ཕྱིར་ལོག་པ་དང་དེའི་ཕྲན་དཔྱད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ཕྱིར་ལོག་པ་དང་དེའི་ཕྲན་དཔྱད།
ཕྱིར་ལོག་པ་དང་དེའི་ཕྲན་དཔྱད།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/3ལྟ་ཀློག (1687)རྩོམ་ཁུངས: 

ཀུའུ་ཁྲིན།
གཉིད་དུ་མ་ཞུགས་རོགས
སྙིང་སྡུག་ལགས ད་དུང་ལམ་ཐག་ཤིན་ཏུ་རིང
ནགས་ཚལ་གྱི་བསླུ་བྲིད་བཟློག་པར་གྱིས་དང
རེ་སྨོན་ཡལ་བར་འདོར་མི་རུང
འཁྱག་གྲང་གྲང་གི་གངས་ཆབ་ཀྱིས
ལག་པའི་སྟེང་དུ་སྡོད་གནས་དེ་ཕྲིས་ཤིག
ཡང་ན་ང་དང་དཔུང་བ་མཉམ་གཤིབ་ཀྱིས
མག་མོག་གི་སྐྱ་རེངས་ལས་བགྲོད་པར་བྱ
གསལ་ཆ་ལྡན་པའི་ཆར་རླུང་དྲག་པོ་བརྒལ་རྗེས
ང་ཚོ་ཕ་ཡུལ་དུ་སླེབས་སྲིད
སྒོར་དབྱིབས་ཀྱི་ནེའུ་གསིང
གནའ་བོའི་མཆོད་རྟེན་གྱི་གདན་དུ་བཏིང་ཡོད་ངེས
བདག་གིས་གནས་དེ་རུ
ཁྱོད་ཀྱི་སྐྱོ་དུབ་གྱི་རྨི་ལམ་སྲུང་སྟེ
སྨག་རིམ་གྱི་ཚོགས་ཕར་སྤྱུགས་ནས
ཟངས་རྔ་དང་ཉི་མ་ཁོ་ན་ཤུལ་ཏུ་འཇོག་པར་བྱ
གནའ་བོའི་མཆོད་རྟེན་དེའི་གཞོག་ཅིག་ཏུ
ཕྲ་རགས་ཀྱི་རྒྱ་མཚོའི་རླབས་རིས་རྣམས
དལ་བུར་བྱེ་འགྲམ་དུ་འགྲིལ་ཏེ
འདར་འགུལ་བྱེད་པའི་དབྱངས་རྟ་ཉིད་ཕྱིར་འགུགས་པར་བྱེད

  ཕྱིར་ལ་ལོག་པའི་ལམ་བར་དུ་འཇིག་རྟེན་སྣང་བ་མཐུན་པའི་ཕོ་མོ་ཟུང་གིས་ནག་རོག་རོག་གི་མཚན་མོ་ཞིག་ལ་མཛའ་མཐུན་གྱི་གོམ་པ་མཉམ་དུ་སྤོས།ཉེ་འཁོར་ནི་ཆ་མེད་རྒྱུས་མེད་ཀྱི་འབྲོག་ཐང་ཞིག་ལས་བསླུ་བྲིད་བྲལ་བའི་ཁོར་ཡུག་ཅིག་མིན།རྒྱང་ཐག་རིང་བའི་ས་ཆ་དེ་ན་ཆ་ཡོད་རྒྱུས་ཡོད་ཀྱི་གཅེས་སུ་འོས་པའི་ཕ་ཡུལ་གྱི་གཡབ་མོས་འབོད།དཀའ་སྡུག་དང་ངལ་དུབ།ཁེར་རྐྱང་གི་མནར་གཅོད་ཀྱིས་ཁོ་ཚོའི་ནང་སེམས་ལ་ཀྱག་ཀྱོག་གི་འདས་པའི་གཟུགས་རིས་དག་བརྐོས་ཡོད།གཞན་ཡང་།ཁོ་ཚོས་འཚོ་བའི་ཁྲོད་ཀྱི་དཀའ་ངལ་ལ་བརྩེ་བས་འཇུག་པ་དང་མ་འོངས་པར་ཡིད་བརྟན་གྱི་རེ་སྨོན་བཅིངས་ཡོད།འདིས་ད་གཟོད་སྙན་ངག་འདིའི་སྒྱུ་རྩལ་གྱི་ཁམས་སུ་སྙན་ངག་གི་རོ་ཡི་མེ་ཏོག་བཞད་དུ་བཅུག་ཡོད་ལ།འཇིག་རྟེན་ཕོ་མོའི་ཡིད་འགྱུར་གྱི་ལྷུག་བརྗོད་སྤྱད་ནས་བརྩེ་བའི་དྭངས་པ་དང་དུང་སེམས་ཟབ་མོ་དཀའ་སྡུག་གི་འཚོ་བ་དང་སྦྲགས་ནས་སྤྲོས་བརྗོད་བྱས་ཡོད་པ་མ་ཟད།མི་ཚེ་ཡི་སྙིང་བོ་ནི་རྣམ་དག་གི་བརྩེ་བའི་ཁྲོད་དུ་གནས་ཡོད་པ་གསལ་བོར་བསྟན་ཡོད།
  སྙན་ངག་ཧྲིལ་བོ་ཚན་པ་ལྔ་ཡིས་གྲུབ་ཡོད།ཚན་པ་སྔོན་མ་གཉིས་ཀྱིས་ཕྱིར་ལོག་པའི་ལམ་བར་གྱི་དངོས་རྣམ་ཞིབ་འབྲི་བྱས་ཡོད་ལ།ཚན་པ་ཕྱི་མ་གསུམ་གྱི་ཁྲོད་དུ་ཕྱིར་ལོག་པའི་ལམ་བར་གྱི་སེམས་ཀྱི་འཆར་རྟོག་བྲིས་ཡོད།སྙན་ངག་གི་ཚིག་ཕྲེང་དང་པོ་འགོ་བརྩམས་མ་ཐག་གཉིད་དུ་མི་ཞུགས་པར་སྐུལ་ཞིང་།ལམ་ཐག་ཤིན་ཏུ་རིང་བ་རྒྱུ་མཚན་དུ་དྲངས་ཡོད།
  ཕྱིར་ལོག་པའི་ལམ་ཁའི་དཀའ་ངལ་ནི་རོལ་མོ་ཞིག་གི་དབྱངས་རྟ་དང་པོའི་ཚུལ་གྱིས་གྲགས།ང་ཚོས་ཁོ་གཉིས་གང་ནས་ཡོང་བ་མི་ཤེས་ལ།ཁོ་ཚོས་བརྒྱུད་པའི་ཀྱག་ཀྱོག་གི་ལམ་བར་དུ་དཀའ་ངལ་ཅི་འདྲ་ཡོད་པ་མི་ཤེས།འོན་ཀྱང་༼མ་མི་མིན་མེད་༽ཀྱི་སྒྲ་དབྱངས་དེར་རྣ་བ་བླགས་དུས་ཁོ་ཚོའི་ལམ་བར་ནས་མྱངས་པའི་དཀའ་སྡུག་གི་སེམས་ཁམས་རྟོགས་ཐུབ་པ་མ་ཟད།སྒྲ་དབྱངས་དེའི་རྒྱབ་ལྗོངས་ནི་སྐྱོ་ངལ་དང་རེ་ཆད།ཨ་ཐང་ཆད་པའི་ཚུལ་དུ་བྱས་ཏེ་ལམ་ཐག་རིང་མོ་ཀྱག་ཀྱོག་ཆེ་ཞིང་ཆར་རླུང་རྒོད་པ་གསལ་བོར་བསྟན་ཡོད།ད་གཟོད་ང་ཚོས་ཕྱིར་ལོག་པའི་ལམ་ཁ་དེ་བག་ཡངས་ཀྱི་ལྗོངས་རྒྱུ་ཐེངས་ཤིག་མིན་པར།ཕྱིར་ལོག་པ་ཞེས་པའི་ཁ་བྱང་འདི་ལ་བརྟེན་ནས་མི་ཚེའི་སྙིང་བོ་གསལ་སྟོན་བྱས་ཡོད་པ་ཤེས་ཐུབ།ཚན་པ་གཉིས་པའི་ཁྲོད་དུ་ཕྱིར་ལོག་པའི་ལམ་གྱི་བསམ་བློའི་འདེགས་ཤིང་ཆེན་པོ་གཉིས་ཡོད་དེ།གཅིག་ནི་ཕུགས་བསམ་གྱི་སྟོབས་ཤུགས་དང་།གཅིག་ཤོས་ནི་བརྩེ་དུང་གི་སྟོབས་ཤུགས་ཡིན།ལག་པའི་སྟེང་དུ་སྡོད་གནས་དེ་ཕྲིས་ཤིག་ཅེས་པའི་སྡོད་གནས་ནི་ཕུགས་བསམ་གྱི་གབ་དཔེ་ཡིན།ལག་པའི་སྟེང་དུ་འབྲི་དགོས་པའི་རྒྱུ་མཚན་ནི་ཕུགས་བསམ་འདོར་མི་རུང་བར་ནན་གྱིས་གདམས་པའི་རྟགས་སུ་གོ་ནུས།བདག་དང་དཔུང་བ་མཉམ་གཤིབ་ཀྱིས་བསྐྱོད་པ་ཡིས་བརྩེ་དུང་གི་སྟོབས་ཤུགས་མཚོན་ཡོད་ལ།འུ་ཐུག་པའི་དུས་སུ་དེས་ཕན་ཚུན་ལ་གཞོགས་འདེགས་ཀྱི་སྐྱོར་མ་མཛད་ཀྱིན་ཡོད།མི་ཚེའི་འགྲུལ་བཞུད་ནི་དཀའ་སྡུག་གི་ཁྲོད་རྒྱང་རིང་དུ་འཐེན་ཡོད་པ་དང་།ཕུགས་བསམ་འཚོལ་སྙེགས་དང་བརྩེ་དུང་གི་འདུན་མ་ཟབ་མོས་ཁོ་ཚོ་དཀའ་སྡུག་ལས་གྲོལ་བར་བྱེད་ལ།སེམས་ཀྱི་རྩོལ་བ་ཟད་མཐའ་མེད་པར་བྱས་ཡོད།འདི་ནི་སྙན་ངག་འདིའི་མཐར་ཐུག་གི་སྙིང་བོའམ་འབབ་ས་གཙོ་བོ་ཞིག་རེད།
   ཕྱི་མའི་ཚན་པ་གསུམ་པས་ཕུགས་བསམ་དང་བརྩེ་དུང་ཞིབ་འབྲི་དང་མཐོར་སྙེགས་ཀྱི་ཡུལ་དུ་བཟུང་སྟེ།སྙན་ངག་གི་ཉམས་ཁྱད་ཙམ་ཕྱིར་ངོམ་པ་མིན་པར།དོན་སྙིང་ཆེ་བའི་ཡིད་ཀྱི་སྐས་རྡང་ངང་ཞིག་བཞེངས་ཡོད།ཐོག་མར།ཕ་ཡུལ་དུ་ཡོད་པའི་ཕུགས་བསམ་གྱི་འཇིག་རྟེན་ཏེ།༼སྒོར་དབྱིབས་ཀྱི་ནེའུ་གསིང གནའ་བོའི་མཆོད་རྟེན་གྱི་གདན་དུ་བཏིང་ཡོད་ངེས༽འདི་ནི་ཡིད་ལ་ཡུན་རིང་བཅངས་པའི་ཡི་གར་འོང་པའི་རི་མོ་ཞིག་ཡིན།མཆོད་རྟེན་གྱིས་རྒྱུན་རིང་བའི་སྲོལ་རྒྱུན་རིག་གནས་ཀྱི་དྲན་པ་བསླངས་ཤིང་།ནེའུ་གསེང་གིས་གསོན་ཤུགས་འབར་བའི་ལང་ཚོའམ་ཚེ་སྲོག་གི་ཉམས་སྣང་མངོན་མཚོན་བྱས་ཏེ།དེ་གཉིས་ཡུལ་དུས་གཅིག་ཏུ་བཞག་ནས་ལོ་རྒྱུས་ཀྱི་སྣང་བ་དང་དེང་རབས་ཀྱི་སྣང་བ་གཉིས་རིག་གནས་ཀྱི་གདམ་གསེས་དང་ཕུགས་བསམ་འཚོལ་སྙེག་གི་བར་ནས་འོ་མ་ཆུ་ལ་བསྲེས་པ་བཞིན་གཞི་གཅིག་ཏུ་འདྲེས་སུ་བཅུག་ཡོད།བར་དུ།ཕུགས་བསམ་དང་བརྩེ་དུང་དར་གོས་ཀྱི་ལྟེབས་མ་བཞིན་བྲིས་ཡོད།༼ བདག་གིས་གནས་དེ་རུ ཁྱོད་ཀྱི་སྐྱོ་དུབ་ཀྱི་རྨི་ལམ་སྲུང་ངེས༽
རྨི་ལམ་མངོན་དུ་འགྱུར་བར་བྱེད་པ་ནི་བརྩེ་དུང་གི་སྟོབས་ཤུགས་དང་ཁ་འབྲལ་ཐབས་མེད་ལ།རྣམ་དག་གི་བརྩེ་དུང་གིས་མཛའ་གྲོགས་གང་དེའི་ཕུགས་བསམ་མངོན་དུ་འགྱུར་བའི་གནོད་བྱེད་དུ་གྱུར་བ་མཐའ་དག་གཙང་སེལ་བྱེད་ཅིང་།དེ་ལ་བརྩེ་དུང་གི་དོན་སྙིང་དུ་འབོད།མཚམས་འདི་ནི་ང་ཚོས་ཕུགས་བསམ་གྱི་གླུ་དབྱངས་སམ།བརྩེ་དུང་གི་འགྱུར་ཁུགས་གང་རུང་ལ་ངོས་བཟུང་ཆོག།མཐའ་མར།ཆེད་དུ་བརྩེ་དུང་གི་མཛེས་པའི་ཁམས་གསལ་བར་བྱེད་པ་སྟེ།རྒྱ་མཚོའི་གྲམ་ཐང་དུ་མཚོ་རླབས་༼དལ་བུར་བྱེ་འགྲམ་དུ་འགྲིལ་ཏེ འདར་འགུལ་བྱེད་པའི་དབྱངས་རྟ་ཉིད་ཕྱིར་འགུགས་པར་བྱེད་༽ཅེས་ཞེ་མཐུན་གྱི་ཕོ་མོ་ཟུང་སུ་དང་གང་ཡིན་མངོན་སུམ་སྣང་བའི་གཟུགས་སུ་བྲིས་མེད་མོད།འོན་ཀྱང་ང་ཚོས་བྱེ་མའི་གྲམ་ཐང་གི་ལྷིང་འཇགས་ནི་ཀློང་ཡངས་པའི་རྒྱ་མཚོ་དང་གཞི་གཅིག་ཏུ་འཐིམ་པ་ལས་བརྩེ་དུང་གི་མཁའ་དབུགས་བསིལ་མོའི་བདེ་སྣང་ཚོར་ཐུབ་ལ།མཚོ་རླབས་ཀྱིས་འགུགས་པར་བྱེད་པ་ནི་འཇིག་རྟེན་ཕོ་མོ་ཟུང་གི་ཡིད་འགྱུར་དང་བརྩེ་བའི་སྙིང་གཏམ་གྱིས་དམ་དུ་བཅིངས་པའི་དབྱངས་རྟ་ཞིག་ཡིན་པ་རྟོགས་ཡོང་།
   སྙན་ངག་འདིའི་ཐུན་མིན་གྱི་སྒྱུ་རྩལ་ཁྱད་ཆོས་ནི་ཚོར་བའི་རྒྱུན་སྣ་ཚོགས་ཕན་ཚུན་སྡེབས་ནས་མཚོན་རྟགས་ཅན་ཏུ་བསྒྱུར་ཡོད།ནགས་ཚལ་དང་སྡོད་གནས།ཕ་ཡུལ།ནེའུ་གསེང་།མཆོད་རྟེན།མཚན་མོ།ཟངས་རྔ་དང་ཉི་མ་སོགས་ཡིད་གཟུགས་འདི་དག་ནི་སྙན་ངག་གི་ཁམས་སུ་ཐུན་མིན་གྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།ཁོ་ཚོ་གཅིག་ལ་གཅིག་སྡེབས་པ་ལས་སྙན་ངག་གི་མཚོན་རྟགས་ཀྱི་སྡོམ་རྒྱ་ཡོངས་སུ་གྲུབ་ཡོད།བར་སྐབས་ཀྱི་འགྲུལ་བཞུད་དམ་ཕྱིར་ལོག་པ་ནི་མི་ཚེའི་ལམ་བུ་དང་མི་ཚེའི་འཚོལ་སྙེག་གི་གབ་དཔེ་རུ་གྱུར་ཡོད།དེར་མ་ཟད་ཕུགས་བསམ་དང་བརྩེ་དུང་ནི་མི་ཚེའི་སྙིང་བོ་ལེན་སའི་ནུས་ཁུངས་སུ་གྱུར་བས་རྟག་བརྟན་གྱི་རིན་ཐང་ལྡན།སྐད་ཆའི་ཉམས་འགྱུར་གསལ་བ་ནི་སྙན་ངག་གི་ཡོངས་ཁྱབ་ཀྱི་ཆ་རྐྱེན་ཞིག་རེད།ཡིན་ཡང་སྙན་ངག་རང་སྟེང་གི་མངོན་པར་གསལ་བའི་ཁྱད་ཆོས་ནི་མིའི་སྣང་བ་གཡོ་བར་བྱེད་རྒྱུ་དེ་རེད།སྙན་ངག་འདིར་སྒོར་དབྱིབས་ཀྱི་ནེའུ་གསིང་དང་ཕྲ་རགས་ཀྱི་རླབས་རིས་སོགས་མཐོང་ཚོར་གྱི་རྣམ་པ་སྤྱད་ཡོད་ལ།འཁྱག་གྲང་གྲང་གི་གངས་ཆབ།འདར་འགུལ་གྱི་དབྱངས་རྟ་སོགས་ཐོས་ཚོར་དང་རེག་ཚོར་གྱི་རྣམ་པ་ཡང་སྤྱད་ཡོད།གཞན་རྩོམ་པ་པོས་ལྐོག་གྱུར་གྱི་བརྩེ་བའི་ངོ་མཚར་ཞིབ་ཆ་ཅན་ཏུ་བྱས་ཤིང་།སེམས་ལྡན་རབ་བཏགས་ཀྱི་སྐད་ཆའི་འཆོར་འབྲི་བློའི་གཞལ་དཀའ་བའི་ཡིད་གཟུགས་ཀྱི་མཐའ་ལ་གཏུགས་པ་དཔེར་ན་སྐྱོ་དུབ་གྱི་རྨི་ལམ་༼སྲུང་བ་༽དང་ཆབས་གཅིག་སྨག་རིམ་གྱི་ཚོགས་༼ཕར་ལ་སྤྱུགས་༽པའི་སྐད་ཅིག་གི་དུས་ཡུན་ཁྲོད་དུ་སེམས་ལྡན་མི་ཡི་ཁྱད་གཤིས་མངོན་པར་གསལ་དུ་བཅུག་ཡོད་དོ།།
༢༠༡༢ལོའི་ཟླ་༡༡པའི་ཚེས་༣༠ཉིན་ཐེ་ཀྲུའུ་ནས།

                                                             གངས་ཀྱིས་བསྒྱུར།    <<ཟླ་ཟེར>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
41593364
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1