
བདག་འཛིན་ནད་ཀྱི་རྐྱལ་བ། བདག་མེད་ཞི་བའི་བསྟི་གནས།
[བརྡ་ཆད་གཙོ་བོ།] བདག་འཛིན་ནི་འཕུང་འདྲེ་ཡིན་ཚུལ་དང་། བདག་མེད་ནི་ཀུན་ཕན་ཡིན་ཚུལ།
ཐུབ་གཞོན།(མཛོད་དགེའི་སྟག་ཚང་ལྷ་མོ་ཀིརྟི་དགོན།)
ཐོས་པའི་ཤེས་རབ་རྨད་དུ་བྱུང་།།
བསམ་པའི་ཤེས་རབ་ཤིན་ཏུ་རྨད།།
སྒོམ་པའི་ཤེས་རབ་ཆེས་ཤིན་རྨད།།
ཤེས་རབ་གསུམ་གྱིས་བདག་བསྲུང་ཤིག།།
དེ་ཡང་ཡངས་པའི་འཇིག་རྟེན་གྱི་ཁམས་འདིར་བརྟན་པ་སྣོད་ཀྱི་འཇིག་རྟེན་དང་གཡོ་བ་བཅུད་ཀྱི་སེམས་ཅན་གཉིས་རྟེན་འབྱུང་དང་རྟེན་འབྲེལ་གྱི་ཆོས་ཉིད་དུ་གནས་པའི་ལོ་རྒྱུས་ནི་རྒྱུ་འབྲས་རྟེན་འབྲེལ་དུ་སྨྲ་བའི་ནང་བའི་སྐྱེས་ཆེན་ཤེས་རབ་སྤང་ལ་མེ་ཤོར་བ་དང་བརྩོམ་འགྲུས་བྲག་ལ་མདའ་ཟུག་དག་གིས་སྨྲ་བའི་སྤོབས་ལ་གཟེངས་སུ་མཐོ་ལ། སྐབས་འདིར་གླེང་སློང་བ་ནི་བདག་ཅག་གི་སྟོན་པ་མཉམ་མེད་ཟས་གཙང་སྲས་དེ་ཉིད་ཀྱིས་དང་བོ་བདག་བས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མཆོག་ཏུ་ཐུགས་བསྐྱེད། བར་དུ་ཐབས་ཤེས་ཟུང་དུ་འཇུག་པའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་གྲངས་མེད་གསུམ་གྱི་ཚོགས་བསགས། མཐར་འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་ངེས་པ་ལྔ་ལྡན་དུ་སངས་རྒྱས་ནས། གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་པ་དང་མཐུན་པར་གསང་བ་བསམ་གྱིས་མི་ཁྱབ་པ་གསུམ་གྱི་རྣམ་པར་རོལ་བ་མཐའ་ཀླས་ལ། དེ་དག་ཉམས་སུ་བླངས་ཏེ་སྨིན་ཅིང་གྲོལ་བའི་སྐྱེས་བུ་དམ་པ་གྲངས་ལས་འདས་པ་བྱོན་པ་ནི། དཔེར་ན། རྒྱ་གར་དུ་རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ། པཎ་གྲུབ་བཅུ་བདུན་སོགས་བགྲང་ལས་འདས་པ་བྱོན་ཏེ་ཐུབ་བསྟན་མི་ནུབ་པའི་རྒྱལ་མཚན་ལྟ་བུར་མཛད། བྱེ་བྲག་མཐའ་བཞི་གངས་རིས་བསྐོར་ཞིང་ཟུར་བཞི་གཙང་བོས་བརྒྱན་པའི་ས་མཐོ་ཡུལ་གྲོང་ཁ་བ་ཅན་ཞེས་བྱ་བ་འདི་ལ་མཚོན་ན། བསྟན་པ་སྔ་དར་གྱི་དུས་སུ་འཕགས་པ་རིགས་གསུམ་དང་། ཁྱད་པར་ཐུགས་རྗེའི་གཏེར་ཆེན་ཕྱག་ན་པདྨོའི་ཐབས་མཁས་ཀྱི་མཛད་པའི་སྒྱུ་འཕྲུལ་ལས་ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཟླ་མེད་པ་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་དམ་པའི་ཆོས་ཀྱི་སྣང་བ་དཀར་པོས་ཁྱབ་པར་མཛད། ཕྱི་དར་གྱི་དུས་ཡིན་ན་ལྷ་བླ་མ་ཁུ་དབོན་གྱིས་ལོ་ཆེན་ཚུལ་ཁྲིམས་རྒྱལ་བ་སོགས་རྒྱ་གར་དུ་བརྫངས་ཏེ་འབད་པ་ཆེན་པོས་མཉམ་མེད་ཇོ་བོ་ཆེན་པོ་སྤྱན་དྲངས་ནས་ལོག་པར་རྟོག་པའི་དྲི་མ་ངན་པ་རྣམས་བསལ་ཏེ་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་རྣམ་ཐར་གཙང་མ་ཁྱབ་བརྡལ་དུ་སྤེལ།
རྒྱལ་བའི་བསྟན་པ་ལ་ཡང་། མ་རྟོགས་པ་དང་རྟོག་པ་དང་ཐེ་ཚོམ་གྱི་དྲི་མ་དྲུངས་ནས་འབྱིན་པའི་སླད་དུ་ཡབ་གཅིག་མཁྱེན་གཏེར་གཞོན་ནུ་མི་ཡི་ཤ་ཚུགས་ཅན་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་དེ་ཉིད་ཀྱིས་རྒྱ་བོད་ཀྱི་མཁས་དང་གྲུབ་པ་ཆེན་པོ་དག་གིས་མ་ཐོན་པའི་ཟབ་མོའི་ལྟ་བ་དང་གསང་ཆེན་རྡོ་རྗེ་ཐེག་པའི་ཟབ་གནད་མཐའ་ཡས་པ་གསལ་བར་མཛད་དེ་ལྟ་སྒོམ་སྤྱོད་གསུམ་གང་ལ་ཡང་འཁྲུལ་བའི་ཆ་ཙམ་ཡང་མེད་པ་མདོ་བསྔགས་བཤད་སྒྲུབ་ཐོས་བསམ་སྒོམ་གསུམ་གདན་ཐོག་གཅིག་ཏུ་སྤྱོད་པའི་རིང་ལུགས་འཁྲུལ་བྲལ་གསེར་སྦྱངས་བཙོ་མ་ལྟ་བུ་སྟོད་ཛ་ཏིའི་མེ་ཏོག་བཀྲ་བ་ནས། ཤར་རྒྱ་མཚོའི་རྦ་རླབས་དགུང་དུ་རེག་པའི་བར་དུ་ཁྱབ་པར་མཛད་པའི་རྟགས་འབྲས་ད་ལྟ་ང་ཚོས་མིག་གི་ལང་ཚོའི་དགའ་སྟོན་དུ་མྱོང་བཞིན་པ་དེ་ལྟར་ལགས་ལ། དེ་ལྟ་བུའི་རྣམ་ཐར་རམ་ལོ་རྒྱུས་ཀྱི་གཟི་ཆེ་ལ་བརྗིད་ཆགས་པའི་བྱུང་བ་དག་ནི། གླེགས་བམ་གྱི་གསེབ་ཏུ་གཟིམ་པའི་སྣང་བརྙན་ཙམ་སྟེ་ཡིད་སེམས་དྲོ་བའི་བཅུད་དུ་སྒོམ་པའམ་རང་ཉིད་ཀྱི་མགོ་འཕང་དགུང་དུ་བཏེགས་པའི་ཆ་རྐྱེན་དུ་བསྒྱུར་བ་ལས། མཁས་པ་གནམ་གྱིས་ས་བཀབ་པ་དེ་དག་གིས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་དང་། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ། སྣང་སྟོང་གཉིས་མེད་ཀྱི་ལྟ་བ། ཞི་ལྷག་ཟུང་དུ་འབྲེལ་ཚུལ། འཇིག་རྟེན་རྒུད་པ་ཀུན་གྱི་སྒོ་བདག་འཛིན་མ་རིག་པ་དེ་ཉིད་ཀྱི་ཉེས་དམིགས་དང་དེ་ལས་ལྡོག་བྱེད་བདག་མེད་རྟོགས་པའི་ཤེས་རབ་སྟེ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་ཇི་ལྟར་འཇུག་ཚུལ། དེ་ལ་ཡང་ནང་བའི་གྲུབ་མཐའ་སྨྲ་བ་བཞི་ཀའི་འདོད་ཚུལ་སོགས་མཐའ་ཡས་པའི་རིག་པའི་བརྒལ་བརྟག་མང་བོ་ཡོད་པ་དང་དེ་དག་ལ་སྦྱངས་པའི་འབྲས་རྟགས་སུ་སྨིན་པའི་ཤེས་རབ་བམ་རྣམ་དཔྱོད་དེ་ཉིད་གླེགས་བམ་དུ་གནས་པ་ནི་ཚུལ་དུ་སོང་བ་ནི་ཅི་འདྲའི་ཕོངས་ཨང་།
མཁས་དབང་དགེ་ཆོས་ན་རེ།
རོ་དང་མཚུངས་པའི་ལུས་པོ་འདི་།།
ག་དུས་ཤི་ཡང་མི་འགྱོད་དེ།།
གསེར་དང་མཚུངས་རྣམ་དཔྱོད་དག།།
མཉམ་དུ་ཤི་ན་ཤིན་ཏུ་ཕངས།།
ཞེས་གསུངས་པ་ལྟར། དེ་ལྟ་བུའི་ཤེས་རབ་དེ་གླེགས་བམ་དང་བྲལ་ན་ནི་རྣམ་ཤེས་བེམ་རོ་དང་བྲལ་བ་ཤིག་ཡིན་པ་ལ་སུ་ཤིག་ཚོམ་ཨང་། ང་ཚོས་དེ་ལྟ་བུའི་ཆོས་དང་ཆོས་མིན་གྱི་ཤེས་རབ་བཀོལ་སའི་ཁོར་ཡུག་ནི་རྒྱུན་དུ་ཆོས་རའི་ནང་ཁོ་ན་ལ་ངོས་འཛིན་ཏུ་བལྟ་བ་ནི་བསམ་བློ་ནར་མ་སོན་པའི་བྱིས་བློ་ཤིག་ལས་མ་འདས། ཆོས་དང་ཆོས་མིན་རྣམ་པར་འབྱེད་པའི་ཤེས་རབ་དེའང་ནམ་རྒྱུན་ང་ཚོས་བཀོལ་སྤྱོད་གཏོང་དགོས་ངེས་ཤིག་ཡིན་པ་དང་། ཤེས་རབ་དེས་ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་དཀའ་ངལ་ཆེ་ཆུང་མཐའ་དག་བསེལ་བཀྲོལ་བྱེད་པ་ལ་ཏན་ཏན་གྱི་ཕན་ཐོགས་ཀྱི་ཡོད་པ། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དང་ཐོགས་ཡིན་ན་ང་ཚོ་ནང་བཞིན་གྱི་མི་ཕལ་བའམ་ཡུལ་ཁམས་ཤིག་གི་རྒྱལ་བོ་རེད། ཁོང་ཅི་རེད་ཅེ་ན། ཉིན་ཞིག་ཡུལ་ག་གེ་མོ་ཤིག་ལ་ལྗོངས་རྒྱུར་ཕེབས་པའི་ཚེ། སྤྲང་བོ་རྒད་པོ་མགྲེས་བོ་ཤིག་ལ་ཐུག་པ་དང་དེ་ནས་མུ་མཐུད་དུ་སོང་ཙ་ན་བདག་པོ་མེད་པའི་བེམ་རོ་ཤིག་དང་འཕྲད་པ། དེ་ནས་མུ་རུ་སོང་ཙ་ན་དགེ་སློང་ཞིག་ལ་ཐུག་པ་རེད། འདི་འདྲའི་ཡུལ་ངོས་མི་འདྲ་བ་གསུམ་གྱིས་ཁོང་གི་མི་ཚེ་ནང་འགྱུར་ལྡོག་སུ་ལའང་བསྙོན་དུ་མེད་པ་བྱུང་ཡོད་པ་རེད། དེ་འདྲའི་འགྱུར་ལྡོག་བླ་ན་མེད་པ་བྱུང་བ་དེ་ང་ཚོ་མི་རང་ག་བའམ་མི་ཕལ་བ་ཞིག་གི་བློ་ཡུལ་དུ་ཤོང་མི་ཐུབ་པ་ཤིག་རེད། ཇི་སྐད་དུ་མཛད་བཅུ་ལས། རྒ་ན་འཆི་དང་དགེ་སློང་གཟིགས་རྐྱེན་གྱིས།།བྱང་ཆུབ་མཆོད་རྟེན་དྲུང་དུ་རབ་བྱུང་བར།།ཞེས་གསུངས་ནང་བཞིན་རེད། ཡིན་ནའང་དེ་འདྲའི་ང་ཚོ་དང་འདྲ་བའི་མི་ཕལ་བ་ཤིག་གི་བསམ་བློའི་ནང་ལ་འགྱུར་བ་མི་འདྲ་བ་དང་འདུ་ཤེས་ཀྱི་འཛིན་སྟངས་མི་འདྲ་བ་ཤིག་སླེབས་པའི་སྟེང་ནས་གཞི་དངོས་པོའི་རྣམ་བཞག་དང་གཏན་ལ་འབེབས་ཚུལ་དང་ཤེས་བྱ་ཡུལ་གྱི་རྣམ་བཞག་ཤེས་པ་ཡུལ་ཅན་གྱི་རྣམ་བཞག།།རྒྱུ་འབྲས་འཇུག་ལྡོག་གི་རིམ་པ་སོགས་ལ་རྣམ་པར་དཔྱོད་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་ཏེ་སེམས་ཀྱི་གཏིང་ལ་ངེས་ཤེས་ཟབ་མོ་ཤིག་རྙེད་ནས་ལོ་དྲུག་ལ་དཀའ་བ་སྤྱད་དེ་སུ་ཤིག་གི་གསར་གཏོད་བྱས་མ་མྱོང་བ་དང་ཡང་ན་སུ་ཤིག་སོང་མྱོང་མེད་པའི་ལམ་ཁ་ཤིག་བསྙེགས་ནས་གནས་སྐབས་ཀྱི་བདེ་སྐྱིད་ལས་གཏན་གྱི་བདེ་སྐྱིད་ཟེར་བ་ཤིག་རྙེད་རྒྱུ་ཡོད་པ་དང་འཐོབ་རྒྱུ་ཡོད་པ་མཐོང་ནས་འཇིག་རྟེན་ཁམས་འདི་མ་ཟད་འགྲོ་བ་རིགས་དྲུག་སུ་དང་གང་ཡིན་རུང་དེ་ལྟ་བུའི་གཏན་གྱི་བདེ་སྐྱིད་འཐོབ་ནུས་ཡིན་པ་ངོ་སྤྲོད་དང་དེ་ལ་འཇུག་ཕྱིར་ཐོག་མར་འཇུག་པའི་ཆ་རྐྱེན་ནམ་རྒྱུ་གང་ཞིག་ཤེས་དགོས་པ་ངོས་འཛིན་ཕྱིར་ཝ་རཱ་ན་སིར་བདེན་པ་བཞིིའི་སློབ་འཁྲིད་ཐོག་མར་གནང་པ་རེད།
དེ་ལྟར་བདེན་པ་བཞི་དང་བདེན་བཞིའི་རྣམ་པ་མི་རྟག་བཅུ་དྲུག་གི་སྒོ་ནས་ད་ལྟ་ང་ཚོའི་མིག་མཐོང་ལག་ཟིན་དུ་ཡོད་པའི་དངོས་བོ་ཐམས་ཅད་པོ་བློའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་འཛིན་པའི་འཛིན་པ་དེ་ལོག་ཤེེས་སམ་འཁྲུལ་ཤེས་ཡིན་ཚུལ་བདེན་བཞིའི་རྣམ་པ་མི་རྟག་བཅུ་དྲུག་གི་སྒོ་ནས་ར་སྤྲོད་ཀྱི་ཡོད་པ་རེད། དང་པོ་སྡུག་བདེན་གི་སྟེང་གི་ཁྱད་ཆོས་བཞི་སྟེ། ཚད་མ་རྣམ་འགྲེལ་ལས། དེ་ནི་རེས་འགའ་དམིགས་པའི་ཕྱིར།།མི་རྟག་ཉེས་པའི་རྟེན་ཕྱིར་དང་།།རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཡིན།།བདག་མིན་བྱིན་གྱིས་བརླབས་པའང་མིན།།རྒྱུ་མིན་བྱིན་གྱིས་རློབ་པ་མིན།།རྟག་པ་ཇི་ལྟར་སྐྱེད་བྱེད་ཡིན།།ཞེས་མི་རྟག་པ། སྡུག་བསྔལ་བ་བདག་མེད་པ། སྟོང་བ་བཞི་བོ་བསྟན་གྱི་ཡོད་པ་རེད། འདི་བཞི་བོའི་ནང་དུ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བོ་དེ་ཉིད་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ན་མ་འདུས་པ་གཅིག་ཀྱང་ཡོད་པ་མ་རེད། འགྲོ་བ་རིགས་དྲུག་གི་ནང་སེམས་ཀྱི་སྡུག་བསྔལ་ཡོད་དོ་ཅོག་གི་ངོ་བོའང་སྡུག་བདེན་གྱི་རྣམ་པ་བཞི་ལས་ལྷག་ཏུ་འགྲེལ་བཤད་ཡག་པོའང་རྒྱག་རྒྱུ་ཡོད་ས་མ་རེད། འོ་ན་དེ་འདྲའི་ཉོན་མོངས་བརྒྱད་ཁྲི་སྟོང་གི་རྩ་བ་དེ་གང་ལས་བྱུང་བ་རེད་ཟེར་ན། དེ་ང་ཚོས་ཤེས་དགོས་པའི་གནད་འགག་གལ་ཆེན་པོ་རེད། དེ་ངོ་མ་ཤེས་ན་ང་ཚོའི་ནམ་རྒྱུན་འཚོ་བའི་ནང་བྱུང་བཞིན་པའི་ནང་སེམས་ཀྱི་སྡུག་བསྔལ་ཆེ་ཆུང་དག་ལ་ཇི་ལྟར་གདོང་ལེན་བྱེད་དགོས་པའི་ཐབས་ཤེས་མ་རྙེད་པར། དཔེར་ན། ནང་སེམས་ཀྱི་སྡུག་བསྔལ་གྱི་རྐྱེན་གྱིས་རང་ཤི་རྒྱག་པ། འཚོ་བའི་གནོན་ཤུགས་ཆེ་བའི་དབང་གིས་རྒྱུ་འབྲས་ཁྱད་དུ་གསོད་པ། མི་གཤིས་བོར་བས་ཕྱུགས་ཀྱི་སྦྱོར་བ་ལ་རྩོམ་པ། གཞན་ལ་འཚེ་བ་བྱེད་པ། མི་ཆོས་ཀུན་སྤྱོད་ལས་འདས་པའི་བྱ་སྤྱོད་སྣ་ཚོགས་སྤེལ་བ་སོགས་འདས་པའི་ལོ་རྒྱུས་དང་ད་ལྟའི་སྤྱི་ཚོགས་སུ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་ཡོང་གི་ཡོད་པ་རེད།འདིའང་འདས་པའི་ལོ་རྒྱུས་ལོ་ངོ་སྟོང་ཕྲག་གི་ལྷག་གི་ཡར་སྔོན་ལ་བལྟས་ན་དེང་དུས་ནང་སེམས་ཀྱི་སྡུག་བསྔལ་མཚམས་མ་ཆད་དུ་སླེབས་ཡོང་གི་ཡོད་པ་ཚབས་ཆེན་དུ་སོང་ཡོད་པ་ལྟ་བུ་རེད། ཕྱོགས་གཞན་ཞིག་ནས་བསང་བློ་གཏོང་ན་འགྲོ་བ་མི་ཆགས་ནས་ལོ་ངོ་ཁྲི་ཕྲག་འགའ་ཤས་ཤིག་སོང་ཡོད་པ་རེད། དེ་འདྲ་བའི་ལོ་ཟླ་དེ་ཡི་ནང་མིའི་རིགས་ལ་སྐྱེ་རྒ་ན་འཆིའི་འཇིགས་པ།འབྱུང་བཞིའི་གོད་ཆགས་ཀྱི་འཇིགས་པ།ཁྱོད་ཤི་ང་གསོན།རྒྱལ་ཁབ་ཀྱི་ཆགས་འཇིགས།དུས་རབས་ཀྱི་འཕོ་འགྱུར།རིག་གནས་གསར་བརྗེ་ཡི་འཐབ་འཁྲུགས་སོགས་ཀྱི་འགྱུར་ལྡོག་མིག་ལྡེབ་དབང་ཙམ་ལ་བསམ་ཡུལ་ལས་འདས་པ་བྱུང་ཡོད་པ་རེད།ཡིན་ནའང་དེའི་རིང་ལ་འགྲོ་བ་མིའི་རིགས་ལ་གཅིག་གྱུར་ཐུན་མོང་དུ་འགྱུར་ལྡོག་ཕྲན་བུ་ཤིག་ཀྱང་བྱུང་མེད་པ་སེམས་ཀྱི་ངོས་སུ་གདོད་མ་ཉིད་ནས་ཡོད་བསྡད་མ་ཡིན་པ་རྗེས་སུ་མགྲོན་དུ་སླེབས་པའི་ཧམ་སེམས།ཞེ་སྡང་།ཁོང་ཁྲོ་འདི་དག་ལ་འགྱུར་ལྡོག་སྤུ་ཙམ་ཡང་ཐོན་མེད་པ་རེད།དེ་མ་ཟད་དེ་དག་གིས་ང་ཚོའི་སེམས་ངོས་སུ་གཡུལ་ས་མཁྲེགས་པོ་ཤིག་བཟུང་ནས་གཏན་ཆགས་བྱས་ཡོད་པ་རེད།ང་ཚོའི་དེ་ལ་གྲོགས་འདུ་ཤེས་བཟུང་ནས་ད་དུང་དེ་དག་དང་ཉེ་བར་བཅར་ཏེེ་དེ་དག་གི་བཀོད་འདོམས་འོག་ནས་འཚར་ལོངས་དང་ལོ་ཟླ་བསྐྱེལ་གྱི་ཡོད་པ་རེད།དེ་དག་ནི་གདོད་མ་ཉིད་ནས་སེམས་ཀྱི་རང་བཞིན་དུ་གནས་བསྡད་ཅིག་མ་ཡིན་པའམ་སེམས་དང་ངོ་བོ་དབྱེར་མེད་དམ་སེམས་དང་བདག་ཉིད་གཅིག་ཅན་ཞིག་མ་ཡིན་པ་ནི།ཚད་མ་རྣམ་འགྲེལ་དུ། སེམས་ཀྱི་རང་བཞིན་འོད་གསལ་བ།།དྲི་མ་རྣམས་ནི་གློ་བུར་བ།།ཞེས་པ་གསུངས་པ་ལྟར་འདིའི་སྐབས་ཀྱི་དྲི་མ་རྣམས་ཞེས་པ་འདོད་ཆགས་དང་ཞེ་སྡང་། ཁོང་ཁྲོ། གཏི་མུག་བཅས་ཀྱི་རྩ་བ་བདག་འཛིན་སོགས་ལ་བཤད་ཀྱི་ཡོད་པ་རེད། ཡང་རྒྱལ་རབས་གསལ་བའི་མེ་ལོང་དུ། མི་རྣམས་ཕུང་བོ་ན་འོད་འདོམས་གང་བསམ་གཏན་གྱི་ཟས་ལ་ལོངས་སྤྱོད་ཡིན་ཞིང་། རྗེས་སུ་ལུས་ཀྱི་འོད་ཉམས། བསམ་གཏན་གྱི་ཟས་ཀྱང་ཟ་རྒྱུ་མེད་པར་གྱུར་བའི་དུས་སུ་བདག་དང་བདག་གི་ཞེས་རྩོད་པ་བྱུང་བ་རེད། དེ་ཡི་རྗེས་སུ་མང་བོ་བཀུར་བའི་རྒྱལ་བོ་བྱུང་བའི་ལོ་རྒྱུས་ལྟར་རོ། །
འོ་ན་འདི་དག་སློང་བྱེད་ཀྱི་རྩ་བ་དེ་གང་རེད། ཁོར་ཡུག་དང་གཞན་ལ་རག་ལས་པ་དང་ཡང་ན་དེ་དག་གིས་བཟོས་པ་མ་ཡིན་པར་རང་གི་སེམས་ངོས་སུ་ང་འམ་བདག་ཞེས་པའི་ཚིག་འབྲུ་གཅིག་པོ་འདིས་བཟོས་ཡོང་གི་ཡོད་པ་རེད། ནང་བའི་གཞུང་ནང་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་སྟོང་གསུངས་ཡོད་པ་རེད་དེ། ཆོས་ཀྱི་བརྒྱད་ཁྲི་བཞི་སྟོང་འདིའང་ཐུབ་དབང་དགོངས་རྒྱན་ལས། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འཇོག་ཚུལ་དང་། ཐེག་པ་ཐུན་མོང་བའི་ལུགས་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འཇོག་ཚུལ་དང་། དེ་ལས་ད་དུང་བརྗོད་བྱ་དོན་དང་བརྗོད་བྱེད་ཚིག་གི་དབང་དུ་བྱས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འཇོག་ཚུལ་ལོ་ཞེས་གསུངས་པ་རེད། དང་པོ་བརྗོད་བྱ་དོན་གྱི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཡང་། མདོ་སྡེ་བསྐལ་བཟང་ལས། དེ་དག་ལས་ཕ་རོལ་དུ་ཕྱིན་པའི་ཉིས་སྟོང་ཆིག་བརྒྱ་ནི་འདོད་ཆགས་སྤྱོད་པ་རྣམས་ལ་ཆོས་སྟོན་པའོ། །ཕ་རོལ་དུ་ཕྱིན་པ་ཉིས་སྟོང་ཆིག་བརྒྱ་ནི་ཞེ་སྡང་སྤྱོད་པ་རྣམས་ལ་ཆོས་སྟོན་པའོ།།ཕ་རོལ་དུ་ཕྱིན་པ་ཉིས་སྟོང་ཆིག་བརྒྱ་གཏི་མུག་སྤྱོད་པ་རྣམས་ལ་ཆོས་སྟོན་པའོ། །ཕ་རོལ་དུ་ཕྱིན་པ་ཉིས་སྟོང་ཆིག་བརྒྱ་ནི་ཆ་མཉམ་པར་སྤྱོད་པ་རྣམས་ལ་ཆོས་སྟོན་པ་སྟེ། དེ་དག་ནི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་བཞི་བརྒྱའོ། །དེ་དག་གི་ཏིང་འཛིན་ཀྱང་བརྒྱད་སྟོང་བཞི་བརྒྱའོ། །དེ་དག་གི་རྣམ་པ་ལ་འཇུག་པ་ཡང་སྟོང་སྟོང་སྟེ། རྣམ་པ་བརྒྱ་བརྒྱ་པོ་རེ་རེའི་སྟོང་པོ་དེས་ན་དེ་དག་ནི་ཕ་རོལ་དུ་ཕྱིན་པ་བརྒྱད་ཁྲི་བཞི་སྟོང་ཞེས་བྱའོ། །ཞེས་དང་།
གཉིས་པ་རྗོད་བྱེད་ཚིག་གི་ཆོས་ཕུང་བརྒྱད་ཁྲི་འཇོག་ཚུལ་ནི། ཐུབ་དབང་དགོངས་རྒྱན་ལས། ཐེག་ཆེན་ཐུན་མོང་མ་ཡིན་པ་ལྟར་ན་གླང་བོ་ཆེ་ས་ལ་རབ་བརྟན་གྱིས་ཇི་ཙམ་ཆོག་པའི་སྣག་ཚས་འབྲི་བའི་ཆོས་ཕུང་གཅིག་གི་ཚད་དང་། དེ་བརྒྱད་ཁྲི་བཞི་སྟོང་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དུ་བཞེད་པ་ཡིན་ཏེ། འགྲེལ་བཤད་ཚིག་གསལ་ལས། མ་ལུས་པ་ནི་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་སྟེ། དེ་ལ་ཆོས་ཀྱི་ཕུང་བོ་གཅིག་གི་ཚད་ཇི་ཙམ་ཞེ་ན། ཞེས་པ་ནས་ཐེག་པ་བླ་ན་མེད་པ་དབང་དུ་བྱས་ཏེ། དབང་བོའི་གླང་བོ་ཆེ་རབ་བརྟན་གྱིས་བཀུར་བར་འོས་པའི་སྣག་ཚས་ནི་ཆོས་ཀྱི་ཕུང་བོ་གཅིག་འབྲི་བར་ནུས་སོ། །འདྲི་ཞེས་བྲིས་འདུག་མོད་ཡིག་ནོར་ཨེ་ཡིན་ནམ་སྙམ། ཞེས་གསུངས་ཡོད་པ་རེད།
དེ་དག་གསུངས་པའི་དམིགས་ཡུལ་གཅིག་ཁོ་ན་སྟེ། ང་ཞེས་པའམ་བདག་ཅེས་པའི་འཛིན་པ་མཁྲེགས་པོ་འདི་འཇོམས་པའི་ཐབས་སམ་གཉེན་པོ་རུ་གསུངས་ཀྱི་ཡོད་པ་རེད། དེ་ལྟ་བུའི་བདག་ཅེས་པའི་འཛིན་པ་ཞེ་ནག་དེ་ལ་ངོས་འཛིན་ཚུལ་ལ། ནང་བའི་གྲུབ་མཐའ་སྨྲ་བ་བཞི་བོ་མཐུན་གྱི་ཡོད་པ་མ་རེད། དེ་ལ་སོ་སོའི་གྲུབ་མཐའ་འཛིན་པ་དག་གིས་རང་གི་རྣམ་དཔྱོད་རྩལ་དུ་བཏོན་ནས་སྟོན་པའི་དགོངས་པ་དང་མ་འགལ་བའི་ཐོགས་ནས་རང་ལུགས་དྲི་མ་མེད་པ་བཞག་ཡོད་པ་རེད། དེ་ལྟ་བུའི་གྲུབ་མཐའ་སྨྲ་བ་བཞི་བྱུང་བའང་ནང་བའི་གཞུང་གང་ལ་འཇུག་པའི་སློབ་མ་ཚོས་ཁམས་དང་མོས་པ་སྣ་ཚོགས་ཀྱི་དབང་གིས་གྲུབ་མཐའ་སྨྲ་བ་བཞི་བྱུང་བའམ་བཞི་རུ་བཀྲལ་བ་ཡིན་པར་འདོད། འདིའང་ཕྲན་གྱིས་རགས་བཤད་ཙམ་བྱས་པ་ཡིན། ད་ནི་སྦྱོར་བ་ངོས་ལ་འཇུག་པར་རྩོམ་པར་བྱའོ། །ས་བཅད་ཀྱི་དབང་དུ་བྱས་ན་གསུམ་སྟེ། དང་པོ། བདག་འཛིན་ལ་གྲུབ་མཐའ་སྨྲ་བ་སོ་སོས་འདོད་ཚུལ་དང་བལྟ་ཚུལ་གང་ཡིན་དཔྱད་པ། གཉིས་པ། བདག་འཛིན་ནད་ཀྱི་རྐྱལ་བ་ཡིན་ཚུལ་ལུང་རིགས་ཀྱིས་ཇི་ལྟར་སྒྲུབ་པ། གསུམ་པ། བདག་མེད་ཞི་བའི་བསྟི་གནས་སུ་ལུང་རིགས་སུ་ཇི་ལྟར་སྒྲུབ་པ།
དང་པོ་བདག་འཛིན་ལ་གྲུབ་མཐའ་སྨྲ་བ་སོ་སོས་འདོད་ཚུལ་དང་བལྟ་ཚུལ་གང་ཡིན་དཔྱད་པ།
བདག་ངོས་འཛིན་ཚུལ་ལ་ནི་དྲུག་ཡོད་དེ། ཐུབ་དབང་དགོངས་རྒྱན་ལས། ཕུང་བོ་བདག་ཏུ་འདོད་པ་དང་། ཕུང་པོ་དང་ངོ་བོ་གཅིག་ཐ་དད་སོགས་བརྗོད་མེད་ཀྱི་བདག་འདོད་པ། ཕུང་བོའི་རྒྱུན་བདག་ཏུ་འདོད་པ། ཕུང་བོའི་ཚོགས་པ་བདག་ཏུ་འདོད་པ། རང་རིག་བདག་ཏུ་འདོད་པ། ཕུང་བོ་ལ་ཕར་བཏགས་ཙམ་གྱི་བདག་འདོད་པ་དང་དྲུག་ལས། དང་པོ་ལ་གཉིས་ལས། ཕུང་བོ་ལྔ་ཆར་བདག་ཏུ་འདོད་པ་དང་། ཕུང་བོ་ལྔ་ལས་རྣམ་ཤེས་བདག་ཏུ་འདོད་པའོ།།ཞེས་གསུངས་ཡོད་པ་རེད། དབུ་མ་རང་རྒྱུད་པ་སྟེ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྗེས་འབྲངས་སོགས་ཀྱི་བདག་ལ་ཡིད་ཀྱི་རྣམ་པར་ཤེས་པ་འདོད་ཀྱི་ཡོད། འདི་ལ་ལུང་གི་སྒྲུབ་བྱེེད་དང་རིགས་པའི་སྒྲུབ་བྱེད་གཉིས་ཡོད། ཐུབ་དབང་དགོངས་རྒྱན་ལས། དང་པོ་ནི་ཤེས་རབ་སྒྲོན་མ་ལས། རྣམ་པར་ཤེས་པའི་ཡུལ་ལ་བདག་ཏུ་ཐ་སྙད་གདགས་པའི་ཕྱིར་རྣམ་པར་ཤེས་པ་བདག་ཏུ་བརྗོད་དེ། ཞེས་དང་། གཉིས་པ་རིགས་པའི་བསྒྲུབས་པ་ནི། རྟོག་གེ་འབར་བ་ལས། འདི་ལྟར་ཁོ་བོ་ཅག་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པར་ལེན་པའི་ཕྱིར་བདག་ཡིན་ནོ།།ཞེས་ཡང་སྲིད་ལེན་བྱེད་ཡིན་པའི་རྒྱུ་མཚན་གྱིས་ཡིད་ཀྱི་རྣམ་པར་ཤེས་པ་གང་ཟག་ཏུ་བསྒྲུབས་པ་ནི་རིགས་པའི་སྒྲུབ་པའི་དབང་དུ་མཛད་པ་ཡིན་ཏེ། ཞེས་གསུངས་པ་དེ་ལྟར་རེད། ལུང་རིགས་འོད་སྟོང་འབར་བའི་ཉིན་བྱེད་དུ། སྟོད་ཆ། གང་ཟག་བདག་མེད་ཐུན་མོང་བ་ནི་རང་སྡེ་རང་རྒྱུད་པ་ནས་བྱེ་བྲག་སྨྲ་བའི་བར་གྱིས་ཐུན་མོང་དུ་གང་ཟག་གི་བདག་མེད་དུ་འདོད་པའི་གང་ཟག་ཕུང་བོ་དང་མཚན་ཉིད་མི་མཐུན་པའི་རང་རྐྱ་ཐུབ་པའི་རྫས་ཡོད་ལ་བྱ་སྟེ། ཞེས་དང་། དྲང་ངེས་རྣམ་འབྱེད་ལས། གང་ཟག་གི་བདག་མེད་ནི་རང་སྡེ་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་གཞན་གྱི་ལྟར་ན་གང་ཟག་ཕུང་བོ་དང་མཚན་ཉིད་མི་མཐུན་པའི་རང་རྐྱ་ཐུབ་པའི་རྫས་སུ་མེད་པ་ཙམ་ལ་འདོད་ཞེས་གསུངས་པས་གྲུབ་མཐའ་སྨྲ་བ་བཞི་བོས་བདག་འཛིན་ལ་ཐུན་མོང་དུ་བཞེད་པ་གཅིག་ཡོད་པ་ནི་གནད་འདི་དག་ལས་གོ་བ་བདེ་བླག་ཏུ་རྙེད་ཐུབ་ཀྱི་ཡོད།འོན་ཀྱང་དཔལ་ལྡན་ཐལ་འགྱུར་བས་བདག་འཛིན་གྱི་མཚན་གཞིའམ་བདག་གི་ངོ་བོ་དེ་ལ་རང་རྐྱ་ཐུབ་པའི་རྫས་ཡོད་དུ་མ་གྲུབ་པ་འཇོག་གི་མི་འདུག།།དེ་མི་འཇོག་པའི་རྒྱུ་མཚན་ནི་ལུགས་འདི་ལ་རང་རྒྱུད་པ་སོགས་ཀྱིས་འདོད་པའི་བདག་འཛིན་དེ་ཡིན་ན་བློ་ཀུན་བཏགས་ཡིན་དགོས་པའི་ཕྱིར། དེ་ལྟར་དགོས་པ་དེ་ཡང་འཇུག་པའི་རྣམ་བཤད་དུ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ནི་གྲུབ་མཐས་བློ་མ་བསྒྱུར་བ་ལ་ཡང་ཡོད་མོད་ཞེས་གསུངས་ཡོད་པ་རེད། བདག་འཛིན་ལ་ངོས་འཛིན་བྱེད་ཚུལ་དང་གྲུབ་མཐའ་སོ་སོའི་འདོད་ཚུལ་སོགས་དེ་ལྟར་རགས་བཤད་ཙམ་བྱས་པ་ཡིན་ལ། ཕྲན་ལ་གཞུང་གི་གོ་བོ་དཔྱིས་ཕྱིན་པ་ཤིག་བྱེད་པའི་གོ་རིག་ཟུང་འབྲེལ་གྱི་གཤོག་ཟུང་རྒྱས་མེད་པ་ཤིག་ཡིན་པས། བཀའ་བསྟན་རི་བོའི་གཏོས་དང་མཉམ་པ་དག་གི་གཏིང་ཐུལ་སློག་ན་བློ་ཡིས་མི་ནུས་པ་དང་ཡང་ན་རྣམ་དཔྱོད་དང་དེ་དང་འབྲེལ་བའི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཤིག་མིན་པས་སྐབས་བབས་ཀྱི་བརྗོད་དོན་དེ་ལྟར་རྫོགས་པར་བྱས།
གཉིས་པ་བདག་འཛིན་ནད་ཀྱི་རྐྱལ་བ་ཡིན་ཚུལ་ལ་དཔྱད་པ་ནི།
བདག་འཛིན་ནད་ཀྱི་རྐྱལ་བ་ཡིན་ཚུལ་ནི་ཡབ་གཅིག་མཁྱེན་མཁྱེར་འཇམ་མགོན་བླ་མ་ཙོང་ཁ་བས་ཞལ་ནས། འཇིག་རྟེན་རྒུད་པ་ཇི་སྙེད་པ།།དེ་ཡི་རྩ་བ་མ་རིག་ཡིན།།ཞེས་གསུངས་པ་ལྟར་བདག་འཛིན་ནི་སྡུག་བསྔལ་ཀུན་གྱི་སྣ་འདྲེན་དང་སྐྱེ་བ་འཕྲེང་བརྒྱུད་དུ་འཁོར་བར་འཆིང་བྱེད་དང་ཡང་ན་འཇིགས་པ་ལྔ་ལས་ཐར་རྒྱུ་མེད་པར་ཡང་དང་ཡང་དུ་དེ་དག་གི་བྲན་འོག་ཏུ་གྱུར་ནས་དེ་དག་གིས་ཁྱེད་ཀྱི་སྐྱེ་འཆི་སོགས་ལ་པར་དབང་བསྒྱུར་བྱེད་ཀྱི་ཡོད། འཇིགས་པ་ལྔ་ཡི་དབང་བསྒྱུར་བྱེད་ཀྱི་ཡོད་ནའང་བདག་གོ་འཛིན་པའི་འཛིན་པའམ་ངའོ་འཛིན་པའི་འཛིན་པ་དང་འཇིགས་པ་ལྔ་ནི་རྗེ་དང་ཁོལ་ལྟ་བུ་ཡིན། གཙོ་བོ་དེ་དག་ལ་ཁ་ལོ་བ་བྱེད་མཁན་བདག་གམ་ངའོ་འཛིན་པའི་འཛིན་པ་དེ་ཡིན། བདག་གམ་ངའོ་སྙམ་པའི་འཛིན་པའམ་བདག་ལ་ཞེན་པའི་ཞེན་པ་དེ་བྱུང་བའི་དབང་གིས་བདག་གི་དང་ང་ཡིར་འཛིན་པའི་འཛིན་པའམ་ཞེན་པ་སྟེ་བདག་གི་འདི་དང་ང་ཡི་གན་ཞེས་པའི་འདུ་ཤེས་རང་བཞིན་གྱིས་ཡོང་གི་ཡོད་པ་རེད། དབུ་མ་འཇུག་པ་ལས། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་།།བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ།།ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི།།ཞེས་གསུངས་ལྟར་རེད། སྔར་ངས་གོང་དུ་བཤད་ཡོད། བདག་དང་བདག་གི་བ་ལ་ཞེན་པའི་བློ་དེས་ང་ཚོའི་ནང་སེམས་ཀྱི་བཙན་ས་དེ་ཉིད་བཟུང་བ་ནས་ང་ཚོ་ལ་ནམ་རྒྱུན་དཀའ་ངལ་ཟམ་མ་ཆད་དུ་བྱུང་དང་འབྱུང་བཞིན་ཡོད། ད་ལྟའི་ང་ཚོ་དང་ཐག་ཉེ་བའི་དུས་རབས་ཏེ་དུས་རབས་ཉི་ཤུ་བའི་ནང་བྱུང་བའི་མིའི་རིགས་ཀྱི་ཆེས་སྐྱོ་གར་ཆེ་ཤོས་ནི་འཛམ་གླིང་འཁྲུགས་ཆེན་གཉིས་པ་བྱུང་པ་དེ་རེད། དེའང་རྒྱལ་ཁབ་ཀྱི་ལ་རྒྱ་དང་མི་རིགས་ཀྱི་ལ་རྒྱ་རྒྱལ་ཁབ་འཕེལ་རྒྱས་དང་རྒྱ་བསྐྱེད་དུ་དམིགས་ནས་སློང་བ་ལྟ་བུ་ཡིན་ཁུལ་བྱས་ན། དེ་དག་ཀྱང་བདག་གོ་ཞེས་པའི་འཛིན་པ་དེས་དྲངས་པའི་བདག་གི་སྟེ་བདག་དང་བདག་གི་མི་རིགས་བདག་གི་རྒྱལ་ཁབ་ཞེས་པའི་འཛིན་པ་དེ་ཟོ་ཆུན་འཕྱན་པ་ལྟར་རང་དབང་མེད་པར་འོང་གི་ཡོད་པ་དེ་རེད། སྤྱིར་འགྲོ་བ་རིགས་དྲུག་གང་གི་རྟེན་ཅན་ཡིན་རུང་སོ་སོ་ལ་སོ་སོའི་ལས་ཀྱི་གྲུབ་པའི་ཚེ་སྲོག་ཞིག་ཡོད་པ་དེ་ང་ཚོས་སྦྱིན་པའམ་བཟོས་པ་མིན་པས་སུ་ལའང་དེ་ལ་དབང་བསྒྱུར་བྱེད་པའི་དབང་ཆ་མེད། ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས་ལས། དུད་འགྲོ་རྣམས་ཀྱི་ཚེ་སྲོག་ནི་སོ་སོའི་ལས་དབང་གིས་གྲུབ་པ་མ་གཏོགས་དེ་ང་ཚོས་སྦྱིན་པ་དང་བཟོས་པ་ཞིག་མིན་པས་དེ་ཚོའི་ཚེ་སྲོག་ཅིའི་ཕྱིར་ང་ཚོ་ལ་དབང་ཞེས་གསུངས་པ་ལྟར་འདི་ལ་དྲང་ངེས་མ་ཕྱེ་བའི་དབང་དུ་བྱས་ན་དུད་འགྲོ་དང་འགྲོ་བ་གང་དང་གང་གི་རྟེན་ཅན་ཡིན་ན་སོ་སོའི་ཚེ་སྲོག་སྟེ་སོ་སོའི་ལས་དབང་གི་གྲུབ་པ་གཅིག་མཚུངས་རེད། འཛམ་གླིང་འཁྲུགས་ཆེན་གཉིས་པ་མ་གཏོགས་པའི་ད་ལྟ་ང་ཚོའི་སྤྱི་ཚོགས་སུ་དངོས་སུ་མཐོང་རྒྱུ་ཆེ་ས་རྒྱལ་ཁབ་དང་རྒྱལ་ཁབ་བར། ཆོས་ལུགས་དང་ཆོས་ལུགས་བར། གྲུབ་མཐའ་དང་གྲུབ་མཐའི་བར། མི་རིགས་དང་མི་རིགས་བར། ཆུང་ས་སྡེ་བ་དང་སྡེ་བའི་བར། ཚོགས་པ་དང་ཚོགས་པའི་བར། ཁྱིམ་ཚང་དང་ཁྱིམ་ཚང་བར། བཟའ་བ་དང་བཟའ་བའི་བར། སྤུན་ཟླ་དང་སྤུན་ཟླའི་བར། ཕུ་ནུ་དང་ཕུ་ནུའི་བར། མཐའ་ན་གཞོན་ནུ་ཕོ་མོའི་བར་གྱི་བརྩེ་དུང་ལ་སོགས་པའི་བར་མི་འགྲིག་པ་དང་འཛིང་མོ་དང་མི་གསོད་ཁྲག་སྦྱོར་བྱུང་རྒྱུ་གཉེན་འཐོར་རྒྱག་རྒྱུ་སྟེ་དགའ་སྐྱོ་ཆགས་སྡང་དང་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་དགའ་སྡུག་འདྲེས་མ་ཐམས་ཅད་པོའི་རྩ་བ་དེ་ཉིད་བདག་གོ་ཞེས་པའི་འཛིན་པ་དང་དེས་དྲངས་པའི་བདག་གི་དང་བདག་གི་ཞེས་པའི་འཛིན་པ་ཞེ་ནག་དེས་བསྐྱེད་ཀྱི་ཡོད་པ་རེད།འདི་འདྲ་བའི་དགའ་སྐྱོ་ཆགས་སྡང་དང་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་ཡོད་པ་ནི་མིའི་རིགས་ཐུན་མོང་དུ་མངའ་བའི་གཤིས་ཀའམ་འཇིག་རྟེན་འགྲོ་ལུགས་ཤིག་ཏུ་འདོད་ཀྱི་ཡོད། རྒྱ་ནག་གིས་འདི་ལ人之常情ཟེར་གྱིན་ཡོད། ཡིན་ནའང་། འཇིག་རྟེན་གྱི་སྐྱོ་གར་མང་བོ་ཞིག་འདི་དག་གིས་འཁྲབ་གྱིན་པ་ཚོར་ནི་ཉུང་ཤས་མེད་པས་འགྲོ་རིགས་དྲུག་འཁོར་བར་འཁྱམ་པ་གྲངས་མེད་པ་གང་གཱའི་ཀློང་གི་བྱེ་མ་སྙེད་ཀྱིས་མི་ཟིན་པ་འདི་དག་ལས་ཐར་བ་དང་བཀྲོལ་ནས་གཏན་གྱི་བདེ་བ་མཐར་ཐུག་མྱོང་མཁན་ནི་དེ་ལས་ཉུང་ཉུང་ཡིན་པ་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་འགྱུར་དུ་མང་བོ་གསུངས་ཡོད་པ་རེད། གཉོམ་ཆུང་ལ་ཐུབ་ཚོད་གཏོང་བ་དང་གཞན་གྱི་ཚེ་སྲོག་དང་རིན་ཐང་མི་གཞི་ལ་བརྩིས་ཐང་མེད་པ་སོགས་ཀྱང་ངར་འཛིན་ནམ་བདག་འཛིན་གྱིས་བློ་འདིས་བསྐྱེད་ཡིན་སྟེ། བྱམས་བརྩེ་རིན་ཐང་ལས། ངར་འཛིན་བློ་གཞན་དེ་ནི་གླེན་པའི་བདག་འཛིན་ཏེ་གཞན་གྱི་ཐོབ་ཐང་བརྩི་མེད་གཏོང་བ། གཞན་ཡལ་བར་འདོར་བ། གཞན་ལ་མགོ་བསྐོར་དང་བརྙས་བཅོས་བྱེད་པ། རང་གི་དོན་ལ་གཞན་བཀོལ་བར་བྱེད་པ་བཅས་ཀྱི་བློ་ཡིན་པས་ངར་འཛིན་དེ་དང་ལྡན་ན་མཐའ་མར་རང་ཉིད་ཕམ་སྟེ་འབྲས་བུ་སྡུག་བསྔལ་མྱོང་དགོས་རྒྱུ་ཡིན། ཞེས་དང་ཡང་ང་ང་ཞེས་པའི་བློ་དེ་ཉིད་གང་ཞིག་ན་ཡོད་པ་དང་བརྟག་ཀྱང་དཔྱད་པའི་ཚེ་ན་རང་གི་ཕུང་བོའི་སྟེང་ནས་བཙལ་ན་རྙེད་རྒྱུ་མེད་པ་ཤིག་ཡིན་པ་དེ་དག་ལས་གཞན་པའི་ང་ཚོས་བདག་ཅེས་པ་ལ་ལོགས་སུ་འཇོག་རྒྱུ་ཤིག་མི་རྙེད་པ་ནི་དེ་ཉིད་ལས། ང་ཚོས་ང་ང་སྙམ་པ་འདི་ཅི་ཞིག་ཡིན་པ་དང་། གང་དུ་ཡོད་མེད་ཞིབ་འཇུག་བྱས་ན་གཟུགས་པོ་དང་ཀླད་པའམ་ཉམས་མྱོང་ལས་ལོགས་སུ་མི་རྙེད། ད་དུང་དེ་བས་ཀྱང་ཟབ་ཏུ་བཏང་སྟེ་མཐར་ཐུག་པའི་ང་བཙལ་ན་རང་དབང་བ་དང་དོན་དམ་པའི་ངོ་བོའི་ང་ཤིག་མི་རྙེད། ཐ་སྙད་དུ་སེམས་དང་ལུས་པོ་ཚོགས་པ་ཙམ་ཞིག་ལ་མིང་བཏགས་ནས་འདི་མི་རེད་ཅེས་བརྗོད་ཀྱི་ཡོད་སྟབས། ཨ་མདོ་ནས་འོངས་པའི་ཤ་རུས་དང་། ཤེས་པའི་ཚོགས་པ་ཞིག་ལ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ་ཞེས་མིང་བཏགས་པ་རེད། གང་ལྟར་ཞིབ་འཇུག་དང་བཏགས་དོན་བཙལ་བའི་རྗེས་ལ་ང་ཚོས་ཏཱ་ལའི་བླ་མ་བལྟ་དགོས་ཀྱི་ཡོད་ཅེས་བརྗོད་ན་རྙེད་མི་ཐུབ། ཅེས་གསུངས་ཡོད་པ་རེད། ཡིན་ནའང་ང་ཚོས་ངར་འཛིན་ཞེས་པའི་ང་དེ་ལ་ཕུང་བོའི་ཚོགས་པ་དང་སེམས་འཇོག་མཁན་ཡོད་ལ། འདི་ལྟ་བུའི་འཛིན་ཚུལ་ཉེ་དུས་བྱུང་བ་ཤིག་མ་ཡིན་པར་རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་དཔལ་ལྡན་ཟླ་བ་གྲགས་པའི་རིང་དུ་བྱུང་ཡོད་པ་ནི་དེ་ཉིད་ཀྱིས་མཛད་པའི་དབུ་མ་འཇུག་པ་ལས། ཁ་ཅིག་བདག་ལྟའི་རྟེན་དུ་ཕུང་པོ་ནི།།ལྔ་ཆར་ཡང་འདོད་ཁ་ཅིག་སེམས་གཅིག་འདོད།།ཞེས་གསུངས་པ་འདི་ཉིད་ལས་རྟོགས་ཐུབ། དེའང་ཡིན་ས་རེད། སེམས་ཅན་ཞིག་ཡིན་སླད་ཆད་རང་རང་སོ་སོ་ལ་ཐུན་མིན་གྱི་བསམ་བློ་དང་རྣམ་དཔྱོད་ཀྱི་སྟེགས་བུ་ཡོད་པར་ངེས། དེ་ལའང་དབུ་མ་དགོངས་པ་རབ་གསལ་ལས། མང་བཀུར་བ་ཁ་ཅིག་བདག་ལྟའི་རྟེེན་དུ་སྟེ་དམིགས་པར་ནི། རང་གི་ཕུང་བོ་ལྔ་ཆར་ཡང་འདོད་ཅིང་། བདག་ཏུ་མངོན་པར་ཞེན་པ་འདི་ཡང་ཕུང་བོ་ལྔ་པོ་དེ་ལས་ཡིན་ཞེས་སྨྲ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་ངམ་བྲམ་ཟེ་གང་སུ་དག་ཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི། ཉེ་བར་ལེན་པའི་ཕུང་པོ་འདི་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ། །ཞེེས་གསུངས་ལྟ་བུའོ་ཞེས་གསུངས་ལྟར་ཁ་ཅིག་དང་ལ་ལ་ཤིག་གིས་ང་ཞེས་པ་དེ་ཉིད་གཟུགས་ཕུང་ལ་འཇོག་པ་ནི་བསམ་བློ་ནོར་བའའམ་དེ་ཅུང་འགྲིག་གི་མེད་པ་ནི། འཇང་བཀའ་འགྱུར་ལས། རིགས་ཀྱི་བུ་ཐམས་ཅད་མཁྱེན་པས་ལུས་ལ་བདག་མེད་དོ་ཞེས་གསུངས་ལ། གལ་ཏེ་ལུས་ལ་བདག་ཡོད་ན་ཇི་ལྟར་ན་དེ་སྐྲ་དང་སེན་མོ་དང་། ལྤགས་པ་དང་། མགོ་བོ་དང་། ཤ་དང་། རུས་པ་དང་། རྐང་དང་། ཚིལ་དང་། རྒྱུས་པ་དང་། མཆིན་པ་དང་། རྒྱུ་མ་དང་། མིད་པ་དང་། ལག་པ་དང་། རྐང་པ་དང་། ཡན་ལག་དང་ཉིང་ལག་ལ་སོགས་པ་ལུས་ཐམས་ཅད་ཀྱི་ཕྱི་དང་ནང་དུ་བཅས་པ་རྣམ་པར་བརྟགས་ན་བདག་ཡང་དག་པར་མི་སྣང་ངོ་ཞེས་གསུངས་ཡོད་པ་རེད། ད་དུང་རྒྱ་ནག་གི་སྐད་དུ་ཡོད་པའི་❨金刚般若波罗蜜经ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྡོ་རྗེ་གཅོད་པ་ལས;无我无人无众生无寿者。བདག་མེད་པ། གང་ཟག་ཏུ་མེད་པ། སེམས་ཅན་དུ་མེད་པ། སྲོག་ཏུ་མེད་པ་ཞེས་བྱའོ།❩དེ་ལྟར་ང་ཚོ་བདག་ཅེས་པའམ་ང་འདིར་ཞེན་པའམ་གཅེས་སུ་འཛིན་པ་ནི་རང་ཉིད་ཀྱིས་རང་མོས་ཀྱི་སྒོ་ནས་སྡུག་བསྔལ་ལ་བསུ་མ་བྱས་པའམ་ཡང་ན་སྡུག་བསྔལ་ལ་ཕར་འཁྱུད་པ་ལས་མ་འདས། ཇི་སྐད་དུ། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།།སྡུག་བསྔལ་ཉིད་མངོན་པར་རྒྱུག།།ཞེས་གསུངས་ཡོད་པ་དེ་ཉིད་ཧ་ཅང་གི་གནད་དུ་འཁེལ་བའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཅི་ལ་མིན། ནང་ཆོས་ངོ་སྤྲོད་སྙིང་ནོར་ལས། ཕུང་པོའི་ནང་ནས་བདག་གང་ཞིག་འཇོག་དགོས་ཞེ་ན།
ལུས་འདི་བདག་ལ་བཞག་ན་བདེ་པོ་མེད།
ལུས་འདི་ནི་མི་ཚེ་ནས་མི་ཚེ་བྱས་ཏེ་འགྲོ་བས་ལུས་ཀྱི་སྟེང་ནས་ང་མེད་པ་ཧ་ཅང་གསལ་པོ་ཡིན། ཞེས་གསུངས་པ་ལྟ་བུ་རེད། ང་ཚོས་དེ་ལྟ་བུའི་སྟེང་ནས་ང་ང་ཞེས་པ་ལ་འཛིན་སྟངས་གཞན་ཞིག་བཟུང་ན་ཡག་པོ་རེད་ལ། འདི་ལྟ་བུའི་རང་གི་ཉིན་རེའི་ཚོར་བ་མི་བདེ་བ་འབྱུང་གི་ཡོད་པ་དེ་ལ་བརྟག་དཔྱད་གཏོང་ན་ཏན་ཏན་སེམས་ལ་ཕན་ཡོང་གི་ཡོད་པ་རེད། ནང་ཆོས་ངོ་སྤྲོད་སྙིང་ཏིག་ལས། ཞིབ་ཚགས་ཀྱི་ཐོག་ནས་བསམ་བློ་བཏང་ནས་དཔྱད་ན།
ཕལ་ཆེར་རང་གཅེས་འཛིན་ལ་བདག་ལ་ཆགས་པའི་བདག་ཆགས་ཞེས་པ་ཞིག་ཡོད།
དེ་ཡང་སྐྱེ་བ་ལེན་པའི་རྒྱུ་རྐྱེན་གཙོ་བོ་ནི་བདག་ལ་ཆགས་པའི་བདག་ཆགས་ཞེས་པ་དེ་ཉིད་ཡིན།
དེས་ན་བདག་ལ་ཆགས་པ་ནི་འདོད་ཆགས་ཡིན།
ཞེས་དང་། ཐར་ལམ་གསལ་བའི་སྒྲོན་མེ་ལས། ངའམ་གང་ཟག་གམ་སྐྱེས་བུ་ཞེས་པ་དེ་བཏགས་དོན་བཙལ་ནས་བསམ་བློ་ཞིག་བཏང་ན།
རྩ་བ་ནས་མཛུབ་མོ་འཛུགས་ས་མེད་པ་ཞིག་ཆགས་ཀྱི་ཡོད།
ཞེས་གསུངས་པ་དག་ལ་ང་ཚོས་སློབ་སྦྱོང་བྱས་ཏེ། ང་ཚོས་ནང་སེམས་ལ་འགྱུར་བ་གཏོང་ནས་རང་གི་ཁོར་ཡུག་ན་དྲག་ཏུ་འཚུབ་བཞིན་པའི་ཞེ་སྡང་དང་ཁོང་ཁྲོ་དང་གཏི་མུག་འདོད་ཆགས་སོགས་ལ་གཡུལ་གཤོམ་རྩོམ་དགོས་ཀྱི་འདུག།།འདི་ལྟར་བྱེད་པ་ནི་ང་ཚོས་བདེ་སྐྱིད་སྤྲིན་གྱི་ལྡིང་ཁང་གཞན་ཞིག་ལ་སྙེག་པ་དང་སྤྲོ་པོ་ཡོད་པས་ཡིན། ད་དུང་ལམ་རིམ་ཆེན་མོའི་སྔོན་འགྲོའི་གསུང་ཆོས། ནང་ཆོས་ངོ་སྤྲོད་སྙིང་བཅུད་བཅས་ལ་ཞིབ་ཏུ་གཟིགས་ནས་ང་ཚོའི་ནམ་རྒྱུན་རང་གི་སེམས་ཀྱི་དཀའ་ངལ་གང་འཕྲད་པ་དེ་དག་ལ་གདོང་ལེན་ཇི་ལྟར་བྱ་དགོས་པ་སོགས་མདོར་བསྡུས་ན་ཡངས་པའི་ས་སྒང་སྒེར་སེམས་མེད་པའི་ཀུན་ཁྱབ་སེམས་བསྐྱེད་ཀྱི་ངོ་བོར་ཆགས་པའི་ཁོར་ཡུག་གི་བསྐྲུན་པ་འབད་དགོས་པ་ནི་དུས་རབས་ཀྱིས་ང་ཚོར་གནང་བའི་ལས་དབང་གི་བྱ་བ་ཤིག་ཡིན་ནོ། །
གསུམ་པ།བདག་མེད་ཞི་བའི་བསྟི་གནས་སུ་ལུང་རིགས་སུ་ཇི་ལྟར་སྒྲུབ་པ།
བདག་མེད་ཞི་བའི་བསྟི་གནས་སུ་འདོད་ཚུལ་དེ་ཡང་མཐར་ཐུག་ནས་བཤད་ན་སྟོང་ཉིད་ཀྱི་ལྟ་བར་འབྲེལ་ནས་བཤད་ན་ཧ་ཅང་ཟབ་པས་ཁོ་བོ་སྟེ་མང་དུ་ཐོས་པའི་ཤ་ཚུགས་ཅན་གྱིས་གྲུབ་མཐའ་སོ་སོའི་འདོད་ཚུལ་སོགས་ཀྱི་ངོ་བོ་མ་འདྲེས་པའི་སྒོ་ནས་བྲི་བ་དང་ཡང་ན་དེ་དག་གི་དགོངས་པ་གོ་བདེ་བ་ཀློག་ཙམ་གྱིས་ཡིད་སེནས་མགུ་བའི་ཆ་རྐྱེན་དུ་འགྱུར་འགྲོ་བ་ཞིག་བྲི་མི་ཐུབ་ཡང་ཐོས་པའི་ཤེས་རབ་སྦོམ་པོ་ཤིག་གི་སྒོ་ནས་བྲི་འདོད་ཀྱི་ཀུན་སློང་ཡོད་པ་དེ་ཙམ་ཁོ་ན་དང་རང་གི་བག་ཆགས་ཙམ་འཇོག་ཕྱིར་མཁས་པ་ཁྲེལ་བའི་གཞི་ཡིན་པ་ལ་མ་ལྟོས་པར་རང་ཉིད་ལ་འདི་ཕྱོགས་ཀྱི་ཉམས་མྱོང་རེ་སློང་ཕྱིར་རམ་རང་གི་སྐབས་བབས་ཀྱི་སློབ་སྦྱོང་དང་འབྲེལ་བ་ཡོད་པའི་གཞུང་ཚན་ཕྱོགས་ནས་དཔྱད་རྩོམ་འབྲི་འདོད་ཀུན་སློང་བཅོས་མ་དེ་ལ་ངོ་མ་ལོག་པ་བྱས་པ་ཙམ་ཡིན། བདག་མེད་པར་ཇི་ལྟར་ལྟ་བ་ལ་ནི་ཅི་ཡང་ཡིད་ལ་མི་བྱེད་པར་སྒོམ་པའམ་ཅི་ཡང་ཡིད་ལ་མི་བྱེད་པའི་ངང་ཚུལ་དུ་གནས་པ་ནི་འཕྱུག་པ་ཡིན། ཅི་ཡང་ཡིད་ལ་མི་བྱེད་པ་ནི་རྒྱ་ནག་ཧྭ་ཤང་གིས་ལྟ་བ་ཡིན་ལ་ཅི་ཡང་ཡིད་ལ་མི་བྱེད་པ་འཚང་རྒྱ་བའི་ལམ་ཡིན་པར་འདོད། ལམ་རིམ་ཆེན་མོ་ལས།དེ་ལ་ཧྭ་ཤང་གིས་ནི་ཅིར་ཡང་མ་རྟོག་པར་བསྔགས་པ་མཛད་པའི་མདོའི་ཁུངས་བརྒྱད་བཅུ་དྲངས་ནས་བསྒྲུབས་སོ། །ཞེས་གསུངས་པ་དེེའི་འོག་ཏུ་ཧྭ་ཤང་གི་ལྟ་བར་བྱང་ཆུབ་སེམས་དཔའ་ཆེན་པོ་ཀཱ་མ་ཤཱི་ལས་ལུང་རིགས་དྲི་མ་མེད་པའི་ཇི་ལྟར་སྒྲུབ་ཚུལ་དང་རྗེ་ཁོང་གིས་ཀྱང་མདོ་ཁུངས་ངོས་བཟུང་ནས་རྒྱས་པར་བཀག་ཡོད་པ་དེ་ལྟར་རེད། ཅི་ཡང་ཡིད་ལ་མི་བྱེད་པ་འདིའི་བདག་མེད་པ་སྒོམ་ཁུལ་བྱེད་པའི་དབང་དུ་གཏོང་ན་སུ་ལའང་སླ་མོ་ཤིག་ཡིན་པའི་འདུ་ཤེས་མི་སྐྱེས་ཞེས་བཤད་ན་ཧ་ཅང་གི་དོགས་གཞི་ཤིག་ཡིན། བདག་མེད་པར་སྒོམ་པ་ལ་རང་རྒྱུད་ལ་ཉེ་བར་སྐོར་ན་ངའོ་སྙམ་པའི་བློ་ལྷན་སྐྱེས་འདི་ལ་སྣང་ཚུལ་ཅི་འདྲ་བ་ཞིག་སྣང་སྙམ་དུ་ཐོག་མར་དེ་ལ་བརྟག་པར་བྱ་དགོས་པ་གལ་ཆེན་པོ་རེད། ལྟ་ཁྲིད་དྲན་པ་བཞི་ལྡན་ལས།དེ་ལྟར་བརྟགས་པ་ན། རང་རེ་སེམས་ཅན་འཁོར་བ་པ་རྣམས་ཀྱི་རྒྱུད་ལ་ཐོག་མ་མེད་པ་ནས་ཡོད་པའི་ངའོ་སྙམ་པའི་བློ་ལྷན་སྐྱེས་འདི་ལ་ཕུང་པོ་ལ་ལྟོས་མེད་དུ། ང་ཚུགས་ཐུབ་ཏུ་སྦྲིང་ངེ་བ་སྣང་བ་གཅིག་ཡོད་པ་མྱོང་བས་དེ་ལྟར་སྣང་བ་ལྟར་དུ་གྲུབ་ན་རང་བཞིན་གྱིས་གྲུབ་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། བདེན་པར་གྲུབ་པ་ཡིན་ནོ་ཞེས་བརྟག་མཐའ་བཟུང་གི་སྒོ་ནས་ངོས་འཛིན་པ་ཡིན། ཞེས་གསུངས་པ་ལྟར་དེ་ལྟ་བུའི་མྱོང་བ་ཤིག་ཐོན་པའི་ཚེ་དེ་ལ་བདེན་པར་གྲུབ་པའི་གྲུབ་འཛིན་ཡང་ངམ་ངམ་ཤུགས་ཤུགས་ཀྱིས་ཡོང་གི་ཡོད་པ་རེད། དེ་ཇི་ལྟར་འགོག་པ་ལ་དེ་ཉིད་ལས།དབུ་མའི་གཞུང་ལུགས་ཆེན་མོ་རྣམས་ལས། རྟགས་སྦྱོར་བསམ་གྱིས་མི་ཁྱབ་པ་མང་བོ་བཤད་ནའང་། འདིར་མྱོང་བ་བཀར་བ་ཅུང་ཟད་གཅིག་བཤད་ན་ངའམ་བདག་རང་བཞིན་གྱིས་མེད་དེ།ཕུང་བོ་རེ་རེ་བ་ཡང་ང་མ་ཡིན། ཕུང་བོ་ཚོགས་པ་ཡང་ང་མ་ཡིན། ང་ཕུང་བོ་ལས་དོན་གཞན་ཡང་མེད་པའི་ཕྱིར། ཕུང་བོ་རེ་རེ་བ་ཡང་ང་མ་ཡིན་ཏེ། དེ་ཡིན་ན་གང་ཟག་གཅིག་གི་རྒྱུད་ལ་ང་རྫས་ཐ་དད་པ་ལྔ་ཅིག་ཆར་དུ་ཡོད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཕུང་བོའི་ཚོགས་པ་ཡང་ང་མ་ཡིན་ཏེ། ང་ཕུང་བོ་ཚོགས་པ་བརྟེན་ནས་བཏགས་པ་ཡིན་ཕྱིར། ང་ཕུང་བོ་ལས་དོན་གཞན་ལོགས་ནའང་མེད་དེ། དེ་ལྟར་དུ་ཚད་མས་མ་དམིགས་པའི་ཕྱིར་ཞེས་གསུངས་པ་དང་། དེ་ལྟར་རང་གི་གདགས་གཞི་ཕུང་བོ་ཚོགས་པ་ལ་བརྟེན་ནས་བཏགས་ཙམ་ཡིན་གྱིས། རང་བཞིན་གྱིས་མེད་སྙམ་པའི་ངེས་ཤེས་དྲངས་ན། ཡང་དེ་ཉིད་དེ་ལ་ངེས་ཤེས་འདྲོངས་པ་ན་ཏིང་ངེ་འཛིན་རྒྱལ་བོ་ལས། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི།།ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ།།ཞེས་དང་སྡུད་པ་ལས་བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས།།སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས།།ཞེས་གསུངས་པ་ལྟ་བུ་རེད། བདག་མེད་པ་འདི་ལ་དཔེ་ཤིང་རྟ་ལྟ་བུའི་སྟེང་ནས་བཙལ་བའམ་བདག་མེད་པའི་རིགས་པ་གཏན་ལ་འཕབས་ན་ཧ་ཅང་གི་མཆོག་ཏུ་གནང་བར་བཞེད་དེ།དབུ་མ་སྟོང་ཐུན་བསྐལ་བཟང་མིག་འབྱེད་ལས། འཇུག་པ་ལས། ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན།།གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང་།།ཡན་ལག་ལ་མིན་ཡན་ལག་དག་དེར་མིན།།འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ། །ཞེས་ཤིང་རྟའི་དཔྱད་པ་རྣམ་པ་བདུན་གྱིས་བཙལ་པ་ན་ཤིང་རྟ་བཏགས་པ་ཙམ་ལ་ཤིང་རྟའི་བྱ་བྱེད་ཐམས་ཅད་གནོད་མེད་དུ་བཞག་པས་ཆོག་པ་དཔེར་མཛད་ནས། ཚུལ་དེ་ཉིད་གང་ཟག་ལ་ཡང་སྦྱོར་བར་མཛད་ལ། འདི་ཉིད་གང་ཟག་གི་བདག་མེད་གཏན་ལ་འཕབས་པའི་རིགས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་བསྔགས་པར་མཛད་དོ། །འདི་ལྟར་བདག་མེད་པར་སྒྲུ་བ་ཡོང་དུས་ལ་ལ་ཤིག་གིས་བདག་ཡོད་པ་རེད་དེ། སྟོན་པ་བཅོམ་ལྡན་འདས་ཀྱིས་གང་ཟག་གི་བདག་ཡོད་པར་གསུངས་ཟེར་མཁན་ཡོད་ཀྱང་དེ་ལ་ནི་དབུ་མ་འཇུག་པ་ལས། གང་ཕྱིར་སྟོན་པས་ཕུང་པོ་བདག་གོ་ཞེས།།གསུངས་དེ་ཕྱིར་ཕུང་བོ་བདག་འདོད་ན།།དེ་ནི་ཕུང་ལས་གཞན་བདག་འགོག་པ་སྟེ།།གཟུགས་བདག་མིན་སོགས་མདོ་གཞན་གསུངས་ཕྱིར་རོ།།ཞེས་དང་། དབུ་མ་དགོངས་པ་རལ་གསལ་ལས། མདོ་དེ་ནི་ཕུང་བོ་རྣམས་བདག་ཏུ་སྟོན་པ་མ་ཡིན་ནོ། །འོ་ཅི་ཞེ་ན་སྟོན་པའི་དགོངས་པ་ནི་ཕུང་བོ་ལས་ངོ་བོ་གཞན་པའི་བདག་བདག་ཏུ་ལྟ་བའི་དམིགས་པར་འདོད་པ་ནི། ཁོ་ན་ལ་ཞེས་པའི་ངེས་བཟུང་གིས་འགོག་པ་སྟེ། ཞེས་དང་། དབུ་མའི་ལྡེ་མིག་ལས། དད་ལོག་འགྲོ་ཉེན་ཡོད་པའི་གདུལ་བྱའི་ཆེད་མདོ་འགའ་ཞིག་ཏུ་བདག་ཡོད་པར་གསུངས་ཡོད། ཅེས་པ་རེད། ང་ཚོས་བདག་མེད་པར་ལྟ་དགོས་པའི་རྒྱུ་མཚན་ནི་ང་ཚོའི་ནང་སེམས་ཀྱི་དཀའ་རྙོག་སྟེ་ཞེ་སྡང་ཁོང་ཁྲོ་མེད་པར་བཟོ་རྒྱུའི་ཆེད་དུ་རང་ཕྱོགས་གཞན་ཕྱོགས་ཞེས་པའི་བློ་དེ་གཞོམ་པའི་སླད་དམ་དབུགས་ལྡན་སེམས་ཅན་ཡོད་དོ་ཅོག་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པས་ཀུན་ཁྱབ་སེམས་བསྐྱེད་ལ་འབད་དགོས་པ་དེ་ལྟར་ཡིན། ཡང་ཅིག་མིའི་རིགས་ཀྱི་རྣམ་དཔྱོད་འདི་དུད་འགྲོ་ཁྱད་དུ་འཕགས་པ་ཡིན་པ་ས་སྒང་འདི་མ་ཟད་སྐྱེ་བ་ཕྱི་མའམ་ཚེ་རབས་མང་བོའི་བདེ་སྡུག་ལ་བསམ་བློ་གཏོང་ཐུབ་མཁན་ཞིག་ར་སྤྲོད་ཀྱི་ཡོད་ཞེ་ན་མི་ཆོག་པ་མེད། ནང་ཆོས་ངོ་སྤྲོད་སེམས་ཀྱི་གསང་བ་ལས། དེས་ན་རང་གཅེས་འཛིན་གྱི་གཉེན་པོ་བསྟེན་རྒྱུའི་གཙོ་བོ་ནི།
གཞན་གཅེས་འཛིན་ལ་བསམ་བློ་གཏོང་རྒྱུ་དེ་ཡིན།
དེ་ཡང་རང་གཅེས་འཛིན་གྱི་སྐྱོན་དང་།
གཞན་གཅེས་འཛིན་གྱི་ཡོན་ཏན་ལ་བསམ་བློ་བཏང་བ་སྟེ།
གཅེས་འཛིན་གཉིས་ཀྱི་སྐྱོན་དང་ཡོན་ཏན་མཐོང་བའི་ཐོག་ནས་རང་ཉིད་ཁེ་འདོད་པ་ཡིན་སྟབས།
གཞན་གཅེས་འཛིན་བསམ་བློ་བཏང་ན༌རང་ཉིད་ལ་ཁེ་ཡོང་བ་དང་།
རང་ལ་གྱོང་མི་འདོད་པར་བརྟེན་གཞན་གཅེས་འཛིན་གྱིས་རང་ཉིད་ལ་ཁེ་དང་།
རང་གཅེས་འཛིན་གྱིས་རང་ལ་གྱོང་རག་གི་ཡོད། ཁེ་གྱོང་དེ་དག་ལ་བསམ་བློ་ཞིབ་ཕྲ་བཏང་ནས་འགྲོ་དགོས་པ་ཡིན། ཞེས་གསུངས་འདི་ལྟ་བུའི་ཐོག་ནས་བདག་འཛིན་གྱི་ཉེས་དམིགས་ཤེས་ནས་དེའི་གཉེན་པོར་གཞན་གཅེས་འཛིན་བློ་བསྐྱེད་ན་ཡག་པོ་ཡོང་རྒྱུ་ཡིན་པ་གཏན་འཁེལ་བ་རེད། ད་དུང་བདག་འཛིན་གྱི་གཉེན་པོར་བདག་འཛིན་གྱི་བློ་གཞན་ཞིག་སྒོམ་རྒྱུ་ཡོད་པ་ནི། བྱམས་བརྩེའི་རིན་ཐང་ལས། ངོས་རང་གི་བསམ་པར་འདོད་པ་མི་འདྲ་བ་གཉིས་ཡོད་པ་དང་མཚུངས་པར་ངར་འཛིན་གྱི་བློ་དེ་ལ་རིགས་གཉིས་ཡོད་པར་སེམས། དཔེར་ན། གཞན་གྱི་ཐོབ་ཐང་བརྗེད་དེ་རང་ཉིད་གཞན་ལས་གལ་ཆེ་བར་འཛིན་པའི་ངར་འཛིན་པའི་ངར་འཛིན་གྱི་བློ་དེ་སྐྱོན་ཅན་ཡིན་པས་ནོར་བ་དང་། ཡང་འདི་ངས་བྱེད་ཐུབ་པ་དང་རོགས་པ་འདི་ལྟ་བུ་བྱེད་ཐུབ་སྙམ་པའི་ངར་འཛིན་ཡང་དག་པའི་བློ་ཞིག་སྟེ་གཉིས་ཡོད། ངོས་རང་གི་བསམ་པར་བྱང་ཆུབ་སེམས་དཔའ་རྣམས་ལ་དེའི་དབང་དུ་བྱསས་པའི་གཞན་དོན་ངས་བྱེད་ཐུབ་སྙམ་པའི་ངར་འཛིན་ཤུགས་ཆེན་པོ་ཡོད་པ་མ་ཟད། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངར་འཛིན་དེ་ནི་གཞན་ལས་ཀྱང་ཤུགས་ཆེ་བ་ཡོད་པར་སེམས། དེ་འདྲའི་ངར་འཛིན་གྱི་བློ་དེས་རང་རྒྱུད་གང་ཟག་གི་ནང་བསམ་བློའི་སྙིང་སྟོབས་རྒྱས་པར་བྱེད་ཅིང་། དེ་དག་གིས་ཉི་མ། ཟླ་བ། ལོ་གྲངས་སོགས་ལ་ཅི་ཡང་མི་སྙམ་པར་བསྐལ་བ་དང་བསྐལ་བ་ས་ཡ་གྲངས་མེད་པའི་བསྐལ་བའི་བར། དེ་དག་གི་སྙིང་སྟོབས་མི་ཉམས་གོང་དུ་འཕེལ་བར་མ་ཟད། ཚད་མེད་པའི་སེམས་ཅན་དྲངས་ཀྱང་སྙིང་སྟོབས་ཞུམ་པར་མི་བྱེད། དེ་དག་གི་སྙིང་སྟོབས་ནི་སེམས་ཅན་དཔག་ཏུ་མེད་པ་ལ།དུས་ཡུན་དཔག་ཏུ་མེད་པར་སེམས་ཅན་གྱི་དོན་བྱ་རྒྱུའི་སྙིང་སྟོབས་དེ་ཡིན། དེས་ན་ངར་འཛིན་གྱི་བློ་ཤིན་ཏུ་མཁྲེགས་པོ་ཞིག་མེད་ན་ལྡོག་ཏུ་མེད་པའི་སྙིང་སྟོབས་དེ་ལྟ་བུ་ཡོང་མི་ཐུབ། དེས་ན་ངར་འཛིན་གྱི་བློ་འདི་ནི་ལེགས་པའི་ཆ་དང་། དགོས་ངེས་ཅན་དང་ཕན་ཐོགས་པ། བཟང་པོ་བཅས་ཡིན་པས་ང་ཚོས་ངེས་པར་དུ་ཡར་རྒྱས་གཏོང་དགོས།ཞེས་གསུངས་པ་དེ་ལྟར་རེད། ཡིན་ནའང་ད་ལྟའི་སྤྱི་ཚོགས་སུ་བྱ་བའི་གནོན་ཤུགས་ཀྱིས་སེམས་ལྷོད་ལ་བབས་ནས་བསམ་གཞིག་ཞིབ་མོ་གཏོང་མཁན་སྐར་མ་ཙམ་ལས་མེད་ལ། ཕལ་ཆེ་བའི་བདེ་བ་ནི་ཁོར་ཡུག་ལ་རག་ལས་པར་འདོད་ནས་ཡུལ་སྐོར་དུ་འགྲོ་བ་དེ་ཉིད་སེམས་ཁམས་གསོ་བའི་སྨན་མཆོག་ཅིག་ཏུ་འདོད་ཀྱི་ཡོད། འོན་ཏེ་གནས་སྐབས་ཕན་བདེ་སྟེར་བ་ནི་བཤད་མ་དགོས་ཤིག་རེད་དེ་དེ་འདྲ་བའི་བདེ་བ་ནམ་མཁའི་གློག་གི་ངང་ཚུལ་ལས་མ་འདས། ད་ཡོད་ན་ད་མེད་པ་དང་དེའང་དྲན་ཤིང་ཞིག་ཏུ་སྒོམ་རྒྱུ་ལས་ཐབས་གཞན་མེད་པ་དང་བཀོལ་སྤྱོད་ཐེངས་གཅིག་ལས་མེད་པ་དེ་ལྟ་བུ་རེད།
ད་ནི་མཇུག་གྲིལ་བའི་རིམ་པ་ལ་འཇུག་པར་བྱ།
ཕྲན་གྱིས་དཔྱད་རྩོམ་འདིའི་ནང་ལུང་མང་བོ་དྲངས་ཡོད་ལ་གཞུང་རང་གི་ནང་ན་ཡོད་པའི་མདོ་ལུང་ལ་སོགས་གཞུང་དེ་ཉིད་ལས་ཞེས་བཀོད་ཡོད་ལ། ཕྲན་ཉིད་ཀྱི་འབད་པས་འཚོལ་བ་དག་ཟུར་བལྟའི་ཡིག་ཆ་ཞབས་སུ་འཁོད་ཡོད། ཕྲན་གྱིས་འདི་བྲི་པའི་དགོས་པ་ནི་རང་ཉིད་ཐོས་བསམ་འཇུག་ཕྱིར་དང་ཞོར་དུ་གྲོགས་པོ་ཚོ་དང་མཉམ་དུ་དཔེ་ཀློག་ལ་འཇུག་པའི་སྦྱོར་བ་ཙམ་ཁོ་ན་དང་གང་བཀླགས་ཟིན་ཐོར་བཀོད་པའི་དྲན་ཤིང་དུ་བསྟར་བ་ཁོ་ན་ཉིད་དོ། །
སྨྲས་པ།
མཁས་པ་མགུ་བྱེད་མིན་ན་ཆོག།།
རང་ཉིད་མཁས་པར་རློམ་མ་མྱོང་།།
ནོར་འཕྱུག་ཡོད་ན་བཤགས་སུ་གསོལ།།
གཞུང་ལུགས་ཉུལ་བའི་ཟིན་ཐོ་ཡིན།།
ཟུར་བལྟའི་ཡིག་ཆ་དག་ནི།
༡ཚད་མ་རྣམ་འགྲེལ།མཛད་པ་པོ་དཔལ་ལྡན་ཆོས་གྲགས།
༢རྒྱལ་རབས་གསལ་བའི་མེ་ལོང་།མཛད་པོ་ས་སྐྱ་བསོད་ནམས་རྒྱལ་མཚན།
༣ཐུབ་དབང་དགོངས་རྒྱན།མཛད་པོ་ཡ་མ་བསོད་ནམས།
༤ལུང་རིགས་ཉིན་བྱེད་འབར་བའི་འོད་སྣང་།སྟོད་ཆ།མཛད་པོ།རྗེ་བཙུན་དཀོན་མཆོག་བཟོད་པ།
༥རྟེན་འབྲེལ་བསྟོད་པ།མཛད་པོ་རྗེ་ཙོང་ཁ་པ།
༦དབུ་མ་འཇུག་པ།དཔལ་ལྡན་ཟླ་བ་གྲགས་པ།
༧ཉམས་མྱོང་རྒན་པོས་བསླབ་བྱ་སོ་གཉིས།མཛད་པོ་༧སྐྱབས་མགོན་ཀིརྟི་རིན་པོ་ཆེ།
༨བྱམས་བརྩེའི་རིན་ཐང་།ཙོང་ཁ་ལྷ་མོ་དོན་འགྲུབ།
༩དབུ་མ་དགོངས་པ་རབ་གསལ།རྗེ་ཙོང་ཁ་པ།
༡༠འཇང་བཀའ་འགྱུར།འཕྲུལ་དེབ།
༡༡ནང་ཆོས་ངོ་སྤྲོད་སྙིང་ནོར།ཙོང་ཁ་ལྷ་མོ་དོན་འགྲུབ།འཕྲུལ་དེབ།
༡༢ནང་ཆོས་ངོ་སྤྲོད་སྙིང་ཏིག།།ཙོང་ཁ་ལྷ་མོ་དོན་འགྲུབ།འཕྲུལ་དེབ།
༡༣ཐར་ལམ་གསལ་བའི་སྒྲོན་མེ།ཙོང་ཁ་ལྷ་མོ་དོན་འགྲུབ།འཕྲུལ་དེབ།
༡༤ལམ་རིམ་ཆེན་མོའི་སྔོན་འགྲོའི་གསུང་ཆོས།ཙོང་ཁ་ལྷ་མོ་དོན་འགྲུབ།འཕྲུལ་དེབ།
༡༥ནང་ཆོས་ངོ་སྤྲོད་སྙིང་བཅུད།ཙོང་ཁ་ལྷ་མོ་དོན་འགྲུབ།འཕྲུལ་དེབ།
༡༦ལམ་རིམ་ཆེན་མོ།རྗེ་ཙོང་ཁ་པ།
༡༧ལྟ་ཁྲིད་དྲན་པ་བཞི་ལྡན།པཎ་ཆེན་བསོད་ནམས་གྲགས་པ།
༡༨དབུ་མ་སྟོང་ཐུན་བསྐལ་བཟང་མི་འབྱེད།མཁས་གྲུབ་རྗེ།
༡༩དབུ་མའི་ལྡེ་མིག།།ཙོང་ཁ་ལྷ་མོ་དོན་འགྲུབ།འཕྲུལ་དེབ།
༢༠ནང་ཆོས་ངོ་སྤྲོད་སེམས་ཀྱི་གསང་བ།ཙོང་ཁ་ལྷ་མོ་དོན་འགྲུབ།འཕྲུལ་དེབ།
༢༡དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཁྲིད་ཟིན་བྲིས།ཙོང་ཁ་ལྷ་མོ་དོན་འགྲུབ།