགས་འདུ་འདིའི་དགོངས་དོན་གནད་བསྡུས་དང་གྲོས་འདེབས་ཀྱི་གྲོས་ཆོད་ཡི་གེ

གྲོས་ཆོད་དང་པོ།

        ནང་པ་སངས་རྒྱས་པའི་དགེ་འདུན་པ་སྤྱི་དང་། སྟོན་པ་དང་། ཆོས་ལ་ཡིག་ངག་གང་རུང་གི་ལམ་ནས་ངན་སྨད་དང་སྐུར་འདེབས་ཀྱི་ལས་རིགས་ལ་ཞུགས་ཚེ་སློབ་གསོ་གནང་རྒྱུ་སོགས་ཐབས་ལམ་འཇམ་པོས་བསྒྱུར་བཅོས་བྱེད་དུ་འཇུག་རྒྱུ་དང་། དེས་ཀྱང་བསྒྱུར་བཅོས་མ་བྱས་ན་དགེ་འདུན་པ་སྤྱིའི་སྒྲིག་འཛུགས་ཀྱི་ལམ་ནས་གནས་དབྱུང་གི་ལས་ལ་སྦྱར་རྒྱུ། གནས་ནས་བྱུང་ཟིན་པ་གྲུབ་མཐའ་དང་ཆོས་བརྒྱུད་ཁག་གཞན་གྱིས་ཡར་མི་བསྡུ་རྒྱུ།

གྲོས་ཆོད་གཉིས་པ།

        དགོན་པ་སོ་སོའི་ནང་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་ཐོབ་ཐང་ངོས་ལེན་མེད་པར་རྒྱ་ཡུལ་སོགས་སུ་རང་དགར་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་མཚན་སྙན་བེད་སྤྱོད་བྱས་ཏེ་གཞན་ལ་མགོ་བསྐོར་གཏོང་བར་སྔོན་འགོག་ཡོང་བར་གདན་ས་ཁག་དྲུག་དང་ཆོས་སྡེ་གཉིས་ཀྱིས་གཅིག་གྱུར་གྱི་དཔང་ཡིག་ཚད་ལྡན་ཞིག་གཏན་ལ་འབེབ་རྒྱུ་དང་། དཔང་ཡིག་སྟེར་མཁན་གྱི་མི་སྣ་ཚད་ལྡན་རྩ་འཛུགས་བྱ་རྒྱུ། དེ་དག་ལ་སྤྲུལ་སྐུའི་དཔང་ཡིག་དགོས་པའི་རེ་བ་བཏོན་ཚེ་ངོས་འཛིན་ཚད་ལྡན་བྱས་ཡོད་མེད་དང་། ངོས་བཟུང་ཟིན་ཡང་བསམ་སྤྱོད་ཀྱི་ཐད་ནས་དཔང་ཡིག་སྟེར་འོས་མིན་ལ་ཞིབ་བཤེར་ནན་མོ་མཛད་དགོས།

གྲོས་ཆོད་གསུམ་པ།

        རབ་བྱུང་རྣམས་ཀྱིས་དགེ་འདུན་པ་སྤྱིའི་དོན་མ་ཡིན་པར་རང་དོན་དུ་ཚོང་བྱེད་པ་སོགས་དཔལ་འབྱོར་རྩོལ་སྒྲུབ་དང་གཞན་ཡང་དམེ་བྱེད་པ། སྤྱོད་ཡུལ་མ་ཡིན་པའི་གནས་སུ་ཞུགས་པ་དག་གིས་མཚོན་ཁྱིམ་པ་སུན་འབྱིན་གྱི་རྒྱུར་འགྱུར་བ་དག་སྔོན་འགོག་ཡོང་བར་དགོན་པ་དེར་གཏོགས་ཀྱི་རབ་བྱུང་རྣམས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་བཤད་སྒྲུབ་གང་རུང་དུ་བསྡུ་ཅི་ཐུབ་བྱ་རྒྱུ་དང་། གནས་སྐབས་བསྡུ་མ་ཐུབ་པ་རྣམས་ལ་ལོ་རེར་ཟླ་གཅིག་ཡན་གྱི་དུས་ཚོད་ངེས་ཅན་ཞིག་གཏན་ཁེལ་བྱས་ཏེ་སློབ་གསོའི་གསབ་སྦྱོང་འཚོགས་རྒྱུ།

གྲོས་ཆོད་བཞི་བ།

ཕམ་པ་འཆབ་བཅས་ཀྱིས་གོས་པའི་གང་ཟག་རྣམས་གནས་དབྱུང་བྱ་རྒྱུའི་ལག་ལེན་ཡོད་པའི་དགོན་པ་རྣམས་ཀྱིས་སྔར་བཞིན་རྒྱུན་སྐྱོང་གནང་རྒྱུ་དང་། དེ་འདྲའི་ལག་ལེན་མེད་པའི་དགོན་པ་དག་གིས་ད་ཕྱིན་ཕམ་པ་འཆབ་བཅས་བྱུང་བའི་གང་ཟག་འབྱུང་ཚེ་དམ་ཆོས་འདུལ་བའི་གཞུང་བཞིན་གནས་དབྱུང་གི་ལས་ལ་སྦྱར་རྒྱུ།

གྲོས་ཆོད་ལྔ་བ།

        སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ནི་ངོས་འཛིན་བྱེད་མཁན་དེ་ཐོབ་དང་གོ་ས་ལ་མ་ལྟོས་པར་སྡེ་དགོན་ཀུན་གྱིས་བློ་ཁེལ་ངེས་ཀྱི་མ་དགོན་རང་གི་སྐྱེས་ཆེན་དམ་པ་ཞིག་མ་གཏོགས་ངོས་འཛིན་མི་གནང་རྒྱུ། གཞན་ཡང་སྡེ་དགོན་ཡོངས་ཀྱིས་བསམ་བློ་གཅིག་གྱུར་ཡིན་པ་མ་གཏོགས་གང་ཟག་རེ་ཟུང་གིས་སྒེར་གཅོད་ཀྱི་ལམ་ནས་ཞུ་མི་ཆོག་པ་དང་། གལ་ཏེ་ཞུས་ཀྱང་ངོས་འཛིན་མི་བྱ་རྒྱུ། ངོས་བཟུང་ཡང་རང་ལོ་ཉེར་ལྔ་མ་ལོན་བར་དུ་ཁྲི་འདོན་དང་དཔང་ཡིག་སྟེར་བ་བཅས་ཀྱི་བྱེད་སྒོ་མེད་པར་དགེ་བའི་བཤེས་གཉེན་བསྟེན་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ།

གྲོས་ཆོད་དྲུག་པ།

       དགེ་ཚུལ་སློང་གི་སྡོམ་པ་སྟེར་ལུགས་ཀྱི་ཕྱོགས་ནས་སྡོམ་པ་གནང་མཁན་དག་གིས་སྒྲུབ་བྱེད་ཀྱི་ཆོ་ག་བློ་ལ་ཐོན་ངེས་ཤིག་དང་། བསྒྲུབ་བྱའི་ངོས་ནས་རང་ལ་ཡོ་སྤྱད་ཚང་དགོས་པ་རྣམས་ཚང་དགོས་ཤིང་། དགེ་ཚུལ་གྱིས་རགས་པ་བཅུ་དང་དགེ་སློང་གིས་ཕམ་ལྷག་བཅུ་བདུན་གྱི་སྡོམ་བློ་ལ་ཡོད་ཅིང་དོན་ངེས་པར་བྱ་བ་ཞིག་མ་མཐའ་ཡང་དགོས། གལ་ཏེ་བསྲུང་བྱའི་ཚིག་དོན་རྣམས་བློར་མ་ངེས་ཚེ་རེ་ཞིག་སྡོམ་པ་མི་སྟེར་བར་བསྲུང་བྱ་རྣམས་བསླབ་ཏུ་གཞུག་རྒྱུ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 122 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oldr བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: སྒོ་ཡོན། སྤེལ་དུས:2014/9/30
【ཟུར་མཆན།】 [1] «ཆོས་ལུགས་པའི་སྨྱོ་གར» སྒོ་ཡོན། ༢༠༠༩.༠༣.༡༤ཉིན་དཔལ་བླ་རུང་དུ་བྲིས། ༢༠༠༩ལོའི«སྐུལ་འདེད»དུས་དེབ་ཏུ་བཀོད། [2] ཁམས་བྲག་འགོའི“དགེ་འདུན་མཐུན་ཚོགས”ཐོག་མར་འཛུགས་པའི་སྐབས་ཏེ། དེ་དུས་ང་རང་བྲག་འགོ་རྫོང་གི་དགོན་སྡེ་ཐུན་མོང་གི་གྲོས་ཚོགས་ཀྱི་དྲུང་ཡིག་པ་ཡིན་པས་མི་ཚད། “དགེ་བཅུ”དང“མཐུན་ཚོགས”འཛུགས་པར་ལྡོག་ཕྱོགས་ཀྱི་གླེང་གཞི་སྤེལ་མཁན་ཐོག་མ་ཡང་ཡིན། [3] «རྨོངས་དད་ཀྱི་སྤྱི་ཚོགས་དང་ཆོས་ཁྲིམས་ཀྱི་འཇིག་རྟེན» སྒོ་ཡོན། ༢༠༠༩.༠༢.༡༠ཉིན་ཁམས་གསེར་ཐང༌དུ་བྲིས། ༢༠༠༩ལོའི«ལྷག་བསམ»དུས་དེབ་ཏུ་བཀོད། [4] «རྒྱ་ཡིག་ཐང་ན་སྐྱིད་ཉལ་བྱེད་པའི་བོད་ཀྱི་ཤེས་རྒན» སྒོ་ཡོན། ༢༠༡༡.༠༤.༢༢ཉིན་ཁྲིན་ཏུའུ་རུ་བྲིས། ༢༠༡༡-༠༤-༢༤ ༢༠:༥༧:༡༥ ལ«མཚོ་སྔོན་པོའི་ཟིན་བྲིས»ནང་བཀོད་ཡོད། དྲྭ་གནས། http://blog.amdotibet.cn/gaoyong/archives/18593.aspx [5] ཚུལ་ཁྲིམས་བློ་གྲོས་ཀྱིས་མོས་འདུན་དང་དར་སྤེལ་བྱེད་པའི་བླ་རུང་གི“དགེ་བཅུ”ནི། ༡ བཤས་འཚོང་མི་བྱ་བ། ༢ རྐུ་ཇག་མི་བྱ་བ། ༣ མཚོན་འཛིང་མི་བྱ། ༤ སྨད་འཚོང་མ་མི་བསྟེན་པ། ༥ བོའུ་དང་ཉལ་ཐའི་ཚོང་མི་བྱ་བ། ༦ ཉལ་ཐ་དང་ཐ་མག་མི་འཐེན་པ། ༧ ཆང་མི་འཐུང་བ། ༨ ཤོ་རྒྱན་མི་བསྐུག་པ། ༩ རྔོན་མི་བྱ། ༡༠ གཅན་གཟན་གྱི་པགས་པ་མི་གྱོན་པ་བཅས་ཏེ། ༢༠༠༨ལོའི་བོད་ཟླ༥པའི་ཚེས་ཉེར་ལྔ་ཉིན་དངོས་སུ་དར་སྤེལ་གྱི་ལས་འགོ་བརྩམས། [6] བདག་གིས་བཤད་ཀྱིན་པའི“དགེ་བཅུ”ནི་ཚུལ་ཁྲིམས་བློ་གྲོས་དང་བླ་རུང་བསྟན་སློབ་གྲྭས་དངོས་སུ་བསྟར་བའི“དགེ་བཅུ”ལ་གོ་དགོས་པ་ལས། “དགེ་བཅུ”ཞེས་པར་ཁ་གཡར་ནས་དགོན་པ་དང་སྡེ་བ་སོ་སོས་བཅས་པའི“ཁྲིམས”དག་ལ་གོ་བ་ལེན་མི་རུང་། “ཁྲིམས”དེ་དག་ནི་ཚུལ་ཁྲིམས་བློ་གྲོས་ལ་བརྒྱུད་ནས་འབྲེལ་བ་གཏན་མེད་པ་ཞིག་ཀྱང་མ་ཡིན་མོད། དངོས་སུ་ཁོང་གི་བསམ་ཕྱོགས་དང་ལས་ཀར་ལྡོག་ཟླར་ཆགས་ཡོད། [7] དཔལ་སྤྲུལ་གྱི་ཚིག [8] འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་གི་ཚིག [9] «རིག་རྩལ་རྒྱང་སྐྱོད» ཤོག་ངོས༢༤གསལ། རྩོམ་པ་པོའི་དཔེ་སྐྲུན་ཁང་། [10] གན་དྷིའི་ཚིག [11] «དགེ་བཅུའི་ཁྲིམས་ལས་འཕྲོས་ཏེ་ནད་རོ་ཁག་ཅིག་གཏར་བ» འོད་ནག «ན་གཞོན་གསར་བའི»དྲ་བར་བཀོད་འདུག དྲྭ་གནས། http://www.tbnewyouth.com/article/call/2011/10/20/07e9dbccf3a7a043442a36bec59a2089/ [12] དེང་གི་དྲྭ་ལམ་སོགས་སུ་འུར་རྒྱག་གི་ཡོད་པ་མང་ཆེ་བས་ནི་ཚུལ་ཁྲིམས་བློ་གྲོས་ལགས་ལ་དགག་སྒྲུབ་བྱས་པ་མིན་པར། “ཚིག་མཚོན”བཏབ་པ་རང་རེད། དེ་ལྟ་ན། ཚ་བ་མདའ་སྙུག་ལགས་ཀྱིས་རིག་པའི་ལམ་ནས་བཤད་པ་དང་། འདི་ཚོས“ཚིག་མཚོན”དང “སྡིག་དམོད”ཀྱི་ལམ་ནས་བཤད་པ་གཉིས་ལ་ནི་ཁྱད་པར་ཤིན་ཏུ་ཆེའོ། ། སྔ་མས་མི་སྒེར་གྱི་རྩིང་ཐང་གོང་དུ་བཀུར་ནས་རིགས་གཞུང་གི་མ་རྩ་ཞིག་རྩོད་ཀྱི་ཡོད་ལ། ཕྱི་མས་མི་སྒེར་གྱི་རྩིས་ཐང་ཡལ་བར་བོར་ནས་གླེང་ཕྱོགས་ཤིག་སློང་གི་ཡོད། [13] ཁ་སང་དེ་རིང་མི་རེ་ཟུང་ལ་ཇ་ཁ་དང་ཆང་ཁ་སོགས་སུ་ཚུལ་ཁྲིམས་བློ་གྲོས་ཁོ་ནར་ངན་སྨས་བྱེད་པའི“འགྲོ་ལུགས”ཤིག་ཆགས་ཡོད་ལ། བལྟས་ཡོང་ན་འདི་རྣམ་པ་ཚུལ་ཁྲིམས་བློ་གྲོས་ཀྱི་སྟེང་ལ་ཤོར་ལོས་འགྲོ་བསམ་བསམ་འདུག་ཀྱང་། དོན་ངོ་མར་ཤོར་ཆོག་པའི་བདེན་ལུགས་ཀྱང་སྨྲ་བས་དབེན་པས། སྐབས་སུ་ཞོགས་འུར་ལངས་ཏེ་དམོད་པ་སྣ་ཚོགས་བོར་ལུགས་འདིས། སོ་སོ་རང་གི་རྨོངས་པའི་བློ་སྒོ་ཇེ་དོག་ཏུ་བཟོ་བ་ལས་གཞན་མི་འདུག་སྙམ། [14] «བག་ཆགས་དོང་སྤྲུག་གི་ལན་དུ་བརྗོད་པ་རྨོངས་པའི་མུན་འཇོམས་ཞེས་བྱ་བ་བཞུགས་སོ» ―«དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ།།» པོད་དང་བོ། ཤོག་ངོས༢༦༠གསལ། མི་རིགས་དཔེ་སྐྲུན་ཁང་། [15] དཔེར་ན། ༢༠༡༣ལོའི་ལོ་སྟོད་དུ་རྔ་བ་ཀིརྟི་དགོན་པས་སྨོན་ལམ་ཆེན་མོའི་སྐབས་དང་བསྟུན་ནས། རྐུ་བྱས་པ་དང་རྒྱལ་བཞག་པ་སོགས་ཀྱི་རང་སྡེའི་མི་འགའ་སྡོང་བོར་བཀྱིག་པ་དང་། ཤོག་བྱང་སྐེར་བསྐོན་ནས་ཆད་པ་བཅད་པ་ཡང་། ཚུལ་ཁྲིམས་བློ་གྲོས་ཀྱི“དགེ་བཅུས”བསླངས་པའི“རིག་གསར”གྱི་བག་ཆགས་དང་ནད་རོ་ཡིན་ཚུལ་བསྒྲགས་པ་ལྟ་བུ། [16] “དགེ་བཅུ”ཡིན་ལ“དགེ་བཅུའི་ཁྲིམས་ལུགས”མ་ཡིན་པ་དང་། “དགེ་བཅུའི་ཁྲིམས་ལུགས”ཡིན་ལ“དགེ་བཅུ”མ་ཡིན་པ། གཉིས་ཀ་ཡིན་ལ་གཉིས་ཀ་མ་ཡིན་པའི་མུ་བཞི་སྟེ། སངས་རྒྱས་ཆོས་ལུགས་ཀྱི“མི་དགེ་བཅུ་སྤངས་དགེ་བ་བཅུ”བོར་དཔེ་བླངས་ནས་བཞག་པའི་བཤས་འཚོང་སོགས་བླ་རུང་གི་གྲངས་ཚན་བཅུ་པོ་ནི“དགེ་བཅུ”ཡིན་ཏེ། དེ་དག་རེ་རེ་བཞིན་སྤྱོད་པས་ཉེས་པ་དང་བསྡོམས་པས་དགེ་བ་ཡིན་པའི་རྒྱུ་མཚན་ཙམ་ཆོས་ཀྱི་གཞུང་ལུགས་ཁྲོད་གསལ་ལ། ཡང་། “དགེ་བཅུ”དེ་དག་མ་ཡིན་ཡང་། དེ་དག་གི་མིང་ཐོག་ནས་རྩྭ་ར་རྒྱག་ཆོག་མིན་དང་དབྱར་ས་དང་དགུན་སར་དུས་ཐོག་ཏུ་སྤོར་རུང་མིན། རིག་གནས་གསར་བར་འཇུག་ཆོག་མིན་དང་དཔེ་ཆ་གསར་བར་བལྟ་རུང་མིན་སོགས་ཀྱི་ཁྲིམས་རྣམས་ནི“དགེ་བཅུའི་ཁྲིམས་ལུགས”ཏེ། ཆོས་གཞུང་གི་རྒྱབ་རྩ་མེད་པ་གང་ཞིག“དགེ་བཅུའི”མིང་ཐོག་ནས་སོ་སོའི་སྡེ་ཆས་དང་དགོན་ཆས་ཁྲིམས་སུ་སྤྱད་དེ། གང་དག་མ་བསྲུང་བ་སོགས་ལ་རྒྱུ་དང་ལུས་ཀྱིས་ཆད་པ་ནན་མོ་གཅོད་ཀྱི་ཡོད། དེ་བཞིན་སྡེ་དགོན་གྱི་དམངས་མི་དང་སེམས་ཅན་རེ་རེའི་འཚོ་བར་དངོས་བརྒྱུད་ཀྱི་ཕན་ཐོགས་པར་སྤྱོད་པ་རྣམས་ནི“དགེ་བཅུའི”བསམ་བློའི་སྲོག་ཤིང་དང་མཐུན་ལ། “དགེ་བཅུའི”གདོང་འབག་བགོས་ནས་གཞན་གནོད་གཞི་དང་བཅས་པ་སྒྲུབ་པའི་མི་དགེ་བའི་ལག་ཆར་བསྒྱུར་མཁན་རྣམས་ནི“དགེ་བཅུའི”ཡི“དགེ་བའི”གཞུང་ཤིང་དང་འགལ་བ་ཡིན་ནོ། ། [17] ཁོ་ཚོ་མང་ཤོས་ཀྱིས་དབུས་གཞུང་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་གཙོ་བོ་ནི། ལོ་འདི་དག་གི་བོད་མིའི་ཆབ་སྲིད་སྣང་ཚུལ་ལ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཁ་གསལ་བོ་མ་གྲག་པ་རྒྱུ་མཚན་དུ་འདྲེན་གྱི་འདུག་ཀྱང་། སློབ་གྲྭ་ཆེ་ཆུང་མང་བོའི་སློབ་གཙོའི་ལས་འགན་དང་རིག་གནས་གསར་རྙིང་མང་བོའི་དངོས་བརྒྱུད་ཀྱི་ལས་འགན་ཕྲག་ལ་འཁུར་བའི་དམངས་ཁྲོད་རང་བཞིན་གྱི་ལས་སྣེ་བ་ཞིག་གིས། གནས་བབ་འདི་འདྲའི་སྐབས་སུ་རྒྱབ་ཀྱི་ལས་ཀ་ཐམས་ཅད་བློས་གཏོང་བྱེད་ཁག་པ་ནི་མ་བཤད་ཀྱང་ཤེས་ཐུབ་ལ། གཞན་ཡང་ཚུལ་ཁྲིམས་བློ་གྲོས་ལགས་ནི་རིགས་གཞུང་དང་དམངས་ཁྲོད་རང་བཞིན་གྱི་ལས་དོན་མཐར་སྐྱོང་བྱེད་པའི་ཡོན་ཏན་པ་ཞིག་ལས། ཉེན་རྟོག་པ་ལྟ་བུའི་ཧོལ་རྒྱུག་ཐོལ་བརྒལ་གྱི་ཤེས་ཡོན་ཅན་ནི་མ་ཡིན་པས། ཡོན་ཏན་པ་ལ་ཡོན་ཏན་པའི་འགྲོ་ལུགས་ཤིག་དང་ཤེས་ཡོན་ཅན་ལ་ཤེས་ཡོན་ཅན་གྱི་ལས་སྲོལ་ཞིག་ཡོད་པ་ཡང་གསལ་བོ་རེད། [18] «རིག་རྩལ་རྒྱང་སྐྱོད» ཤོག་ངོས༥༠གསལ། རྩོམ་པ་པོའི་དཔེ་སྐྲུན་ཁང་། [19] བློ་ཞིབ་མོས་བལྟས་ན། ཞོགས་དུང་ལགས་ཀྱི་ལྟ་ཚུལ་ལ་མཉེས་པོ་དང་དགའ་མདོག་སྟོན་མཁན་ཚོའི་གྲས་སུ། ཁོང་གི་ལྟ་ཚུལ་དངོས་མ་ཤེས་མཁན་ག་ཚོད་ཡོད་དམ་སྙམ་པའི་ང་ནི་དོགས་པ་སྐྱེ་ཡི་ཡོད། [20] དཔལ་བླ་རུང་ནང་བསྟན་སློབ་གྲྭའི་ཚོགས་ཐུག་ནང་དམར་ཤ་གཅོད་པར་གྲོས་འགོ་བཏོན་པའི་ལོ་དེ་དག་ནང་། ཁོང་ལ་ཉེ་འདབས་ཀྱི་གྲྭ་བ་དུ་མས་བྱེད་ཐབས་འདྲ་མིན་གྱི་ལམ་ནས། མངོན་ལྐོག་གཉིས་ཀས་མི་འཐད་པའི་རྣམ་འགྱུར་མང་དུ་བསྟན། [21] “དེང་སང་ནི་དགོན་པ་རྣམས་ཀྱི་ནང་དུ་རིག་གནས་མཐའ་དག་གི་སློབ་སྦྱོང་ལྟ་ཅི། ནང་དོན་རིག་པ་ཁོ་ནའི་ཕྱོགས་ཀྱི་སློབ་གཉེར་བྱ་རྒྱུ་ཡོད་པའང་ཤིན་ཏུ་དཀོན་པོ་ཡིན། དེའི་དབང་གིས་དགོན་པ་མང་པོའི་གྲྭ་པ་ཕལ་ཆེ་བ་ལ་ཆོས་ཕྱོགས་ཀྱི་སྦྱོང་བརྡར་མི་འཐོབ་པས་སྡེ་སྣོད་གསུམ་གྱི་དོན་མི་མཁྱེན་པར་གྱུར། དེ་མ་མཁྱེན་པས་བསླབ་པ་གསུམ་གྱི་མཉམ་བཞེས་ལེགས་པོ་མི་འོང༌། དེ་མ་བྱུང་བས་འཇིག་རྟེན་མ་དད་པར་གྱུར་པའི་བྱ་བ་མང་པོས་གང་སར་ཁྱབ། དེའི་དབང་གིས་དགེ་འདུན་ལ་མཐོང་ཆུང་དང་སྐྱེ་བོ་མང་པའི་རྒྱུད་ལོག་ལྟས་ཁེངས་པས་བསྟན་པ་ལ་ཉམ་ཉེས་ཆེན་པོ་འབྱུང་བ་གོར་མ་ཆག དེ་ལྟ་ན་ཉེས་པ་ཐམས་ཅད་ཀྱི་རྩ་བ་དགོན་པའི་ནང་དུ་བཤད་སྒྲུབ་ཀྱི་བསྟན་པ་གནད་སྨིན་ཞིག་མེད་པ་འདི་ཉིད་ལ་ཐུག་པ་ཡིན་པར་ཤེས་པར་བྱའོ། ། འོ་ན་ཇི་ལྟར་བྱ་དགོས་ཞེ་ན། འཛམ་གླིང་གི་ཡུལ་གྲུ་གང་དུའང་མེད་པའི་སངས་རྒྱས་ཀྱི་བསྟན་པ་ཕུན་སུམ་ཚོགས་པ། དུས་ཀྱི་མཐར་ཡང་ས་ཆེན་པོ་འདིའི་ཤར་ནུབ་ཀྱི་རིག་པ་གསར་རྙིང་གཉིས་ཆར་གྱི་ནང་ན་ཀུན་ལས་ཁྱད་པར་དུ་འཕགས་ཤིང་ཉི་ཟླ་བཞིན་དུ་ལྷང་ངེར་གསལ་བ། ཕྱི་ནང་གི་རྒུད་པ་ཡོངས་སུ་གསོ་བ་ལ་མེད་དུ་མི་རུང་ཞིང༌། སྣོད་བཅུད་ལེགས་པའི་ལམ་དུ་འཁྲིད་པར་བྱེད་པའི་ཐབས་ཚུལ་རྨད་དུ་བྱུང་བ་འདི་ཉིད་ཡུན་ནས་ཡུན་དུ་གནས་པ་ཞིག་དགོས་ཕྱིན་དགོན་པ་སོ་སོའི་ནང་རྒྱ་ཆེ་ཆུང་ལ་མ་ལྟོས་པའི་བཤད་སྒྲུབ་ཀྱི་བསྟན་པ་སྤུས་ལེགས་རེ་མེད་ཐབས་མེད། དེ་ཡོད་མེད་དགོན་དཔོན་དང་དགེ་སྐོས་སོགས་ཀྱི་བསམ་པ་ལ་རག་ལས་པ་ཡིན། དེ་ཕྱིར་ཐོག་མར་བྱ་དགོས་པ་ནི། དགོན་པ་དེའི་ཕྱི་ནང་གི་བྱ་བ་ཐམས་ཅད་ལ་བདག་གཉེར་བགྱིད་པའི་དགེ་འདུན་གྱི་སྡེ་ཚོགས་ཤིག་འཛུགས་དགོས། དེ་ཡང་ཇི་ལྟ་བུ་ཞིག་དགོས་ཞེ་ན། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གོ་བ་ཆགས་ཤིང་བསྟན་འགྲོ་ལ་ལྷག་བསམ་རྣམ་པར་དག་པ་ཡོད་པ་དང༌། ཁྱད་པར་དུ་བཤད་སྒྲུབ་ཀྱི་བསྟན་པ་ལ་ཐུགས་ཁུར་ཡང་དག་བཞེས་ངེས་པའི་གང་ཟག་བཞི་ཡན་ཆད་ཚང་བ་ཞིག་དགེ་འདུན་གྱིས་བསྐོ་དགོས། དེ་ལས་གཞན་དུ་ཐོས་བསམ་སློབ་གཉེར་ཅི་ཡང་བྱེད་མ་མྱོང་བ་དང༌། བསྟན་འགྲོ་ལ་ལྷག་བསམ་མེད་ཅིང༌། མི་ཆེན་རྒྱལ་པོའམ་ཚོང་པ་ཆེན་པོ་དག་གི་ལད་མོ་ཁོ་ནར་གཡེངས་པ་དང༌། རང་གི་ཁྱིམ་གཞིས་ཀྱི་ཆེད་དུ་བྱ་བ་སྣ་ཚོགས་ཀྱིས་དུས་འདའ་བ་རྣམས་ཀྱིས་དགོན་པའི་སྙིང་དོན་ལུང་རྟོགས་ལ་ཕན་ཐོགས་ཅི་ཡང་མེད། དེར་མ་ཟད་དགོན་དཔོན་གྱིས་ཀྱང་བཤད་སྒྲུབ་ཀྱི་བསྟན་པ་ལ་ཐུགས་ཁུར་མི་བཞེས་ན། ཁོང་ཉིད་རྡོ་རྗེ་སློབ་དཔོན་གྱི་གོ་ས་ནས་བཞུགས་སུ་གསོལ་བའི་འོས་ཙམ་ཡིན་གྱི། དགོན་པའི་བཤད་སྒྲུབ་ཀྱི་བསྟན་པ་ནི་མི་གཅིག་གི་བསམ་ཚུལ་དང་བསྟུན་ཏེ་བཏང་སྙོམས་སུ་གཞག་ཏུ་མེད་པས་དགེ་འདུན་སྤྱིས་བསྐོས་པའི་ཚོགས་པ་ཡང་དག་པ་དེས་དགོན་པའི་སློབ་གཉེར་དེ་ཐུགས་དམ་གྱི་མཐིལ་དུ་བཟུང་སྟེ་བཀོད་སྒྲིག་ལེགས་པོ་བྱ་དགོས་སོ། །… …” «དགོན་པ་རྣམས་ཀྱིས་ངེས་པར་དུ་སློབ་གཉེར་ལ་དོ་དམ་མཛད་དགོས་པའི་བསམ་ཚུལ་བརྗོད་པ» ―«དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ།།» པོད་གཉིས་པ། ཤོག་ངོས༣༨༨གསལ། མི་རིགས་དཔེ་སྐྲུན་ཁང་། [22] «གསར་བརྗེ་གསུམ་གྱིས་བོད་ཀྱི་དགོན་པའི་ལམ་ལུགས་ལ་ཐག་གཅོད་བྱེད་པ» སྒོ་ཡོན། ༢༠༠༩.༠༥.༡༤ཉིན་གསེར་ཐང་དུ་བྲིས། «ཐུབ་པའི་གཞོན་རབས» ཤོག་ངོས༡༡༧གསལ། ཁྲིན་ཏུའུ་དམངས་དེབ་པར་ཁང་། [23] «གསར་བརྗེ་གསུམ་གྱིས་བོད་ཀྱི་དགོན་པའི་ལམ་ལུགས་ལ་ཐག་གཅོད་བྱེད་པ» སྒོ་ཡོན། ༢༠༠༩.༠༥.༡༤ཉིན་གསེར་ཐང་དུ་བྲིས། «ཐུབ་པའི་གཞོན་རབས» ཤོག་ངོས༡༢༡གསལ། ཁྲིན་ཏུའུ་དམངས་དེབ་པར་ཁང་། [24] ཚུལ་ཁྲིམས་བློ་གྲོས་ལགས་ཀྱི“དམངས་གཙོ”འདི་ཉིད་འགྲོ་བ་མིའི་ངོ་ཚབ་དམངས་གཙོའི་གཞུང་ལུགས་ཀྱི་ངོས་ནས་བལྟས་ན། ཤིན་ཏུ་ཁ་མི་ཚང་བའི་ཆར་ཡང་སྣང་མོད། བོད་ཀྱི་དགོན་སྡེའི་ལུགས་སྲོལ་རྙིང་བར་བལྟོས་ན་ནི་དུས་རབས་དང་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་ཉེ་བའི་དགེ་མཚན་བླ་ལྷག་ཆེ་སྙམ། [25] “ང་ཚོ་ལ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལྟ་བུའི་མི་གཉིས་གསུམ་ཞིག་ཡོད་པ་ཡིན་ན། སངས་རྒྱས་ཀྱིས་ཅུང་ཟད་སྐུ་ངལ་གསོ་གནང་མཛད་ཆོག་ས་རེད།” ―རྫོང་གསར་མཁྱེན་བརྩེའི་ཚིག «དུས་ཐོག་ཆར་བ» འཕྲུལ་དེབ་པར་གཞི། ངོས༤པ། [26] གོང་ས་མཆོག་གི་ཚིག
 སྤེལ་མཁན: སྒོ་ཡོན། སྤེལ་དུས:2014/9/30
ཚུལ་ཁྲིམས་བློ་གྲོས་དཀར་འདོན། ―“དུས་རབས་ཉེར་གཅིག་པའི་གྲྭ་བ”ཞིག་གི་བཟང་ཕྱོགས་བསྔོགས་པ། སྤྱི་ཚོགས་ཀྱི་དང་རྟེན(偶像)ཏུ་གྱུར་པའི་མི་སྣ་ཞིག་ལ་དཀར་འདོན་བྱ་རྒྱུ་ཡིན་ཟེར་ན་ལས་སླ་མོ་མ་རེད་ལ། དེ་བཞིན་སྤྱི་ཚོགས་ཀྱི་དད་མོས་སུ་གྱུར་པའི་མི་སྣ་ཞིག་ལ་དགག་པ་གཏོང་རྒྱུ་ཡང་དེ་བས་དཀའ་བོ་རང་འདུག སྔ་མ་ནི་མི་སྣ་ཆེན་པོ་དེའི་འཚོ་བའི་རྒྱབ་ལྗོངས་དང་སྤྱི་ཚོགས་བར་གྱི་འབྲེལ་བ་ཤེས་དགོས་ལ། ཕྱི་མ་ནི་སྤྱི་ཚོགས་ཀྱི་དད་མོས་ལ་ཕོག་ཐུག་དང་གཏོར་བཅོམ་ཚབས་ཆེན་གཏོང་དགོས་ཀྱི་ཡོད་པ་རེད། དེ་བས། ཚུལ་ཁྲིམས་བློ་གྲོས་ལགས་ནི་ད་ལྟའི་བོད་མིའི་དམངས་ཁྲོད་ཀྱི་དད་མོས་དང་རིག་གནས་ཀྱི་བརྡ་མཚོན་ཞིག་ཏུ་གྱུར་ཡོད་པས། གང་དེར་དགག་སྒྲུབ་བཟོ་དགོས་ན་ཐོག་མར་དམངས་མིའི་དད་མོས་དང་ལངས་ཕྱོགས་ལ་མི་བལྟ་ག་མེད་ཆགས་ཡོད། འོན་ཀྱང་། ང་ནི་ལོ་འདི་དག་ནང་ཚུལ་ཁྲིམས་བློ་གྲོས་ཀྱི་བསམ་བློའི་ལངས་ཕྱོགས་ཀྱི་ལྡོག་ཟླར་འགྲེང་བ་ཐོག་མའི་གྲས་ཏེ། བླ་རུང་ནང་བསྟན་སློབ་གླིང་དང་འབྲེལ་ཡོད་ཀྱི་མཁན་པོའི་སྡེ་ལ་དམིགས་པའི«ཆོས་ལུགས་པའི་སྨྱོ་གར»[1]སོགས་ཀྱང་ཚུལ་ཁྲིམས་བློ་གྲོས་ཀྱི་མལ་ཁྲིའི་འགྲམ་ནས་འབྲི་འགོ་བརྩམས་ཤིང་། “དགེ་བཅུ”དར་སྤེལ་གྱི་དབུ་ཙམ་སློང[2]གྲབས་ལ་བརྗོད་པའི«རྨོངས་དད་ཀྱི་སྤྱི་ཚོགས་དང་ཆོས་ཁྲིམས་ཀྱི་འཇིག་རྟེན» [3] དང་། དེ་བཞིན«རྒྱ་ཡིག་ཐང་ན་སྐྱིད་ཉལ་བྱེད་པའི་བོད་ཀྱི་ཤེས་རྒན»[4]རྣམས་ཀྱང་ཚུལ་ཁྲིམས་བློ་གྲོས་ཀྱི་ངོ་གདོང་ལ་བལྟས་ཏེ་བརྗོད་པ་ཤ་སྟག་ཡིན། རེད་དེ། དུས་སྐབས་དེར་ནི་ཚུལ་ཁྲིམས་བློ་གྲོས་ལགས་ཀྱི་བསམ་སྤྱོད་ཀྱི་ལྡོག་ཕྱོགས་སུ་འགྲེང་བའི་སྐྱེ་བོ་ནི་ཉིན་མོའི་སྐར་མ་ལས་ཀྱང་ཉུང་སྟེ། ད་ལྟའི་དུས་འདིར་ཁ་ལ་ཅི་ཡོང་སྨྲ་བའི་མི་ཚོས་ཀྱང་དེ་དུས་ཁོང་ལ་ཕྱག་དང་སྐོར་བ་བྱེད་ཀྱི་འདུག དྲང་མོར་བཤད་ན། ང་ནི་ཁོང་གི་འཚོ་བ་ལ་རྒྱུས་མངའ་ཟབ་མོ་ཡོད་པའི་ཡི་གེ་སྨྲ་བའི་ན་གཞོན་ཐོག་མ་ལྟ་བུ་སྟེ། ཁོང་ནི་བདག་ལ་བོད་ཡིག་གི་ཀ་ཁ་ཁྲིད་པའི་དགེ་རྒན་ཡིན་པ་མ་ཟད། ནང་བའི་གཞུང་ཆེན་མང་བོ་བསྩལ་བའི་བླ་མ་ཡང་ཡིན། འོན་ཀྱང་། ང་རང་ཁོང་གི་ནང་ཆོས་ལ་བཅངས་པའི་བློ་གཤོག་མཁྲེགས་པོ་དེ་དང་། རིག་གནས་གསར་བར་བཟུང་བའི་རྣམ་འགྱུར་རྩིབ་པོ་དེ་དག་ལ་ཁྱོན་ནས་དགའ་བོ་མེད། དེ་དག་ནི་ཁོང་གི་རླབས་ཆེན་གྱི་ཤེས་རབ་དང་གཞུང་ལུགས་མང་ཐོས་ཀྱི་སྦུབས་སུ་ཡོད་པའི་དུག་རྒྱུན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཁར། དུག་རྒྱུན་གང་གི་ཤུགས་རྐྱེན་གྱིས་ཁོང་ལ་དད་མོས་མངའ་བའི་སྐྱེ་བོ་ཁྲི་སྟོང་མང་བོའི་ཡིད་ཁམས་ལ་གུ་དོག་དང་ཨུ་ཚུགས། ཞེན་ཀོག་གི་བག་ཆགས་ཟབ་མོ་བསྐྲུན་ཡོད། དེའི་དབང་གིས། ངས་ཕུ་ནུ་དང་དགེ་སློབ། བླ་སློབ་ཀྱི་འབྲེལ་བ་ཐམས་ཅད་དོན་དག་གཞན་དུ་བརྩིས་ནས། ཁོང་གི་བསམ་བློའི་ཁྲོད་ཀྱི་གུ་ཡངས་མ་རྒྱས་པའི་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཤིང་། དོན་དེས་ང་དང་གཉེན་ཉེ་གཞན་གྱི་མཛའ་བརྩེའི་བར་ལ་མི་བདེ་བའི་ཤུགས་རྐྱེན་ཡང་ཐེབས་མྱོང་ཡོད། དེ་ལྟ་མོད། ངས་ཁོང་གིས་སངས་རྒྱས་ཆོས་ལུགས་ལ་གུས་པའི་དད་འདུན་ཟབ་མོ་དང་། དེ་བས་ཀྱང་མི་རིགས་ལ་དགའ་བའི་རྣམ་དག་གི་ལྷག་བསམ་སོགས་ནི་གཞན་སུ་ལས་ཀྱང་འཕགས་པར་ངོས་ཟིན་བྱུང་ཁར། ལོ་འདི་དག་ནང་བོད་ཡུལ་གྱི་ཁོར་ཡུག་སོ་སོ་དང་། ལྷག་ཏུ་ཁམས་ཕྱོགས་ཀྱི་ལུང་བ་མང་བོར་རིག་གནས་ཀྱི“སྐྱེ་གནས”གང་མང་འཛུགས་སྐྲུན་བྱས་དང་བྱེད་ཀྱི་ཡོད་པ་མ་ཟད། ཤེས་རིག་གི་སྒྲ་ཙམ་མ་ཐོས་པའི་བོད་མི་མང་བོར་འཚོ་གནས་རང་སྐྱོང་འོང་བར་ལག་ལེན་དངོས་ཀྱི་ནུས་ཤུགས་དང་འབད་པ་བླ་མེད་བསྐྲུན་པ་དེ་ལྟ། ང་རང་འཚར་ལོངས་བྱུང་བའི་ཡུལ་ལུང་གི་ལོ་རྒྱུས་ཁྲོད་དུ་དེ་སྔ་ཁྱོན་ནས་བྱུང་མྱོང་ཡོད་པ་མ་རེད། རྒྱུ་མཚན་དེ་དག་གིས། མི་ནི་མ་གཞི་ནས་དཀར་བོང་བོང་ཞིག་མ་ཡིན་པར། མི་རེ་རེའི་མི་ཚེའི་ནང་དྲང་ལྡོག་དང་ལེགས་ཉེས་ཀྱི་དཀར་ནག་གཉིས་ཀ་མངའ་བ་ཇི་བཞིན། མི་སྣ་ཞིག“ཞིབ་དཔྱོད་སྟེགས་བུར”ཁྲིད་ནས་དགག་སྒྲུབ་བྱེད་པའི་སྒང་ལ་ཡང་། མདུན་རྒྱབ་གཉིས་ཀ་ནས་བལྟ་དགོས་པ་སྨྲོས་མེད་ཡིན་པས། ངས་ནམ་རྒྱུན་ཚུལ་ཁྲིམས་བློ་གྲོས་ལགས་དང་ཞོགས་དུང་ལགས་སོ་སོར་ཐུན་མིན་ཁྱད་འཕགས་ཀྱི་ཤེས་རབ་མངའ་བ་རྟོགས་ཤིང་། དུས་རབས་འདིའི་བོད་མིའི་སྤྱི་ཚོགས་ལ་མེད་ཐབས་བྲལ་བའི་དམིགས་བསལ་གྱི་སྐྱེས་བུ་ཆེན་པོ་གཉིས་ཡིན་པའང་གཞིར་བཞག་པས། ༢༠༠༧ལོར་ཟི་ལིང་དུ་ཞོགས་དུང་ལགས་ལ་ཐོག་མར་འཕྲད་སྐབས་ཀྱང་སོ་སོའི་ལངས་ཕྱོགས་མ་ཡལ་བའི་སྒོ་ནས། སོ་སོའི་ནང་མཐུན་གྱི་བརྩི་འཇོག་ཡོད་དགོས་པའི་རེ་བ་ཞུས་མྱོང་ཡོད། འོན་ཀྱང་། ད་ལྟའི་དུས་འདིར་བོད་ཡུལ་གྱི་ས་ཆ་འགའ་རེར་ཡི་གེ་ཤེས་པ་དང་མི་ཤེས་མཁན་ཤིན་ཏུ་མང་བོས། “དགེ་བཅུའི”[5]གནད་དོན་ཁྱེར་ནས་ཚུལ་ཁྲིམས་བློ་གྲོས་ལགས་ལ་འཐབ་རྩོད་བྱེད་ཀྱི་འདུག་ཅིང་། ཁོ་ཚོས་ཁོང་གི་མིང་ཙམ་ཡང་དྲང་མོར་མི་ཟློ་བར“ཚུལ་བློ”དང“ཚུལ་བློ”ཞེས་སུ་སྒྲོག སྤྱིར་ན་མིང་ཙམ་རྒྱས་བསྡུས་བྱས་མིན་ནི་དོན་དག་ཆེན་པོ་ཞིག་མ་རེད་མོད། ང་ཚོས“ཏྰ་ལའི་བླ་མ”མཆོག་ལ“ཏྰ་བླ”ཡིས་མི་འབོད་པར་ཡང་རྒྱུ་མཚན་ཡོད་པས། ཁོ་ཚོའི་སྨྲ་བའི་ཁྲོད་ཀྱི“ཚུལ་བློ”ཁོ་ནས་ཀྱང་ཁོང་ལ་སྙིང་ནད་དྲག་པོ་ཡོད་པ་མངོན་པར་མཚོན། མ་གཞིར“དགེ་བཅུ”[6]ནི་རྩ་བ་རྒྱས་ཤིང་རྩེ་མོ་ཚུགས་ཏེ་ལོ་ངོ་མང་བོ་སོང་བའི་གནད་དོན་ཞིག་ཡིན་ཞིང་། དོན་འདི་ཐོག་མར་ཁམས་ཕྱོགས་སུ་བསྟར་བའི་སྐབས་ཀྱང་བདག་གིས་སྐད་ཆ་རབ་ཏུ་མང་བོ་བཤད་མྱོང་ཡོད་པས། ད་ནི་སླར་ཡང་བསྔོག་པར་མི་དགའ་མོད། དོན་འདིར་དུས་རབས་དང་སྤྱི་ཚོགས་ཀྱི་ཁ་ཕྱོགས་ལ་ཡོངས་ཁྱབ་མི་འཕྲོད་པའི་མི་དགེ་བའི་ཆ་གང་མང་ཡོད་པ་ནི་དངོས་གནས་ཡིན་ཡང་། འདིས་བོད་མིའི་ད་ལྟའི་ཁ་འཐོར་གྱི་སྲུང་མ་དང་། དེ་བས་ཀྱང་། དངོས་དང་བརྒྱུད་ནས་ཁམས་ཕྱོགས་ཀྱི་དམུ་རྒོད་མང་ཚོགས་ལ་འགོག་སྲུང་དང་དྲང་སྐྱོང་གི་ལམ་ཕྱོགས་སྟོན་གྱི་ཡོད་པ་ཡང་བསུབ་ཐབས་མེད་པས། ཐམས་ཅད་འགྲོ་བ་མིའི་ཐོབ་ཐང་གི་ཞིང་ས་རྣམ་པར་དར་བའི་སྤྱི་ཚོགས་གཞན་ཞིག་གི་གཞུང་བར་བལྟས་ཏེ་ཐག་གཅོད་ཀྱི་མང་དྲགས་ན། རྒྱབ་ལྗོངས་མི་གཅིག་པའི་རང་རང་གི་སྤྱི་ཚོགས་ཀྱི་དོན་དངོས་ལ་མི་འཚམ་པའི་གནད་དོན་ལྷག་མོ་ཡང་འབྱུང་མི་འོང་ངམ། དེ་ལྟ་ན། སྤྱི་ཚོགས་མི་འདྲ་བའི་གཤིས་སྤྱོད་དང་འཚོ་ཐབས་ཁག་ལ་ལམ་ལུགས་ཀྱང་མི་འདྲ་བ་འཇོག་གི་ཡོད་པར་རྒྱུ་མཚན་ལྡན་ཏེ། སོ་སོའི་ལུས་ལ་འོས་པའི་གོས་དང་མགོ་ལ་བདེ་བའི་ཞྭ་ཞིག་བཟོ་བ་ལས་གཞན་མིན་ལ། ཡང་ན། འགྲོ་བ་མིའི་རང་དབང་འདྲ་མཉམ་གྱི་ཞིང་ས་རྣམ་དག་ཅིག་འཚོལ་བར་ཡང་ས་བོན་དལ་གྱིས་ས་ལ་འདེབས་པ་ལས། འཐབ་རྩོད་གཅིག་གི་ངང་ལ་ཐམས་ཅད་གཏོར་བཅོམ་གྱིས་གསར་བརྗེ་བྱ་རྩིས་ནི་ཁྱིམ་མཚེས་རྒྱལ་ཁབ་རྣམས་བརྒྱུད་མྱོང་བའི་འཇིགས་སུ་རུང་བའི་ལམ་བུ་གང་ཉིད་ཨེ་ཡིན་བསམས། གང་ལྟར་ཡང་། ཕྱི་ནང་གི་རླུང་དམར་དྲག་ཏུ་རྒོད་པའི་དུས་སྐབས་འདི་འདྲ་དང་། རིག་གནས་དང་སྤྱི་ཚོགས་ཀྱི་བདེན་དྲང་ཉམས་ཉེས་སུ་འགྲོ་བཞིན་པའི་གནས་བབས་འདི་འདྲའི་སྒང་ལ། ང་ཚོའི་ཕ་ཡུལ་མི་དམངས་ཁ་འཐོར་དུ་མི་འགྲོ་བའི་ལམ་ཞིག་ཤིན་ཏུ་མཁོ་ལ། ཕྱི་དང་ནང་གི་རང་དབང་རང་རྟོགས་མ་རྒྱས་པ་སོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲོག་ཏུ་ཞུགས་པའི་དམངས་གཙོའི་མཁའ་དབུགས་གཙང་ཡངས་ཤིག་ནི་དུས་ཐུང་ནང་ཚུགས་དཀའ་བས། སྤྱི་ཚོགས་བཙན་སྒྱུར་གྱི་ངོ་གདོང་ཁོ་ནར་བལྟོས་ནས་ཀྱང་རང་བདག་རང་ཆས་ཤིག་མཛད་དགོས་ཀྱི་ཡོད་པ་དྲན། རྒྱུ་དེས། “དགེ་བཅུ”ནི་འདྲ་མཉམ་དང་རང་དབང་གི་གཤོག་པ་རྣམ་པར་ཚང་བའི་མ་ལག་ཅིག་མ་ཡིན་མོད། གཞན་གྱིས་བཙན་ཐབས་དང་དངོས་བརྒྱུད་ནས་བསྒྲིགས་བཅོས་བྱས་པའི་ལག་ཆ་ཁག་ལ་གཞལ་ན་ནི་བོད་རང་གི་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཕྱི་སྲུང་གི་མ་ལག་ཅིག་ཡིན་པར་འདོད་པས། ང་ཚོས་བོད་ས་བོད་མིའི་ལག་ནས་ནར་སོན་པའི་མ་ལག་འདིར་དུས་རབས་ཀྱི་ངོས་དང་སྤྱི་ཚོགས་ཀྱི་ངོས། སྒེར་མི་རེ་རེའི་ངོས་ནས་ལེགས་བཅོས་གང་འཚམས་བྱ་རིགས་ཤིང་། དུས་ཚོད་ཀྱི་འཁོར་ལོའི་ཀློང་དུ། དམངས་ཁྲོད་བརྒལ་ནས་རིག་གནས་པའི་སྡེ་དང་། ཤེས་རྨོངས་པའི་གནས་བརྒྱུད་དེ་ཤེས་ཡོན་པའི་ལག་ལ་སྤྲད་པའི་དུས་ཚེས་ཤིག་འབྱུང་ན། “ཡར་འགྲོ་མར་འགྲོའི་ས་མཚམས”[7]ཀྱི་བར་བརྒལ་སྤྱི་ཚོགས་མགོ་རྟིང་མི་བསློག་པར་ཕན་ནུས་ཀྱང་ངེས་ཅན་ཡོད་ཀྱི་རེད། དེ་མིན། གཡོན་མཐའི་ཆབ་སྲིད་ཀྱི་འཕྲུལ་འཁོར་སྣ་ཚོགས་དྲྭ་རྒྱ་བཞིན་ཕྱོགས་བཞིར་འཐེན་ཞིང་། དཔལ་འབྱོར་གྱི་འདོད་ཧམ་དྲག་པོ་ཡང་ཉིན་བཞིན་མི་རྣམས་ཀྱི་སེམས་ཀྱི་རྩ་བར་ཟུག་པའི་སྐབས་འདི་ལྟ་བུར་ཕྱིན་དུས། རིག་གནས་དང་ཤེས་རིག་གང་གིས་ཀྱང་མ་བརླན་པའི་བོད་རྣམས་སྲིད་གཞུང་གི་ཁྲིམས་ཙམ་གྱིས་ནི་གཅུན་དུ་མེད་པས། ང་ཚོས་སྔར་བཞིན་ཆོས་ལུགས་ཀྱི་སྟོབས་ཤུགས་ལ་བསྟེན་ནས“དགེ་བཅུ”དང“དགེ་བཅུ”རྣམས་ཀྱིས་ཀུན་གཞིའི་ཁམས་ལ་ཆོས་ལུགས་ཀྱི་དད་མོས་ཡོད་པའི་རིགས་ལ་རྒྱུ་འབྲས་ཀྱི་འབོད་སྐུལ་བྱ་བ་ལས། སྐབས་སུ་ཐབས་དམ་པ་གཞན་ཞིག་མེད་པ་ཨེ་ཡིན་ནམ། ཡང་གཅིག་བཤད་ན། “དགེ་བཅུའི”གྲས་སུ་ཆང་མི་འཐུང་བ་དང་ཐ་མག་མི་སྤྱོད་པ། སྨད་འཚོང་མ་མི་བསྟེན་པ་ལྟ་བུའི་སྤྱི་ཚོགས་གསར་བའི་དཔལ་ཡོན་ནང་བེད་སྤྱོད་དང་ཡོངས་བཀག་བྱས་མེད་པའི་རིགས་ཀྱང་ཡོད་མོད། ཉལ་ཐ་འཐེན་ཉོ་དང་རྐུ་ཇག་རྔོན་ལས། མཚོན་འཛིང་རྒྱན་འཇོག་ལྟ་བུའི་མི་ཆོས་ཀྱི་ཁྲིམས་སུ་བཅས་པའི་ཆ་ཡང་འདུག་ལ། ཁྱད་པར་གཅན་གཟན་གྱི་པགས་པ་དང་བཤས་ཚོང་མི་ཆོག་པ་ལྟ་བུའི་ཚེ་སྲོག་གོང་བཀུར་གྱི་ཆ་ཡང་ལྡན་པས། ང་ཚོ་མི་རེ་རེས་རང་རང་གི་ཚེ་སྲོག་ལ་བརྩི་མཐོང་བྱས་པའི་མྱོང་བ་བརྒྱུད་ནས་སྲོག་ཆགས་གཞན་གྱི་ཚེ་སྲོག་ལ་བསམ་བློ་ཨེན་ཙམ་བཏང་བ་ཡིན་ན། ཆོས་ལུགས་ཀྱི་ཞེན་ལྟ་ཙམ་ཞིག་མ་ཡིན་པར། ལྟོས་བཅས་ཀྱི་ཟག་པའི་ངོ་བོར་མངོན་སུམ་དུ་ཤར་བའི་སྲིད་ཁམས་ཀྱི་རྒྱུ་འབྲས་བདེན་སྲུང་གི་བླང་བྱའི་ཁྲོད་དུ། ཚེ་སྲོག་གི་རྩིས་ཐང་ནི་རྩིས་ཐང་གཞན་གང་ལས་ཀྱང་མཐོ་བའི་བཅོས་མིན་གྱི་འདུན་པ་ཟབ་མོ་རང་གིས་རང་ལ་སྤྲད་འོང་ན། ང་ཚོས་སྔར་བཞིན་གཞན་གྱི་ཚེ་སྲོག་རྩིས་མེད་བཏང་བ་ལ་བསྟེན་ནས་རང་ཉིད་འཚོ་སྡོད་བྱེད་པའི་ལས་ནི་གདོལ་སྤྱོད་དང་ཀླ་ཀློའི་ངང་ཚུལ་རང་སྟེ། ཚན་རིག་དང་ཤེས་རིག་གི་དཔལ་དར་བའི་དུས་རབས་གསར་བའི་གཞུང་ལམ་ནང་། མི་རྣམས་ཀྱི་རྟོགས་པ་ཡང་ཉིན་མ་རེ་རེ་བཞིན་གོང་འཕེལ་དུ་འགྲོ་བཞིན་ཡོད་ཅིང་། ཇི་ལྟར། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་དང་བརྩེ་བའི་ཁ་ཐག་ཉེ་རུ་སོང་ན། སྲོག་ཆགས་ཐམས་ཅད་ཀྱི་བདེ་སྡུག་དང་འཚོ་གནས་མཉམ་སྐྱོང་གི་ཁོར་ཡུག་ཀྱང་ཡངས་པོར་འགྲོ་ལ། དེ་བཞིན་མི་དང་མི་མ་ཡིན་པའི་སྲོག་ཆགས་གཞན་གྱི་འདྲ་མཉམ་ཐོབ་ཐང་ཡང་རིམ་བཞིན་ཁ་ཇེ་གསལ་དུ་འགྲོ་ངེས་ཡིན་ཏེ། གནས་སྐབས་སུ་འགྲོ་བ་མིའི་སྤྱི་ཚོགས་ནང་སྲོག་ཆགས་གཞན་པའི་ཚེ་སྲོག་བེད་སྤྱོད་མི་ཆོག་པའི་ཁྲིམས་ལུགས་རྟག་བརྟན་ཞིག་བཅའ་ཐུབ་མེད་ཀྱང་། ད་ལྟའི་བར་དུ་ཤེས་རབ་རྣམ་པར་རྒོད་པའི་ཤར་ནུབ་ཀྱི་སྐྱེས་བུ་ཤིན་ཏུ་མང་བོའི་བླ་མེད་བརྩམས་ཆོས་དབུས་སུ། ཚེ་སྲོག་ཐམས་ཅད་ཀྱི་རིན་ཐང་འདྲ་མཉམ་ཡིན་པའི་ལྟ་བ་གཙོར་འདོན་བྱས་ཡོད་ཁར། དུས་རབས་བཅོ་བརྒྱད་པའི་ལོ་རབས་ཉི་ཤུའི་འགོ་ནས་དབྱིན་ཇི་དང་ཨ་རི། འཇར་མན་བཅས་ཀྱི་སྤྱི་ཚོགས་ནང་སྲོག་ཆགས་གཞན་གྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པའི་མི་སྒེར་དང་ཚོགས་པ་གང་མང་བྱུང་ཡོད་པ་མ་ཟད། སོ་སོའི་སྲིད་གཞུང་གི་རྩ་ཁྲིམས་དཔང་དུ་བཅོལ་ནས་སྲོག་ཆགས་གཞན་པའི་ཚེ་སྲོག་ཐོབ་ཐང་གི་གནད་དོན་ཐད་ཁྲིམས་རྩོད་ཆོག་པའི་དུས་རིམ་ཡང་སྔར་ནས་ཚེས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་། “ཚེ་སྲོག་ཐམས་ཅད་ཀྱི་འཚོ་གཞེས་རིན་ཐང་ལ་བརྩི་འཇོག་ཡོད་པ་དང་། འཚོ་གནས་ཀྱི་མཁོ་གལ་ཕུད། སྲོག་ལྡན་གཞན་དག་གི་འཚོ་གནས་ཀྱི་ཐོབ་ཐང་ལ་བརྩི་འཇོག་ཡོད་འོས་ལ། མི་བྱེད་ཐུ་མེད་བྱུང་ནའང་སྲོག་ལྡན་གང་དེའི་འཆི་བའི་སྡུག་བསྔལ་དང་འཇིགས་སྐྲག་ཆུང་དུ་གཏོང་དགོས”[8]ཞེས། སྲོག་ཆགས་གཞན་གྱི་ཚེ་སྲོག་ལ་སེམས་ཁུར་བགྱི་བའི་འགོ་བརྩམས་ཟིན་པས། མི་རིང་བར་རྒྱལ་སྤྱིའི་ཁ་ཕྱོགས་ཀྱང་སའི་གོ་ལའི་སྟེང་གི་སྲོག་ཆགས་ཐམས་ཅད་ལ་འཚོ་སྡོད་ཀྱི་ཐོབ་ཐང་མཉམ་གནས་ཆགས་པའི་ལམ་ཁར་འགྲོ་བ་ནི་སྨོས་སུ་མེད་ཅིང་། དུས་སྐབས་དེ་འདྲ་ཤར་ཉིན“འགྲོ་བའི་ཐོབ་ཐང”[9]དང“འཇིག་རྟེན་གྱི་ཡོངས་ཁྱབ་རིན་ཐང”རྣམས་ཀྱང་རིམ་བཞིན་རྩ་ཁྲིམས་དང་བཅའ་ཁྲིམས་སྦགས་མའི་སྒོ་ནས་མཛད་འོང་བར་ཡང་ཁག་ཐེག་བྱ་ཆོག དེ་བས་ན། དམིགས་ཡུལ་རིང་ཙམ་ལ་གཞིགས་ནས། “རང་རང་གི་འཚོ་སྐྱོང་ངལ་རྩོལ་མ་བྱས་པར་བཟའ་བཏུང་ལོངས་སུ་སྤྱོད་པ་དེ་དག་ནི་རྐུན་པོ་ཤ་སྟག་ཏུ་ངེས”[10]ཕྱིར། ང་ཚོས་ད་ལྟ་རང་ནས་གཞན་གྱི་ཚེ་སྲོག་ལ་བསྟེན་མི་དགོས་པའི་འཚོ་ཐབས་ཤིག་གདམས་ན་འགྲིག་ཅིང་། འཚོ་ཐབས་དེ་ནི་ཁྲག་དང་སྲོག་ལ་འབྲེལ་བ་མེད་པའི་ཐབས་ཇུས་གཞན་ཞིག་སྟེ། འགྲོ་བ་མིའི་ཁྲོམ་ར་ནས་འགྲོ་བ་མིའི་ལུས་སེམས་ཀྱི་ངལ་རྩོལ་ལས་བྱུང་བའི“རྒྱུ་འབྲས”ཀྱི་འཚོ་གནས“ཕུན་ཚོགས”སུ་སྐྱོང་བ་དེའོ། ། གཞན་ཡང་། ད་ལྟའི་དུས་འདིར“དགེ་བཅུ”བསྟར་ཡོད་པའི་ལུང་པ་མང་ཤོས་ནི་ཁམས་ཕྱོགས་ཡིན་ལ། སྒོས་སུ་ཁམས་སྨད་དུ་ཤུགས་ཆེ་བས། གྲོགས་ཀྱིས་བཤད་པ[11]དང་འདྲ་བར། ང་ཚོས་ཁམས་སྨད་ཀྱི་མང་ཚོགས་ཕལ་ཆེ་བའི་འཚོ་བའི་གནས་བབ་དང་རིན་ཐང་ལྟ་བའི་ངོས་ནས་ད་ལྟའི“དགེ་བཅུའི”ལེགས་ཉེས་གླེང་དགོས་ལ། དམིགས་སུ“དགེ་བཅུ”བཞག་པའི་ལོ་འདི་དག་ནང་ཁམས་ཕྱོགས་ཀྱི་ཁྱིམ་ཚང་རེ་འགའི་འཚོ་ཐབས་དང་མི་འཚམས་པའི་ངན་ཕྱོགས་ཀྱི་ཆ་ཡང་མང་པོ་ཐོན་འདུག་མོད། དེ་ནི་རིམ་གྱིས་སྙོམ་སྒྲིག་དང་ལེགས་བཅོས་བྱ་དགོས་ལ། བྱ་ཐུབ་པའི་རེ་བ་ཡང་བྱེད་ཀྱི་ཡོད། ཡང་ན། སྤྱི་ཚོགས་ཤིག་གི་འགྱུར་བའི་ངོས་ནས་བལྟས་ན་དེ་འདྲ་མེད་མི་རུང་བ་ཞིག་ཀྱང་མ་ཡིན་ཏེ། ཐམས་ཅད་ཀྱི་འདོད་འདུན་ཡོངས་སུ་ཚིམས་པའི་བྱ་གཞག་ཅིག་ནི་དམངས་གཙོའི་འཕེལ་རིམ་ཨང་དང་བོར་བསླེབས་པ་དག་གིས་ཀྱང་ད་དུང་ཐག་མ་ཆོད་པར་ལྷག་པས། སྤྱིའི་ཆ་ནས་བལྟས་ན། ནང་གསོད་དང་ནང་རྐུ། ནང་ཇག་དང་ནང་འཇོམས་སྔར་བས་ཇེ་ཉུང་དུ་སོང་བའི་ཐད་ནས། “དགེ་བཅུའི”ཡིས་ཁམས་པའི་མི་མང་གི་ཀུན་སྤྱོད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡང་ཆེ་ཙམ་འདོན་ཐུབ་འདུག དེ་ལྟ་ན། “དགེ་བཅུ”ལག་བསྟར་ལ་གྲོས་འགོ་ཤུགས་ཆེན་འདོན་མྱོང་ཡོད་པའི་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་ཀྱང་། བོད་མིའི་ལོ་རྒྱུས་དང་སྲོལ་རྒྱུན། མང་ཚོགས་ཀྱི་གནད་ཀར་ཅུང་ཟད་ཞིབ་མོར་བལྟས་ཏེ་བཤད་པ་ལས། དེང་གི་རང་ཅག་ལོ་གཞོན་ཚོས་འུར་གྱིས་ཐག་བཅད་པ་ལྟ་བུ་ཙམ་ཡང་མིན་ཚོད་རེད། འོན་ཀྱང་། ངས་ནི“དགེ་བཅུ” དང་ཚུལ་ཁྲིམས་བློ་གྲོས་གཉིས་སོ་སོར་དབྱེ་སྟེ་དོན་དག་གཉིས་ཀྱི་ཚུལ་དུ་སྨྲ་ཡི་ཡོད་པས། “དགེ་བཅུའི”གནད་དོན་ནི་སྐབས་སུ་མ་བབ་པའི་ལས་དང་། ཚུལ་ཁྲིམས་བློ་གྲོས་ནི་སྐབས་སུ་བབ་པའི་ལས་སོ། ། འོ་ན། ལོ་འདི་དག་ནང་ཚུལ་ཁྲིམས་བློ་གྲོས་ལ“ཚིག་མཚོན”[12]འདེབས་པའི་མི་ཇེ་མང་དུ་འགྲོ་བཞིན་འདུག་ཅིང་། ཁོང་གི་ལྡོག་ཕྱོགས་སུ་མཐའ་གཅིག་ཏུ་འགྲེང་སྟེ། མངོན་ལྐོག་ཅི་རིགས་ནས་སྐད་ཆ་སྣ་ཚོགས་ཕར་གཡུག་ཚུར་གཡུག་བྱེད་ཀྱི་ཡོད་པ་འདིས་ཅི་ཞིག་མཚོན་གྱི་ཡོད། ཡང་སྙིང་ཁོང་གི་སྟེང་ལ་ཤོར[13]བའི“དགྲར་འཛིན་གྱི་འདུ་ཤེས”འཆང་བའི་མི་དེ་དག་སུ་ཡིན་ནམ། དེ་ཡང་སྤྱི་ཚོགས་ཀྱི་ཁྲི་འཕང་མཐོན་པོར་བསླེབས་པའི“སྐར་ཆེན”ལྟ་བུའི་མི་སུ་ཡིན་ཡང་། སྤྱི་ཚོགས་ཁྲོམ་རའི་ཁྲོད་དུ་སྐད་ཆ་སྣ་ཚོགས་འུར་བ་ནི་ཆེས་རྒྱུན་ལྡན་ཞིག་སྟེ། རང་ཅག་མ་ཡིན་པའི་དཔལ་ཡོན་གྱི་ཁོར་ཡུག་རྣམས་སུ་ཡང་སྤྱི་ཚོགས་ཀྱི་གཟེངས་ཐོན་མི་སྣའི་རིགས་ལ་དྲང་ལྡོག་གང་རུང་གིས་དཔྱད་འཇོག་དང་རྣམ་འགྱུར་སྟོན་པ་ནི་སྤྱི་དམངས་སོ་སོར་མ་མཐའི་ཐོབ་ཐང་དུ་ཡོད་སྐད། དེ་བཞིན། ཚུལ་ཁྲིམས་བློ་གྲོས་ལགས་ཀྱི་བྱ་སྤྱོད་དང་གསུང་སྒྲོས། ལྟ་ཚུལ་སོགས་ལ་ཡང་བོད་མི་ཚོས་དྲང་ལྡོག་གི་དཔྱད་འཇོག་སྣ་ཚོགས་བཟོ་རུང་བ་ནི་ང་ཚོ་ཐུན་མོང་གི་ཐོབ་ཐང་ཡིན་ཞིང་། མི་རྣམས་ཀྱིས་ནོར་འཆུག་དང་དྲང་ལམ་སོ་སོར་ལྷག་བསམ་གཙང་མས་བསམ་འཆར་ཕུད་པ་ནི། སྤྱི་ཚོགས་ཀྱི་ལས་མི་ཞིག་ལ་མཚོན་ན་དགའ་སྤྲོ་དང་སྤོབས་པ་སྐྱེ་འོས་པའི་དོན་བཟང་ཞིག་རེད་པས། ང་ཚོས་རང་གི་ཐོབ་ཐང་གི་ཐོག་ནས་ཁོང་གི་ལྟ་སྤྱོད་ལ་ལྟ་ཚུལ་འདོན་པའི་དབང་ཆ་ཡང་བརྒྱ་ཆ་བརྒྱར་གནས་ཡོད། ཡང་ཟུར་གཞན་གྱིས་བཤད་ན། ཚུལ་ཁྲིམས་བློ་གྲོས་ལགས་ནི་བོད་ཀྱི་རིག་གནས་ཁྲོད་ནས་ནར་སོན་ཏེ་བོད་མིའི་ཤེས་རིག་དར་སྤེལ་དང་སྤྱི་ཚོགས་དྲང་སྐྱོང་བྱེད་མཁན་ཤིག་ཡིན་གཤིས། བོད་མི་རེ་རེ་ནི་བོད་ཀྱི་ཤེས་རིག་དང་འབྲེལ་བ་དམ་ཟབ་གནས་ཡོད་པ་བཞིན་དུ། ཁོང་ཡང་བོད་མི་རེ་རེ་དང་འབྲེལ་བ་ཟབ་མོ་ཡོད་པས། བོད་མི་རེ་རེའི་ལྟ་ཚུལ་ནི་སྤྱི་ཚོགས་ལྟ་ཚུལ་ཆགས་པའི་གཞི་མ་དང་བོད་མིའི་བདེ་སྡུག་བརྗོད་པའི་གཞི་མ་ཡང་ཡིན་ན། བོད་མི་རེ་རེའི་བདེ་སྡུག་ནི་ཁོང་གི་བདེ་སྡུག་ཀྱང་ཡིན་དགོས་ལ། བོད་མི་རེ་རེའི་ཆགས་འཇིག་ཀྱང་ཁོང་གི་ཤེས་རིག་ཆགས་འཇིག་གི་རྩ་བ་ཡིན་ན་འགྲིག་པས། བོད་མི་རེ་རེས་རང་རང་གི་བདེ་སྡུག་སྣ་ཚོགས་བོད་མིའི་སྤྱི་དོན་ཁུར་དུ་བཞེས་པའི་མི་སྣ་ཚོའི་སྙན་དྲུང་དུ་གསོལ་བ་ནི་ཤིན་ཏུ་གལ་ཆེ་ལ། གལ་ཏེ་དབང་ཆ་དེ་ཙམ་ཡང་མེད་པར་ཇི་མཛད་ཆོས་དང་ཇི་གསུངས་བདེན་དུ་བརློམ་དགོས་པའི་བཀའ་བསྒྲགས་ཚེ། དེ་ནི་སུ་ཞིག་ཡིན་རུང་སྒེར་གཅོད་ཤ་སྟག་ལས་གཞན་མ་ཡིན། འོན་ཀྱང་། ང་ཚོས་གཞན་གྱི་བྱ་སྤྱོད་ལ་ལྟ་ཚུལ་འདོན་པའི་སྒང་ལ། གཞན་གྱི་བདེ་སྡུག་དང་རྩིས་ཐང་། དད་མོས་དང་ལངས་ཕྱོགས། དཀའ་ཁག་སོགས་ལ་བརྩི་བཀུར་མ་བཟོས་པ་ཡིན་ན། དེ་ནི་ཐོབ་ཐང་ཐལ་མཐར་སྤྱོད་པའི་ཁོངས་སུ་གནས་པ་ཡང་གསལ་བོ་ཤེས་དགོས། ད་ནི་བར་འདི་ནས་མི་ལོ་བཅུ་ལྷག་གི་བོད་ཀྱི་རིག་གནས་སྣང་ཚུལ་ལ་ཕྱིར་རྟོག་ཐེངས་གཅིག་བྱས་ན། ཞོགས་དུང་ལགས་ཀྱིས«མཚོ་སྔོན་བོད་ཡིག་གསར་འགྱུར»ནང«བག་ཆགས་དོང་སྤྲུག»བཀོད་པའི་རྗེས་ནས་ད་ལ་ཐུག་པར། བོད་མི་ཚོས་རིག་གནས་གསར་བའི་ཆ་ཙམ་འདྲིས་པའི་བྱ་སྤྱོད་ཐམས་ཅད་ཞོགས་དུང་ལགས་ཀྱི་མགོར་བཞག་ནས། ཁ་ལ་ཅི་ཡོང་གིས་སྡིག་དམོད་དང་ལེ་འདེད་ཁོ་ན་བྱས་པ་རེད་ལ། ན་གཞོན་ག་གེ་མོས་རྩོམ་ཐུང་ཞིག་བྲིས་པ་ཚུན་ནས་ཁྱིམ་མིར་ཁ་ངན་བསླངས་པའི་བར་གྱི་ལས་ཀ་ཐམས་ཅད་ཁོང་གིས་ངན་བསླངས་པའི་ཆར་བཞག་པའི་ཁར། ན་གཞོན་ཆེ་གེ་མོས་བསང་ཁྲི་བཤིག་པ་སོགས་ཀྱང་ཞོགས་དུང་གིས་བཤིག་ཏུ་བཅུག་པའི་ཆ་འཇོག་བྱེད་ཀྱི་ཡོད། དེ་བཞིན་གྲྭ་བ་ཡོན་ཏན་པའི་སྡེ་ཡི་བརྒྱ་ཆ་མང་ཤོས་ཀྱིས་སྐད་ཆ་དང་རྩོམ་ཡིག་གི་མདུང་རྩེ་ཞོགས་དུང་སོགས་ལ་གཏད་དེ། ཁོང་ཅག་གི་བསམ་སྤྱོད་ཐམས་ཅད་མ་རུང་བདུད་ཀྱི་ཆོ་འཕྲུལ་འབའ་ཞིག་ཏུ་བསྒྲགས་ཤིང་། དུས་ད་དུང་ཡང་གྲྭ་བ་ཡོན་ཏན་པ་མང་བོའི་བསམ་བློའི་ནང་ཞོགས་དུང་སོགས་ཀྱི་ལྟ་ཚུལ་ཤོང་གི་མེད། སྐབས་དེའི་ཞོགས་དུང་འཐབ་རྩོད་ཆེན་པོའི་ལས་འགུལ་ཁྲོད་ཚུལ་ཁྲིམས་བློ་གྲོས་ལགས་ཀྱང་གཙོ་བོའི་གྲས་སུ་ཞུགས་ཡོད་ལ། ཁོང་གིས་ཞོགས་དུང་ལགས་ལ་བྲིས་པའི«བག་ཆགས་དོང་སྤྲུག་གི་ལན་དུ་བརྗོད་པ་རྨོངས་པའི་མུན་འཇོམས»[14]ཞེས་པའི་རྩོམ་ཐུང་གང་གི་ཤན་ཤུགས་དང་བག་ཆགས་ཀྱི་དབུགས་སྣེ་ད་དུང་ཡང་མུ་རྒྱུན་མ་འགག་པར་ལྷག་བསྡད་ཡོད། འོན་ཀྱང་། བདག་གིས་བཤད་འདོད་པ་ནི་ཚུལ་ཁྲིམས་བློ་གྲོས་དང་ཞོགས་དུང་ཟུང་གི་ཤེས་རིག་ལྟ་ཚུལ་གྱི་འགལ་འབྲེལ་མ་ཡིན་པར། དུས་སྐབས་གང་དེའི་སྣང་ཚུལ་དེ་དང་གཅིག་པ་གཅིག་རྐྱང་ཞིག་ལོ་འདི་དག་ནང་བྱུང་ཡོད་ལ། དེ་ནི་སྔར་གྱི་ཞོགས་དུང་གི་གནད་དོན་དེ་འདྲ་ད་ནི་ཚུལ་ཁྲིམས་བློ་གྲོས་ཀྱི་དབུར་ཡང་བསླེབས་པ་སྟེ། བོད་ཁོག་གི་དགོན་པ་ག་གེ་མོའི་དགོན་ཁྲིམས་ཀྱི་བྱས་ཉེས་དང་བླ་སྤྲུལ་གཞན་གྱིས་བསག་པའི་དམངས་སྤེལ་གྱི་ཆོས་ཁྲིམས་སྣ་ཚོགས། དེ་བཞིན་དགོན་དཔོན་དང་སྡེ་དཔོན་སོ་སོས་རང་རང་གི་དབང་འཛིན་བརྟན་པོར་སྲུང་བྱེད་དུ་ཁ་གཡར་བའི“དགེ་བཅུ”དང་འབྲེལ་མ་འབྲེལ་གྱི་དོན་དག་ཕྲ་རགས་ཐམས་ཅད་ཀྱང་ཚུལ་ཁྲིམས་བློ་གྲོས་ཀྱིས་བསགས་པའི་ནག་ཉེས་སུ་བགྲངས་པ་མ་ཟད། ཐ་ན་དགོན་པ་ཁར་ཁེར་གྱིས་རྐུན་ཇག་ལ་ཉེས་ཁྲིམས་གཅོད་ལུགས[15]རྣམས་ཀྱང་ཚུལ་ཁྲིམས་བློ་གྲོས་ཀྱིས་བཞག་པའི“དགེ་བཅུའི”རྣམ་གྲངས་སུ་བརྩིས་ནས་འཐབ་མོ་དང་ཟུར་ཟ་འདྲ་མིན་ཁ་དར་ཡོང་གི་ཡོད། སྤྱིར་ན“དགེ་བཅུའི”གནད་དོན་དང“དགེ་བཅུ”ཁྲིམས་ལུགས་སུ་གཏོང་མཁན་གྱི་གནད་དོན། དེ་བཞིན“དགེ་བཅུ”དགེ་བ་ལྟར་མ་སྤེལ་བར་ལོག་འཚེ་དང་གཞན་གནོད་ཀྱི་ཚུལ་དུ་སྤེལ་མི་རྣམས་ནི་སོ་སོར་དབྱེ[16]དགོས་ཤིང་། ཚུལ་ཁྲིམས་བློ་གྲོས་ལགས་ཀྱི་མིང་དང་བྱེད་ཐབས་གཡར་ནས། རང་རང་གི་དབང་འཛིན་གྱི་ཁོར་ཡུག་རྒྱ་ཆེ་རུ་གཏོང་བའི་ཕལ་བའི་མིག་གིས་མི་མཐོང་བའི་དེང་གི་བླ་སྤྲུལ་མཁན་གསུམ་ཁ་ཅིག་གི་གསང་བའི་སྤྲུལ་བསྒྱུར་དག་ཀྱང་ངེས་ཙམ་ཡོང་ན་ནི་ཆོག་མོད། མི་མང་གི་ཞོགས་འུར་གྱི་ཀློང་དུ་བལྟས་ན། ད་ལྟའི་དུས་འདིར་བོད་མིའི་སྤྱི་ཚོགས་ཐུར་དུ་རྒུད་པའི་སྒེར་གཅོད་ཀྱི་གཏེ་བོ་དངོས་མ་ནི་ཚུལ་ཁྲིམས་བློ་གྲོས་ལགས་ཡིན་པའི་ཉམས་བཟོ་ཤུགས་ཆེན་འདུག་ལ། ད་དུང་ཁ་ཅིག་གིས་ཚུལ་ཁྲིམས་བློ་གྲོས་ལགས་དང་དབུས་གཞུང་བར་ལ་འབྲེལ་ལམ་ཧ་ལས་པའི་ཟབ་མོ་ཡོད་མདོག་གི་གླེང་ཕྱོགས་ཀྱང་ག་ས་གང་དུ་སོང་ནས་བཟོས་དང་བཟོ་ཡི་འདུག[17]པས། སྣང་ཚུལ་འཇིགས་སུ་རུང་བ་འདི་དག་མཐོང་ཐེངས་རེ་རེར་ང་ནི་སྔར་བཞིན“ཕྱི་ལ་མི་སྐྲག་ནང་ལ་སྐྲག”[18]པའི་ཆ་དེ་མ་ཉམས་པར་ཐོན་འོང་། ཡིན་ནའང་། ཤིན་ཏུ་ངུ་བྲོ་ཞིང་ཡ་མཚར་འོས་པ་ནི། ད་རེབ་ཚུལ་ཁྲིམས་བློ་གྲོས་ལགས་ལ“དམར་པོའི་དྲི་མ”ཡོད་མདོག་ཤུགས་ཆེན་བསྟན་ཞིང་། རིག་གསར་གྱི་ལྷག་མ་སྐྱོང་མཁན་དང་སྒེར་གཅོད་དབང་འཛིན་གྱི་བསྟན་པ་སྤེལ་མཁན། བོད་མིའི་སྤྱི་ཚོགས་ལ་ཕུང་དཀྲུགས་དང་འཚོ་བར་བར་ཆད་བྱས་སོང་ཞེས་གླེང་ཕྱོགས་གཙོ་བོ་བཟོ་མཁན་རྣམས་ནི། སྔར་བོད་མིའི་སྤྱི་ཚོགས་ཀྱིས“ཆོས་ལ་སྡང་ཞིང་རིག་གསར་སློང”བའི་ཞྭ་མོ་བསྣབས་མྱོང་ཡོད་པའི་ཞོགས་དུང་ལགས་མ་ཐེ་བའི་ཞོགས་དུང་གི་བསམ་བློའི་ཤུལ་རྗེས་འབྲངས[19]པའི་གྲོང་བ་ཤེས་ཡོན་སྨྲ་བ་འགའ་དང་། དེ་དག་འུར་ལ་བསྐྱོན་པའི་གྲྭ་རྒན་རེ་གཉིས་རེད། “ཞོགས་དུང་གི་གཡམ་རྒྱུག”(མང་ཚོགས་ཀྱི་སྐད་ཆ)པ་འདི་རྣམ་པས། ད་ནི“ཚུལ་བློའི་གཡམ་རྒྱུག”དང“ཚུལ་བློའི་རྒྱུག་ཁྱི”ཞེས་པ་སོགས་ཀྱི་འཕྲེད་དར་བསྒྲེངས་ནས། ཚུལ་ཁྲིམས་བློ་གྲོས་ལགས་ལ་དགའ་གུས་བཟུང་བའི་མང་ཚོགས་རྣམས་ཀྱི་དད་མོས་ལ་ཕུད་རྒྱག་གཏོང་བཞིན་འདུག་ལ། ལོ་འདི་དག་ནང“འགྲོ་བ་མིའི་ཐོབ་ཐང”དང“འགྲོ་བ་མིའི་ཐོབ་ཐང”གི་གཤོག་ཡས་ལྟ་བུའི“དད་མོས་རང་དབང”མ་ཎི་བཞིན་བགྲངས་རྗེས་སུ། “མི་བུའི་རྩིས་ཐང”དེ་ཉིད་བྱེ་བྲག་མི་སྒེར་རེ་རེར་འབབ་དགོས་པའི་ལྟ་ཚུལ་གྱི་ཀློང་ནས། ག་ས་གང་དུ་ཚུལ་ཁྲིམས་བློ་གྲོས་ཀྱིས་གནའ་ཉེ་དེང་གསུམ་ཐམས་ཅད་ལ་བསགས་པའི་ཉེས་པ་རི་བོ་ལས་ཀྱང་ལྗིད་པ་དྲིལ་སྒྲོག་བྱེད་ཀྱི་ཡོད་ཅིང་། ཁོང་གིས་བསྒྲིགས་པའི“མིང་མཛོད” ནི“གློའུ་མཛོད”དང་། ཁོང་གིས་བརྩམས་པའི“སྐད་ཡིག་གི་རྣམ་གཞག”ནི“བརྐུས་རྩོམ།” ཁོང་གིས་བསྐྲུན་པའི“སློབ་གྲྭ”ནི“བཙོན་ར།” ཁོང་གིས་བཤད་པའི“ཞལ་ཏ”ནི“བླུན་བཤད།” ཁོང་གིས་སྤེལ་བའི“ཆོས་ལུགས”ནི“ལོག་ཆོས”རེད་སོགས། ཚུལ་ཁྲིམས་བློ་གྲོས་ལགས་ཀྱི་ལུས་ངག་ཡིད་གསུམ་དང་ཕྱི་ནང་གསང་གསུམ་དུ་ཡིད་རྟོན་ཕེལ་འོས་པའི་ལས་ཤིག་རྩ་བ་ནས་མེད་པའི་བཤད་ཡམས་འདྲ་མིན་ཁྱེར་ནས། “རང་ཉིད་ལས་འགོ་བརྩམས”ཏེ་འཐབ་རྩོད་དྲག་པོའི་གཡུལ་འགྱེད་ཅིག་མི་མཐུད་དུ་སྤེལ་གྱི་འདུག དྲང་མོར་བཤད་ན། ང་རང་ལོ་འདི་དག་ལ་གྲོང་བ་ཤེས་ཡོན་སྨྲ་བའི་སྡེ་ལ་རེ་བ་མཐོན་པོ་འཛིན་མཁན་གྱི་གྲས་སུ་ཡོད་དེ། ཁོང་ཚོར་གྲུབ་མཐའ་འཐེན་འཁྱེར་གྱི་ཉོག་དང་ཆོས་ལུགས་ཕྱོགས་འཛིན་གྱི་གཡོན་མཐའི་ཆ་རྣམས་ཅུང་ཟད་སྲབ་པས། གྲྭ་རྒན་ཨུ་ཚུགས་ཅན་ཚོར་བལྟོས་ན་ལེགས་པའི་སྔོན་འགྲོ་མང་དུ་ཡོད་པར་འདོད་ལ། ལྷག་ཏུ“འགྲོ་བ་མིའི་ཐོབ་ཐང”ཤུགས་ཆེན་གླེང་སློང་བྱེད་པའི་ན་གཞོན་ཚོར་དེ་བས་ཀྱང་ཉེ་བར་བཅར་ཡོད་མོད། མི་ནི་ལྷན་སྐྱེས་ཀྱི་ཁྲོད་ནས་འདི་ལྟ་ཞིག་ཡིན་ནམ། གང་ལྟར། ཁྲིམས་ལུགས་སྲོག་བཞིན་བཤད་ཀྱང་ཁྲིམས་དང་འགལ་བའི་ལས་སྒྲུབ་པ་དང་། ཆོས་ལུགས་ཁ་ལ་ཟློ་བཞིན་ཆོས་ཀྱི་རྩ་དགོངས་དང་འགལ་བའི་ལས་སྒྲུབ་མཁན་ཤིན་ཏུ་མང་བ་ལྟར། “ཡོངས་ཁྱབ་རིན་ཐང”དང“འགྲོ་བ་མིའི་ཐོབ་ཐང”དཀྱིལ་དུ་བརྗོད་ཀྱང་། ནམ་རྒྱུན་གྱི་འཚོ་བའི་ནང“འགྲོ་བ་མིའི་ཐོབ་ཐང”གི་བླང་བྱ་ལ་རྒྱབ་འགལ་གཅིག་མིན་དུ་བཟོ་བའི་ཡི་གེ་པ་ཡང་རབ་ཏུ་མང་བོ་འདུག ཁོང་ཚོས་ཡི་གེའི་རལ་གྲི་ཁྱེར་ནས་རང་གི་ལྟ་ཚུལ་གྱི་ཕ་རོལ་དུ་ཡོད་པའི་སེམས་ཅན་སུ་ཡིན་ལ་སྐད་ཆས“ཐུབ་ཚོད”བྱེད་འོང་ལ། ཁོང་ཚོས་ཡི་གེའི“བདེན་ལུགས”ཕྱར་ནས་ཕྱོགས་གཅིག་ནས་མི་དམངས་མང་ཚོགས་ཀྱི“ལམ་སྟོན་པ”ཚོར་སྐྱོན་བརྗོད་དང་དགག་པ་ནན་མོ་རྒྱག་ལ། ཡང་ཕྱོགས་གཅིག་ནས་ཁོང་ཚོ་རང་གིས་མི་དམངས་མང་ཚོགས་ལ“ལམ་སྟོན”དང“ཐག་ཆོད”གསལ་བོ་བྱེད་འོང་། འདི་ནི་ད་ལྟའི་རང་ཅག་གི་ཤེས་ཡོན་པ་མང་ཤོས་ཀྱི་སྲོལ་ལུགས་ལྟ་བུར་ཆགས་པའི་ཐུན་མིན་གྱི་རང་གཤིས་དང་། མི་རྣམས་ཀྱི་གཉུག་མར་གནས་པའི“ཉོན་མོངས”པའི་གྲུབ་ཆའི་རིགས་ཤིག་ཀྱང་མིན་འགྲོ་བསམས། གང་ལྟར། ད་དུང་མི་འདི་རིགས་ཀྱི་ཁྲོད་དུ་མཐོ་ཡི་རིན་པོ་ཆེ་དང་ཚུལ་ཁྲིམས་བློ་གྲོས་བར་ལའང་དཀྲུགས་ཤིང་ནར་མོ་འཇོག་མཁན་ཡོད་དེ། སྐོར་ཞིག་བྱེས་ལ་ཕྱིན་ནས་བོད་ནང་གི་གནས་ཚུལ་སྐོར་ཞིག་ཡིན་ཅོག་ཅོག་གིས་ཞུ་ཁུལ་བྱས་པ་དག་ཁོང(རིན་པོ་ཆེ)གི་བཀའ་གསུང་གི་མཚམས་རེར་བུད་པ་ན། ཆེད་དུ་ཚུལ་ཁྲིམས་བློ་གྲོས་དང“དགེ་བཅུར”གཟས་པའི་ཟོལ་གྱི་འགྲེལ་བཤད་རྒྱག་གིན་ཡོད་ལ། ཡང་། བར་གྱི་ཞོགས་དུང་སོགས་དང་དཀྲུགས་ཤིང་བཀར་བ་སྟེ། ཟི་ལིང་དུ་འབྱོར་མ་ཐག་ཞོགས་དུང་སོགས་ལ་དངོས་བརྒྱུད་ཀྱི་ཐབས་ལམ་འདྲ་མིན་སྤྱད་ནས། ཁོང་ཅག(རྒན་ཞོགས་དུང་སོགས)ཚུལ་ཁྲིམས་བློ་གྲོས་ཀྱིས་མིག་ལ་མཇོག་གི་མེད་པ་འདྲ་བོ་དང་། ཁོང་ཅག་གི་ཕ་རོལ་ནས་བླ་བཙོང་རྐང་འདྲེན་བྱེད་ཀྱི་ཡོད་པ་འདྲ་བོ། ཁོང་ཅག་གི་ལྟ་ཕྱོགས་ལ་སྡང་ཞིག་ཡ་མཚན་བཟོ་ཡི་ཡོད་པ་འདྲ་བོ་སོགས་ཀྱིས། ཞོགས་དུང་ལགས་དང་ཚུལ་ཁྲིམས་བློ་གྲོས་བར་ལ་འགལ་བའི་ས་བོན་བསྐྲུན་ཨེ་ཐུབ་ལྟ་ཡི་འདུག སྤྱིར་བཏང་ཁོང་གི་ལངས་ཕྱོགས་དང་ཞོགས་དུང་ལགས་ཀྱི་ལངས་ཕྱོགས་རྦད་དེ་མཚུངས་པ་མེད་ན་ཡང་། ཐམས་ཅད་ཀྱིས་ཀྱང་འགོ་རྩོམ་སྟངས་མི་འདྲ་བ་ལས། མི་རིགས་གཅིག་གི་ད་ལྟ་དང་མ་འོངས་པའི་དཀར་ལམ་ལ་བརྩོན་པ་དྲག་པོ་རྒྱག་བཞིན་ཡོད་པས། མི་རིགས་ཞེས་པའི་བཞི་མདོ་འདིར་འཕྲད་དུས་ཀུན་ཀྱང་མཐའ་མཇུག་གི་དབབ་ས་གཅིག་ཏུ་ཁེལ་འགྲོ་ལ། ཡང་གཅིག་བཤད་ན། ཤེས་རིག་གི་རྒྱབ་ལྗོངས་དང་ཕུགས་བསམ་གྱི་ཕོ་བྲང་། སྤྱི་དོན་ལས་འགུལ་ཐད་ནས་ཕན་ཚུན་ཁས་ལེན་བྱ་ཐུབ་པ་མེད་ན་ཡང་། ཞོགས་དུང་ལགས་ལ་མི་རིགས་ཀྱི་བརྩེ་བ་དང་ཤ་ཚ་རྣམ་དག་ཡོད་པའི་སྐོར་ཡང་ཁོང་གིས་དངོས་སུ་བདག་ལ་བརྗོད་མྱོང་ཕྱིར། ལོ་ཟླ་མང་བོའི་ཡར་སྔོན་དུ“དགག་རྩོམ”རི་འདྲ་བ་རེ་བྲིས་མྱོང་ཡོད་པ་བདེན་ན་ཡང་། རིགས་གཞུང་བཅུད་ཀྱིས་རྣམ་པར་སྨིན་པའི་མི་རྣམས་ནི། ཕལ་བའི་མི་བཞིན་རིག་གནས་ཀྱི་ལྟ་ཚུལ་ཡོད་དོ་ཅོག མི་སྒེར་གྱི་འཁོན་སེམས་སུ་འཛིན་པའི་དགའ་སྐྱོ་སྐྱེན་པོ་མངའ་བའི་རིགས་དང་ཅུང་ཟད་འདྲ་ཡི་མི་འདུག དེ་བས་ན། མི་འགའ་རེའི་ཁྲོད་དུ་སྤྲེལ་ལད་སྣ་ཚོགས་འཁྲབ་ནས་གོང་གི་བླ་མ་དང་བར་གྱི་ཤེས་ཡོན་ཅན། འདབས་ཀྱི་མང་ཚོགས་བཅས་ཀྱི་བར་ལ་ཕན་ཚུན་དབྱེན་དཀྲུགས་སློང་བའི་ལས་རྩོམ་མཁན་བདོ་ན་ཡང་། དུས་རབས་ཤིག་གི་ལོ་རྒྱུས་ཀྱི་ཆུ་བོའི་ཁྲོད་འཇིག་མི་ཐུབ་པའི་མི་འགའ་ཤས་ཀྱི་མཚར་སྡུག་ནི་རྡོ་ལ་རི་མོ་བསྐོས་པ་བཞིན་ནམ་ཡང་ཡལ་བ་མེད་ཅིང་། དུས་ནམ་ཞིག་གི་ཚེར་ཞོགས་དུང་ལགས་དང་ཚུལ་ཁྲིམས་བློ་གྲོས་རྣམ་གཉིས་ཀྱང་དགེ་ཆོས་དང་རང་གྲོལ་ལྟར་དུ་ཞིབ་འཇུག་བྱེད་པའི་ཕྱི་རབས་པ་མང་ཙམ་འབྱུང་ངེས་ཡིན་པ་ནི་ཐག་གིས་ཆོད། ཏག་ཏག་སྐབས་དེའི་ཚུལ་ཁྲིམས་བློ་གྲོས་ནི་ད་ལྟའི་དུས་ཀྱི“ཚུལ་བློ”ཡིན་པར་བརྗོད་མི་ཐུབ་སྟེ། ཁོང་གིས་བོད་མིའི་སྤྱི་ཚོགས་ལ་བཞག་པའི་ལག་རྗེས་གཙང་མ་རྣམས་ཀྱང་རིམ་བཞིན་མངོན་འོང་གི་རེད། དེ་ཡང་ང་ཚོས་ལོ་འདི་དག་རིང་གི་ཁོང་གི་མི་ཚེའི་ལས་དོན་རྣམས་ལ་རགས་ཙམ་ཕྱིར་བལྟས་ཀྱང་ཤེས་ཐུབ་སྟེ། སྤྱི་ལོ༢༠༠༡ལོ་ནས་ཚེ་སྲོག་མཉམ་སྐྱོང་བྱེད་པའི་དམིགས་པ་བཟུང་ནས། ཁོར་ཡུག་གི་གནོན་ཤུགས[20]ག་ཙམ་ཡོད་ན་ཡང་། ཤ་ཟས་གནང་བཀག་གི་ལས་འགུལ་སྤེལ་བ་གང་ཉིད། བོད་ཀྱི་གྲྭ་ས་ཞིག་གི་ངོས་ནས་བལྟས་ན་ནང་བའི་ཀུན་སྤྱོད་ལ་སྨན་པའི་ཚེ་སྲོག་དངོས་སྐྱོབ་ཀྱི་གཞི་རྒྱ་ཆེ་བའི་ལས་ཀ་ཐོག་མ་ལྟ་བུར་ཆགས་ལ། གྲྭ་བ་དར་མ་གཅིག་གི་བསམ་བློའི་སྟོབས་ཤུགས་ཀྱིས་བླ་གྲྭ་ཁྲི་སྟོང་མང་བོས་དམར་ཟས་མི་རོལ་བའི་འགོ་རྩོམ་ཐུབ་པ་ནི། ནང་བསྟན་གྱི་འཚེ་མེད་རིག་པའི་བླང་བྱའི་ངོས་ནས་གཞལ་ན་རིན་ཐང་བྲལ་བའི་བསོད་ནམས་དང་དགེ་བ་བསོགས་པ་རེད་ལ། དགེ་བ་དེ་ལྟས་ཁོང་ཚོའི་ལུས་ཕུང་དང་འཚོ་བར་དཀའ་ངལ་ཕྲན་ཙམ་ཡོད་པ་ཀུན་ཀྱང་འཕྲལ་གྱི་དོན་ཆུང་དུ་བརྩིས་བཞག་ཡོད། ཡང་། ༢༠༠༣ལོའི་ལོ་སྟོད་ནས་བཟུང་སྟེ། བོད་མིའི་གདོལ་སྤྱོད་ཀྱི་གོས་རྒྱན་སྣ་ཚོགས་ཏེ། སྟག་གཟིག་རྒྱན་ལྤགས་རྩ་མེད་བཟོ་བའི་སླད་དུ། དངོས་བརྒྱུད་ཅི་རིགས་ནས་བསྐུལ་སློང་བྱས་ནས། དགོན་པ་ནས་མང་ཚོགས་བར་གྱི་མི་མང་གི་སྲོལ་རྒྱུན་འདུ་ཤེས་ལ་ཕྱོགས་ཡོངས་ནས་སློབ་སྟོན་རབ་དང་རིམ་པ་བཟོས་ཤིང་། བྲིས་རྩོམ་ཁྲོད་དང་དཔེ་ཁྲིད་ཁྲོད། དགེ་སྒྲུབ་ཁྲོད་སོགས་ཀྱི་སྐབས་དང་སྐབས་སུ། རྒྱན་ཆས་གོས་འདོགས་ཀྱི་ལུགས་སྲོལ་གང་དེར་སྤང་བླང་ངེས་ཅན་དགོས་པའི་ལྟ་ཚུལ་བཏོན་པར། མཐར། རིན་པོ་ཆེ་སྐུ་དངོས་ཀྱིས་ཀྱང་ལུགས་དེ་འདོར་བར་བཀའ་གསུང་ཟབ་མོ་གནང་བ་སོགས་ཀྱི་མཐུ་ལས། ༢༠༠༦ལོར་བོད་མིའི“རྒྱན་ལྤགས་སྲེག་སྦྱོར་ཆེན་མོ”སྟེ། ལོ་རྒྱུས་ཀྱིས་ནམ་ཡང་བསུབ་ཐབས་མེད་པའི་ལས་འགུལ་གང་དེ་དངོས་སུ་ལེགས་འགྲུབ་བྱུང་ལ། ལས་འགུལ་འདི་ཀའི་ཁྲོད་དུ་ཞོགས་དུང་ལགས་གཙོས་པའི་ན་གཞོན་ཤེས་ཡོན་ཅན་མང་བོས་ཀྱང་སྔ་གཞུག་ཏུ་སྐུ་ངལ་བཟོས་མྱོང་ཡོད། དེ་བཞིན། ༢༠༠༤ཙམ་ནས་བོད་ཀྱི་དགོན་སྡེའི་ལམ་ལུགས་ལ་འགྱུར་བ་གཏོང་དགོས་པའི་གྲོས་གཞི་བཏོན[21]པ་སྟེ། “དེ་ཡང་དགོན་པ་ནི་རབ་བྱུང་བ་ཚོའི་མ་ཡུམ་ལྟ་བུ་དང་། བོད་ཀྱི་གྲྭ་བཙུན་ཚང་མའང་ཐོག་མར་དགོན་སྡེ་ནས་འཚར་ལོངས་བྱུང་ཞིང་མཐར་དགོན་གནས་སུ་ཕྱིར་འཁོར་དགོས་པས་ན། ཡོད་ཚད་དགོན་བདག་དང་དགོན་པའི‘ཨུ་ཡོན་ལྷན་ཁང’གིས་ཐག་གཅོད་བྱེད་པའི་ཁྲིམས་འོག་ནས། དགོན་ལམ(དགོན་པའི་ལམ་ལུགས)གྱི་དཀའ་རྙོག་དང་ཚུལ་མཐུན་མིན་པའི་གནས་སྟངས་སོགས། དགོན་སྡེའི་ཕྱི་ནང་གསང་གསུམ་དག་ཚད་ག་འདྲ་ཞིག་གི་སྟེང་ནས་འགྲོ་བཞིན་ཡོད་པ་ང་ཚོ་ཀུན་ལ་གསལ་ཆ་ངེས་ཅན་ཡོད”[22]པ་རེད། རྒྱུ་མཚན་དེས། “ད་ལྟའི་ཆར་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་འབྱུང་མིན་ནི་དགོན་པའི་ལམ་ལུགས་ལ་འབྲེལ་བ་དམ་ཟབ་ཡོད་དེ། བོད་མི་སུ་ཡིན་ཡང་དགོན་པ་ཞིག་གམ་བླ་སྤྲུལ་ཞིག་གིས་བཀོད་འདོམས་དང་དབང་སྒྱུར་བྱེད་ཀྱི་མེད་པ་ཞིག་ཧ་ལམ་དཀོན་པས། དགོན་པའི་ལམ་ལུགས་ལ་ནོར་འཁྲུལ་བྱུང་ཚེ། བོད་མི་བྱིངས་ཀྱི་གནས་སྟངས་ལ་དཀའ་རྙོག་བཟོ་ལ། དགོན་པའི་ལམ་ལུགས་གཙང་ཡངས་དང་འཐུས་ཚང་ཞིག་ཏུ་གྱུར་ཚེ། བོད་རིགས་སྤྱིའི་ལས་དབང་ལའང་རེ་བ་ཅུང་ཟད་སྨིན་སོང་བ་ཡིན”[23]ཕྱིར། ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས“རྒྱལ་བོའི་རིང་ལུགས”སྐྱོང་བའི་བོད་ཀྱི“སྤྲུལ་སྐུའི་ལམ་ལུགས”ལ་སུན་འབྱིན་དང་འཐེར་འདོན། དགག་པ་མང་དུ་བརྒྱབ་ཅིང་། དགོན་སྡེའི་ལམ་ལུགས་དམངས་གཙོ་ཅན[24]དང་སྤྱི་ཚོགས་ཅན་དུ་གཏོང་བར་འབོད་སྐུལ་བཏང་ནས། དེ་སྔོན་དགོན་བདག་རྣམས་ཀྱིས་སྒེར་བཟུང་བྱས་པའི་དགོན་སྡེའི་གནས་སྟངས་དང་། གྲོང་ཆོག་ཁོ་ནའི་ཁོར་ཡུག་ཏུ་གྱུར་པའི་ཁམས་ཀྱི་དགོན་སྡེ་མང་མང་གི་ལུགས་སྲོལ་བཅོས་བསྒྱུར་དང་། དེར་ནང་བསྟན་སློབ་གསོའི་མཁའ་དབུགས་ཆགས་པར་ཤུགས་བརྒྱབ་པ་སྟེ། དགོན་ལུང་རེ་རེར་བསླབ་གྲྭ་དང་སྒྲུབ་གྲྭ། སྒོམ་གྲྭ་བཅས་ཀྱི་ཐོས་བསམ་སྒོམ་སྒྲུབ་མཛད་པ་ལ་ཕན་ནུས་བླ་མེད་ཐོན་ཡོད། གཞན་ཡང་། ༢༠༠༤ལོར་བོད་མིའི་སྐད་ཡིག་མྱུར་སྐྱོབ་དགོས་པའི་ལྟ་ཚུལ་ཕྱོགས་སུ་སྤེལ་བའི་འགོ་བརྩམས་ཤིང་། ༢༠༠༦ལོར་དངོས་སུ་བོད་སྐད་གསར་བའི་མིང་མཛོད་ཚོ་ཆུང་རྩ་འཛུགས་དང་མིང་མཛོད་གསར་བ་གཙོ་སྒྲིག་གི་ལས་ལ་ཞུགས་པ་ནས། ༢༠༠༩ལོར«འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ»བྲིས་ནས་ད་ལ་ཐུག་པར། ཕྱི་ནང་གི་འགལ་རྐྱེན་དུ་མས་ཉམས་ཉེས་ཤིན་ཏུ་ཚབས་ཆེན་འགྲོ་བཞིན་པའི་རང་ཅག་གི་སྐད་ཡིག་སླད་དུ། བོད་ཀྱི་ཡུལ་གྲུ་སོ་སོར་ཕ་སྐད་གསོ་སྦྱོང་དང་ཡིག་རྨོངས་སེལ་བའི་འཛིན་གྲྭ། སློབ་གྲྭ་ཆུང་འབྲིང་གསར་འཛུགས་སོགས་ཀྱི་ལས་ཀ་བསམ་ཡུལ་ལས་འདས་པ་སྤེལ་ནས། འཆི་ལ་ཉེ་བའི་རང་རེའི་སྐད་ཡིག་གི་དབུགས་རྒྱུན་རིང་དུ་བསྲིངས་ཤིང་། “རང་ཁ་མི་སོས་པའི་རིག་གནས”འདི་ཉིད་ལ་གསོན་ཤུགས་གསར་བ་འཚེར་བར་བྱས། ད་དུང༢༠༡༡ལོའི་ལོ་མཇུག་ནས་བོད་ཡུལ་དུ“ཨེ་ཛིའི་ནད་དུག”སྔོན་འགོག་གི་ཉེན་སྲུང་འཛིན་གྲྭ་དང་དྲིལ་སྒྲོག་འཐུས་མི་བསྒྲུབས་ཏེ། འཛམ་གླིང་གི་ཤེས་བྱའི་སྒེའུ་ཁུང་ཨེན་ཙམ་མེད་པའི་བོད་ཀྱི་ཡུལ་ལུང་ཤོག་གསུམ་ཐམས་ཅད་དུ། ཐབས་ཇུས་ཡོད་དགུས་རང་ལུས་རང་བདག་དང་མི་རིགས་གཙང་སྐྱོད་ཀྱི་དམིགས་ཡུལ་དང་ཤེས་བྱ་བསྒྲགས་ནས། ད་ལྟའི་བར་འགྲན་ཟླ་མེད་པའི་མིའི་རིགས་ཀྱི་ནད་ཡམས་ཆེན་པོ་གང་ལ་གདོང་གཏད་པ་སོགས། མདོར་ན། ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་ད་ལྟའི་བར་དུ་ནང་ཆོས་གཙང་ཡངས་སུ་གཏོང་ཐབས་དང་། བོད་མིའི་སྤྱི་ཚོགས་གསོ་སྐྱོང་གི་ལས་ཀ་ཁོ་ན་དོན་དུ་གཉེར་ཞིང་། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་རིགས་གཞུང་བསམ་བློ་བརྟན་པོར་བསྐྱངས་པས། སྲོལ་རྒྱུན་འདུ་ཤེས་ཤུགས་དྲག་པའི་རང་རེའི་བླ་སྤྲུལ་མཁན་གསུམ་གྱི་སྤྱི་ཚོགས་ཁྲོད། བློ་སྤོབས་དང་དམིགས་ཡུལ། སྒེར་གཤིས་མངའ་བའི་སྤྱོད་ཡོན་གཉིས་ལྡན་དང་ཁ་བཤད་དོན་ཁེལ་བྱེད་པའི་མི་སྣ་ནི་ཁོང་ལྟ་བུ་རེ་གཉིས་ཙམ་ལས་མི་འདུག་ལ། དེ་བཞིན་རིགས་ཀྱི་འདུ་ཤེས་ཟབ་མོའི་ཀློང་ནས། བོད་མི་དམངས་ཀྱི་ཁེ་ཕན་ལ་དོ་ཁུར་རྣམ་དག་བྱས་པར་ནུས་ཤུགས་བླ་ལྷག་ཡོད་པའང་ཁ་ཅིག་ཙམ་དུ་ཟད་པས། ང་ཚོས་མི་རིགས་ཤིག་གི་ཉམས་རྒུད་ཀྱི་གནས་བབ་ཆ་ནས་དང་། སྐད་ཡིག་ཅིག་གི་སྲོག་རྩ་འགག་ལ་ཉེ་བའི་ཆ་ནས། སངས་རྒྱས་ཆོས་ལུགས་པའི་སྤུས་ཀ་ཐུར་དུ་རྒུད་བཞིན་པའི་ཆ་ནས། མི་དམངས་ཀྱི་འདུ་ཤེས་རིན་ཐང་གི་ཆ་ནས། “སངས་རྒྱས་ཀྱིས་ཅུང་ཟད་སྐུ་ངལ་གསོ་གནང་མཛད་ཆོག”[25]པའི“དུས་རབས་ཉེར་གཅིག་པའི་གྲྭ་བ”[26]ཚུལ་ཁྲིམས་བློ་གྲོས་ལགས་ཀྱི་བཟང་ཕྱོགས་ཁག་ཀྱང་ཤེས་ན་འགྲིག་ཅིང་། ལྷག་ཏུ་བོད་མིའི་སྤྱི་དོན་ལ་ཟབ་འཇུག་དང་དང་དོད་བཟོ་བའི་མི་སྤྱི་དང་། བྱེ་བྲག་ད་ལྟའི་བར་དུ་མིག་ཡ་གཅིག་གི་ཟོལ་གྱིས་དགག་རྒྱག་དང་འཐབ་རྩོད་ལ་གོམས་པའི་རིགས་ཀྱིས། ཁོང་གི་ལྟ་སྤྱོད་ཀྱི་དྲང་ལྡོག་གཉིས་ཀར་མཉམ་པོར་བལྟ་དགོས་པ་ནི་སྐད་ཆའི་མདོ་དོན་ནོ།། །། «ཚུལ་ཁྲིམས་བློ་གྲོས་དཀར་འདོན»དང་འབྲེལ་བའི་མཇུག་གི་གཏམ། སྤྱིར་ཡིན་ན་རྩོམ་ཐུང་འདི་འདྲ་ཞིག་འབྲི་འདུན་ཡེ་ནས་མེད་ཀྱང་། ལོ་ཟླ་འདི་དག་གི་བོད་མིའི་དྲྭ་ལམ་གྱི་སྣང་ཚུལ་དང་། དེ་བས་ཀྱང་། ཉེ་སྔོན་བོད་ཡུལ་དུ་ཕྱིན་སྐབས་ཇ་ཁ་དང་ལམ་ཁའི་མཐོང་ཐོས་བརྒྱུད་དེ། མི་འགའ་རེར་ཚུལ་ཁྲིམས་བློ་གྲོས་ཀྱི་ཐད་ལ་གོ་ལོག་ཆེན་པོ་ཞིག་སྐྱེ་བཞིན་པ་ཚོར་ཞིང་། གོ་ལོག་དེ་ནི་མི་སྒེར་གཅིག་ཙམ་མ་ཟད། རིག་གནས་གསར་རྙིང་གི་འགལ་འབྲེལ་ལའང་འབྲེལ་བ་ཟབ་མོ་ཡོད་པ་མངོན་པས། འདིར་གོ་ལོག་དང་བརྡ་ལོག བསམ་ནོར་ཤོར་བའི་སྤུན་ཟླ་དེ་རྣམས་ལ་གསལ་བཤད་ཙམ་བརྒྱབ་པ་ཡིན། དེ་མིན། ང་ཚོས་རང་གི་ལྟ་ཚུལ་གྱི་ཕྱི་ལོག་ཏུ་ཡོད་པའི་མི་རྣམས་ཀྱི་མཛེས་པ་ལ་བསམ་གཞིག་བྱེད་པ་ནི་རང་ཉིད་གཡོན་དུ་མི་ལྷུང་བའི་ལམ་དང་། རྟེན་འབྲེལ་གྱིས་སྦྲེལ་བའི་འཇིག་རྟེན་གྱི་གྲུབ་ལུགས་ལའང་ཉེ་ཙམ་བཅར་བའི་གནད་དུ་འདོད་ཅིང་། ནམ་རྒྱུན་བོད་མིའི་ཤེས་རྒན་རྣམས་ཀྱི་རྒྱབ་གཟུགས་ཁོ་ནར་ལྟ་བའི་རང་དང་འདྲ་བའི་ན་གཞོན་ཚོའི་གོམས་གཤིས་ཁྲོད་དུ། གཞན་མིའི་མཚར་སྡུག་མི་མཐོང་བའི་གྲུབ་ཡོལ་ཡང་ཤུགས་མི་ཆེའམ་སྙམ་པའི་དོགས་པ་ལངས་པས། ཚུལ་ཁྲིམས་བློ་གྲོས་ནི་ལོ་འདི་དག་ནང་སྲོལ་རྒྱུན་གཞུང་ལུགས་རྒྱུད་འཛིན་གྱི་ཚབ་མཚོན་མི་སྣ་ལྟ་བུ་ཡིན་གཤིས། ཁོང་གི་ལྟ་སྤྱོད་དང་འགྲོགས་ཏེ་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་བོད་མིའི་དད་མོས་ལ་བསྐྱར་དུ་བལྟ་དགོས་པའི་འབོད་པ་བྱ་ཁར། བདག་ནི་ད་ལྟའི་བར་དུ་ཁོང་གི་ལངས་ཕྱོགས་དང་བར་ཐག་ཆོད་པའི་ངོས་ནས། ལོ་འདི་ཀའི་སྣང་ཚུལ་རྣམས་དང་བསྡོངས་ཏེ། ཁོང་གི་མི་གཤིས་ཕུད་པའི་སྤྱི་དོན་གྱི་ལག་རྗེས་ལ་གུས་འདུད་ཞུ་བའི་རྣམ་འགྱུར་ཡང་བསྟན་པ་ཡིན། གཞན་ནི། གོང་གི་རྩོམ་ཐུང་འདི་ཉིད་བཀླགས་རྗེས། ཀློག་མཁན་ཚོའི་དབུས་སུ་སྔར“ཞོགས་དུང་གི་རྒྱུག་ཁྱི”ཞེས་པའི་ཚབ་ཏུ་ད་ནི“ཚུལ་ཁྲིམས་བློ་གྲོས་ཀྱི་རྒྱུག་ཁྱི”དང་། སྔར“ཆོས་ལ་མི་དགའ”བའི་སྐད་ཆ་དེ་ཉིད་ད་ནི“རྨོངས་དད་ཞེ་དྲག་ཆེ་བའི”ཚུལ་དུ་བསྒྲག་མཁན་ཡང་འབྱུང་སྲིད་མོད། རང་གི་དགའ་འདུན་དང་བསམ་བློ་གཏོང་ཕྱོགས་ལ་ཉེ་མིན་གང་དུ་གཏོགས་ཀྱང་། རིག་གནས་དང་མི་རིགས། སྤྱི་ཚོགས་བཅས་ཀྱི་ངོས་ནས་རིན་ཐང་འབུར་ཐོན་ཡོད་པའི་སྡེ་ལ་ནི་བདག་གིས་ནམ་ཡང་བརྩི་བཀུར་ལྷག་མོ་བྱ་ལ། གང་ཞིག་རང་གི་སྒེར་གྱི་ཚོར་བ་དང་ལྟ་ཚུལ་ལ་རྒྱབ་འགལ་དུ་གྱུར་ཀྱང་། མིའི་རིགས་དང་མི་རིགས་ཀྱི་བདེན་དྲང་ཁེ་ཕན་ལ་གཅིག་ཏུ་གཞོལ་བའི་དམིགས་བསལ་གྱི་ཁྱད་ཡོན་ལྡན་པའི་རིགས་ནི། བསྔགས་པའི་མེ་ཏོག་གཏོར་བའི་སོ་སོའི་ང་རྒྱལ་དུ་བརྩིའོ། །
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/9/29
འཇུ་གཡུ་སྦྲང་ལགས། ང་ནི་མཁན་ཚུལ་བློའི་མཛད་ཕྲིན་ལ་ངོ་རྒོལ་དང་། རྒྱབ་སྐྱོར་གཉིས་ཀ་ཡོད་མཁན་ཞིག་ཡིན། ཁྱེད་ཀྱིས་གྲངས་རྩིས་ཡག་པོར་མཁྱེན་གྱི་མེད་པ་འདྲ། དགེ་བཅུའི་ཁྲིམས་ལ་བོད་རྒྱ་བརྒྱ་གོ་དགུ་ཕར་ཞོག གསེར་རྟ་བ་བརྒྱ་ཆ་ལྔ་བཅུས་ཀྱང་ཁས་ལེན་གྱི་མི་འདུག ཁྱེད་རྣམས་ཀྱིས་ཤེས་གསལ་ལྟར། རྒྱལ་ཕྱི་ནང་གི་བླ་མ་ཡང་དག་པ་རྣམས་ཀྱིས་ཀྱང་ཁས་ལེན་གྱི་མི་འདུག ཁོང་གི་ཕྱག་ལས་ཁས་ལེན་མཁན་ས་གནས་ཤང་སྲིད་གཞུང་དང་། རྫོང་སྲིད་གཞུང་། མངགས་གཏོང་ཁང་བཅས་ཀྱི་ལས་བྱེད་པ་རྣམས་རེད། དགེ་བཅུའི་ཁྲིམས་ཟེར་བ་རྩ་ཁྲིམས་དང་འགལ་ཡང་། དེང་དུས་བོད་འབངས་དོ་དམ་བྱེད་ཐབས་ལ་ཕན་པས་ན་ས་ཁུལ་སྲིད་གཞུང་གིས་རྒྱབ་སྐྱོར་ཐོབ་པ་རེད། བླ་མས་ཁྲིམས་ལས་བྱ་རྒྱུ་སངས་རྒྱས་ཤཱཀྱ་ཐུབ་པས་བཀག་སྡོམ་རེད། ཡིན་ནའང་རྙིང་མ་བས་ཤཱཀྱ་ཐུབ་པ་ལ་བརྩི་འཇོག་བྱ་སྲོལ་ཆེར་མེད་སྟབས། སངས་རྒྱས་ཀྱི་གསུང་དང་འགལ་བ་མང་པོ་རེད། ད་ལེན་འཚོགས་འདུས་དེའང་སངས་རྒྱས་ཀྱི་གསུང་དང་འགལ། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་ཡང་། ཁོང་ལ་རྒྱབ་སྐྱོར་གནང་མཁན་སུ་ཡོད་ཁྱེད་རྣམ་པས་མཁྱེན་གསལ་རེད། ཁོང་ནི་ཞི་བདེའི་དེདད་དཔོན་རེད་དམ། བོད་ཁུལ་བདེ་འཇག་གི་དེད་རེད་གསལ་པོ་ཞིག་གསུང་རོགས། ངས་ནི་ཁོང་ལ་ངོ་རྒོལ་དང་། རྒྱབ་སྐྱོར་གཉིས་ཀ་ཡོད། ༡༽ ངས་ཁོང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་གཏོར་བཤིག་དང་། མི་སེར་གྱི་འཚོ་བ་ལ་དཀའ་ངལ་བྱེད་རྒྱུ་དེ་ཁོང་ལ་ངོ་རྒོལ་ཡོད། ༢༽ ཁོང་གི་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། བོད་ཁུལ་བདེ་འཇག་གི་ཕྱག་ལས་ལ་མཛད་རྗེས་ཆེན་པོ་གནང་ཡོད་པ་འདི་ལ་ངས་རྒྱབ་སྐྱོར་དང་དགའ་བསུ་ཡོད། 政府无法完成的牧民定居点,慈罗大师就顺利地完成了,这是他的历史性的贡献, 我们不可否认的。祝你们为国为民的工作成功。
 སྤེལ་མཁན: བོད་ཕྲུག སྤེལ་དུས:2014/9/29
སྤྱིར་ས་སྟེང་འདིའི་སྐྱེ་བོ་སུ་ལ་ཡང་དགའ་མི་དགའ་སྣ་ཚོགས་ཡོང་སྲིད་པ་རེད། གནད་དོན་འདི་ལ་མཚོན་ན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་གཟི་བརྗིད་དང་བསྔགས་བརྗོད་བྱས་པ་ཞིག་ལས་གཞན་ཅི་ཡང་མི་མཚོན་། ཉམས་ཆུང་བའི་དུད་འགྲོའི་སྲོག་ལ་དམིགས་ནས་དཀའ་བ་ཁྱད་དུ་གསོད་པ་ངལ་བ་དང་དུ་ལེན་པ་ནི་སྐྱེས་བུ་ཆེན་པོ་ཁོང་གི་གཟི་བརྗིད་རེད། ཁོང་གི་ཐུགས་བསྐྱེད་རེད། དེ་བཞིན་དེ་ལ་མི་དགའ་བར་བལྟས་ནས་སྐྱོན་དུ་སྨྲ་བ་རྣམས་ཀྱང་ལ་ལས་ནི་དངོས་སུ་ནོར་བ་རེད། ལ་ལས་ནི་བསམ་བཞིན་དུ་སྒྲོ་འདོགས་པ་ཡང་སྲིད་མོད། གང་ལྟར་བོད་རིགས་སྤུན་ཟླ་དག་ལ་ནམ་ཡང་ཁོང་ཁྲོ་ཟ་མི་རུང་། བྱམས་དང་སྙིང་རྗེ་ནི་སེམས་ཅན་ཡོད་ཏོ་ཅོག་ལ་སྒོམ་ཐུབ་དགོས་པ་རེད། འདི་ནི་བྱང་ཆུབ་སེམས་དཔའ་ཞིག་གི་མཛད་རྗེས་ལ་སེམས་ཅན་གཞན་པ་དག་གིས་ནོར་བ་ཐེབས་པ་དང་། བསམ་བཞིན་དུ་ཅོ་འདྲི་བ་ཡོང་སྲིད་རེད་མོད། དེ་ལ་ཁྱད་པར་གང་ཡང་མེད། འདི་ལྟ་བུའི་གནས་ཚུལ་ནི་སྔོན་བྱང་ཆུབ་སེམས་དཔའི་སྐྱེས་རབས་དང་སྟོན་པའི་སྐྱེས་རབས་ནང་དུ་ཧ་ཅང་མང་། དེ་ཡང་ཇི་སྐད་དུ་༧ གོང་ས་མཆོག་གི་ཞལ་ནས། ངས་ནམ་རྒྱུན། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་ཀྱི་བར། དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གསུངས་པའི་སྨོན་ལམ་དེ་རྟག་པར་འདེབས་ཀི་ཡོད་གསུངས་པ་ནང་བཞིན་རེད། དགེ་བཅུ་དང་འབྲེལ་ནས་མཁན་ཆེན་མཆོག་ལ་སྐྱོན་བརྗོད་ག་ཚོད་བྱས་ཀྱང་རུང་སྟེ་དོན་ལ་བསྟོད་པ་དང་བསྔགས་བརྗོད་འབའ་ཞིག་མཚོན་གི་ཡོད། མཁན་ཆེན་ཁོང་ནི་ཉམས་ཐག་གི་སེམས་ཅན་ཡོངས་ཀྱི་སྐྱབས་དང་མགོན་དུ་རེ་བ་མ་གཏོགས། སྲིད་དོན་གྱི་དམིགས་ཡུལ་དང་རྐུབ་སྟེགས་ཀྱི་རེ་འདུན་སོགས་ནམ་ཡང་མེད་པར་བརྟེན། སྐྱོན་བརྗོད་འདི་རིགས་ལ་ཕྱི་ནུར་བྱེད་དགོས་པ་སྤུ་ཙམ་ཡང་མེད། ཆེས་ཤིན་ཏུ་གལ་ཆེ་བ་གཅིག་ནི་སྐྱེ་བོ་སུ་ཞིག་གིས་དགེ་བཅུ་སྲུང་ན་ཡང་ཁོ་རང་ཉིད་ཀྱི་དགེ་བ་རེད། མི་གཅིག་གིས་དགེ་བཅུ་སྲུང་ན་ཡང་དགེ་བ་ཡིན་པས་དགེ་བཅུའི་བྱ་འགུལ་འདི་ནམ་ཡང་མཚམས་འཇོག་བྱེད་མི་རུང་། སེམས་ཅན་གྱི་དོན་དུ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་དམ་བཅའ་ལྷོད་མི་རུང་། དགེ་བཅུ་ལ་ཁ་ཟེར་བ་དག་ལ་སྙིང་རྗེ་དང་སྨོན་ལམ་འདོན་རྒྱུ་བརྗེད་མི་རུང་། འདི་ནི་བྱང་ཆུབ་སེམས་དཔའི་ཁྱད་ཆོས་ཡིན། བཟོད་པ་ཡིན་པས་ཞོར་ལ་བཟོད་པའི་ཕར་རོལ་ཏུ་ཕྱིན་པ་ཡང་རྫོགས་པར་འགྱུར། འདི་ནི་སྤྱོད་པ་འཚེ་བ་མེད་པ་ཡིན་གསུངས་ནས་འཛམ་གླིང་ཧྲིལ་པོར་བསྒྲགས་དང་སྒྲོག་བཞིན་ཡོད་པ་དེར་རྒྱབ་སྐྱོར་ཡང་ཡིན། སྤྱོད་པ་འཚེ་མེད་དངོས་སུ་ལག་ལེན་ལ་བཏབ་པ་ཡིན།
 སྤེལ་མཁན: བོད་པ། སྤེལ་དུས:2014/9/29
འཇུ་གཡུ་སྦྲང་གིས་ལན་གནང་ཡང་མི་འགྲོ་སྟེ། མི་གཞི་དམའ་འབེབས་ཞིག་ལས་མ་འདས་སོ།། ཁྱེད་ལ་གནས་ལུགས་མེད་ན། བདེན་པའི་རྒྱལ་ཁབ་མེད། ཚུལ་བློའི་སློབ་མ་་ངོ་མ་ཞིག་ཡིན་ན། དྲྭ་གྲོགས་ཚོའི་མདུན་དུ་བསྟོད་ཚིག་སྐམ་པོ་རེའི་བསྐྱར་བསྡུས་མ་བཤད། དབང་བརྒྱུད་མ་བྱས་པའི་རྟགས་བཀོད་རོགས།
 སྤེལ་མཁན: འཇུ་གཡུ་སྦྲང་། སྤེལ་དུས:2014/9/29
ཁོང་གིས་ཕན་རྒྱ་ཆེན་པོ་སྤྱི་ཚོགས་ལ་ཐོག་ཡོད་པས་མང་ཚོགས་བརྒྱ་ཆ་དགུ་བཅུ་གོ་དགུས་དགའ་བསུ་ཐོབ་པ་རེད། ཁྱོད་ཀྱིས་ཕན་བཏགས་པ་དེ་ལ་གནོད་བྱས་པར་གོ་ནས་ཕན་གནོད་གོ་ལྡོག་དུ་གོ་འདུག་པ་འདྲ། ལེགས་སྐར་གྱིས་སངས་རྒྱས་ལ། མི་ལོ་ཉི་ཤུ་རྩར་ལྔ་ཁྱོད་གཡོགས་བྱས།། ཡོན་ཏན་ཏིལ་འབྲི་ཙམ་ཞིག་ངས་མ་མཐོང་།། ཞེས་པ་ལྟར་ཁྱེད་ཀྱིས་ཀྱང་ལས་ངན་མ་དག་གི་བར་དུ་བླ་མ་ཁོང་གི་ཡོན་ཏན་རྣམས་སྐྱོན་འབའ་ཞིག་ཏུ་མཐོང་བ་དང་ཁོང་གིས་དམངས་ཕན་རྒྱ་ཆེར་བསྒྲུབས་པ་དག་ཀྱང་གནོད་བྱས་པ་ལྟ་བུར་མཐོང་ནས་གོ་བརྡ་མི་འཕྲོད་ངེས་པ་རེད།
 སྤེལ་མཁན: བོད་པ། སྤེལ་དུས:2014/9/29
ཚུལ་བློས་བྱ་བ་རྣམས་ནོར་འཁྲུལ་མ་རེད་ཟེར་ནས་ཨུ་ཚུགས་རྒྱག་ན་ཆོག་གི་དོན་ལ་སྟོང་གཏམ་ཡིན་པར་མངོན་སུམ་རེད།། དཔེར་ན། གསེར་རྟ་དང་ཉེ་བའི་གཟིག་གདོང་ཟེར་བའི་ཡུལ་ཞིག་ལ་ཆ་བཞག་ནས་བཤད་ན། ལོ་རྒྱུས་ཡུན་རིང་ལྡན་པའི་འབྲོག་པ་གནས་ཡོད་པ་མ་ཟད། ཉེ་ཆར་མི་ལོ་ལྔ་དྲུག་གི་སྔོན་ལ་སྡེ་བ་གཅིག་གི་ནང་དུ་ཁྱིམ་ཚང་དྲུག་ཅུ་ལྷག་ཙམ་ཡོད་པས་ཁྱིམ་ཚང་ལྔ་དྲུག་མ་གཏོགས་ཚང་མ་འབྲོག་པ་རེད། འོན་ཀྱང་། ད་ལྟར་འབྲོག་པ་ཚང་མ་སྟོང་བར་གྱུར་འདུག དེའི་རྒྱུ་མཚན་ནི། ང་གནས་སྐོར་འགྲོ་སྐབས་ངས་ཀྱང་ས་ཕྱོགས་དེ་རྣམས་ཀྱི་མི་འགའ་ཞིག་ལ་ད་ལྟར་འབྲོག་པ་ཡོད་ས་མ་རེད། ཟོག་མཐོང་ཡས་མི་འདུག ག་རེ་ཡིན་ན་ཞེས་དྲིས། ལན། སྐྱབས་སུ་མཆི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཤ་མ་ཟ་སྲོག་མ་བཅད་དགེ་བཅུའི་ཁྲིམས་དང་མགལ་འགྲོ་རེད། རྐྱང་རྐྱང་གསུང་པའི་བཀའ་དྲིན་ལས་ཟོག་ཚང་མ་མེད་པ་བཟོ་ཚར་བ་རེད། ད་ནས་བཟུང་སྡིག་པ་སྒྲུབ་མཁན་གཅིག་ཀྱང་མེད། འབྲོག་པ་ལ་སྡིག་པ་རྐྱང་རྐྱང་སྒྲུབ་ཀྱི་མ་གཏོགས་ཡོད་མ་རེད། ཁ་སང་དེ་རིང་དུས་ཚོད་ཡག་པ་རེད། ཟས་གོས་གང་ཐད་ནས་དཀའ་ངལ་གཅིག་ཀྱང་མི་འདུག ཟོག་མེད་ན་ཆོག་གི། ཞེས་གསུངས་པས་ང་ཧང་སང་སོང་ད་སྡིག་པ་བྱེད་དགོས་ནའང་བྱ་ས་ཡོད་མ་རེད། སྐད་ཆ་དེ་ལས་ཚུལ་བློས་བྱ་བ་ནི། ཆོས་དགེ་བ་བསམ་ས་སྡིག་པ་རེད། །ལས་དཀར་པོ་གསོག་ས་ནག་པོ་རེད། །སྲོག་ཚེ་ཐར་གཏོང་ས་ཚེ་ཐོག་རེད། །སྲོག་ཆ་རེ་ཚེ་ཐར་ཡོངས་རྫོགས་བསད། །དཔེར་དེ་ལྟ་བུའི་ས་ཕྱོགས་མང་བོ་འདུག དེས་ན་ཞིང་འབྲོག་འཚོ་བ་སྐྱེ་སྟངས་འདི་ཉམས་རྒུད་སོང་ན། མ་འོངས་མི་རབས་རྣམས་ག་རེ་བྱེད་དགོས་རེད། དྲང་མོ་བཤད་ན། ཚུལ་བློ་ལ་དབང་བརྒྱུད་འདོད་ཀྱི་ཀུན་སློང་མ་གཏོགས། གནོད་པ་སྐྱེལ་འདོད་ཀྱི་ཀུན་སློང་མེད་ཀྱང་། ཚུལ་བློའི་བྱ་བས་གནོད་པ་ཆེན་པོ་བཟོས་འདུག ད་རུང་ཁས་མ་བླངས་ན་གླེན་རྟགས་རེད། ལན་ངོ་མ་ཡོད་ན་ལན་འདེབས་ཤིག མེད་ན་ཐ་སྙད་ཆེན་པོ་ཞི་བདེའི་དེད་དཔོན་ཆེན་པོ་ཞེས་སྨྲས་ནའང་ཐ་སྙད་ཙམ་རེད།
 སྤེལ་མཁན: གྲོགས་མ་གསེར་ཁུར། སྤེལ་དུས:2014/9/29
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་ས་དགེ་བཀའ་རྙིང་ཇོ་བོན་དང་བཅས་པས་གྲུབ་མཐའ་དྲུག་གི་མཁས་གྲུབ་དུ་མ་གདན་འཛོམས་ནས་གལ་ཆེ་བའི་གྲོས་ཆོད་འགའ་གཏན་འབེབས་གནང་བ་ལ་སྙིང་ཐག་པ་ནས་དགའ་བསུ་དང་བཅས་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་གཅིག་ཏུ་བཀའ་དྲིན་ལན་བརྒྱར་ཞུ་ཞུ་
 སྤེལ་མཁན: མགར་གཡུ་ལྗོན། སྤེལ་དུས:2014/9/29
ཁོ་བོ་ཅག་གིས་བླ་མ་རིན་པོ་ཆེ་ཁོང་ལ་ཞི་བདེའི་དེད་དཔོན་གཉིས་པ་ཞེས་སུ་གསོལ་བ་དེ་ཁྱི་ལ་སེང་གེ་བཏགས་པ་ལྟ་བུ་མ་ཡིན་པར་སེང་གེ་ལ་སེང་གེ་བཏགས་པ་ལྟ་བུ་ཞིག་དངོས་གནས་ཡིན། འོན་ཀྱང་ལོག་རྟོག་ཆང་གིས་བཟིས་ཤིང་ཆགས་སྡང་ཁྲག་གིས་སྨྱོས་པའི་ལྟ་ལོག་པ་རྣམས་ལ་མཁྲིས་ནད་ཅན་ལ་ཆོས་དུང་དཀར་པོའི་ཁ་དོག་སེར་པོ་སྣང་བ་ལྟར་ཕྱིན་ཅི་ལོག་འབའ་ཞིག་མ་གཏོགས་མཇལ་ཐུབ་གི་མི་འདུག་པ་ནི་རང་གི་སེམས་མ་དག་པའི་སྐྱོན་ཁོ་ན་རེད།
 སྤེལ་མཁན: འཇུ་གཡུ་སྦྲང་། སྤེལ་དུས:2014/9/29
འོ་ཕ་བོ་མི་སྐད་གཏན་ནས་མི་གོ་ཞིང་མི་བྱ་ལར་ནས་མི་ཤེས་པ་ཁྱོད་ཀྱིས་ཅི་ཟེར་བ་ཡིན། ཕར་སོང་ཟེར་བ་ལ་དེར་འོང་ངམ་ཞེས་པའི་དཔེ་ལྟར་བླ་མ་ཚུལ་ཁྲིམས་བློ་གྲོས་རིན་པོ་ཆེ་མཆོག་གིས་སེམས་ཅན་བཤས་རར་ཕབ་མི་ཉན་གསུངས་པར་མ་ཟད་སེམས་ཅན་ཁྲི་འབུམ་མང་པོ་སྲོག་བླུ་གནང་བཞིན་ཡོད་པ་ལས་སེམས་ཅན་བཤས་ར་ལ་བཙོང་ནས་མེད་པར་བྱེད་དགོས་གསུངས་ཡོད་མེད་ཚང་མས་ཧ་གོ་རྒྱུ་རེད། ཁྱེད་ཀྱིས་གང་སྨྲས་ཐམས་ཅད་དེ་འདྲ་རྫུན་ཚིག་དང་རྫུན་ལྷང་འབའ་ཞིག་ལས་མི་འདུག. ངོ་མ་སྙིང་རེ་རྗེ། ཡིད་སྐྱོ་བ་ལའང་། ཨ་ལས་ངན་པོ། གྲོགས་པོ་དག་ད་འདི་དག་ལ་ལན་མི་རོགས། ལན་འདེབས་ལོ་ས་ཞིག་ལན་འདེབས་དགོས་ས་ཞིག་ངོ་མ་མི་འདུག. འདྲེ་ཕྲུག་སོགས་བདེ་མོ་བྱོས། སླར་ཡང་མཇལ་བར་སྨོན།
  པར་ངོས་ཐོག་མ།  གོང་མ།  པར་ངོས 4/13 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
49330191
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1