༄༅། ། གཞོན་ནུ་ཚོར་བྲིས་པའི་སེམས་གཏམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 30 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »༄༅། ། གཞོན་ནུ་ཚོར་བྲིས་པའི་སེམས་གཏམ།
༄༅། ། གཞོན་ནུ་ཚོར་བྲིས་པའི་སེམས་གཏམ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/3ལྟ་ཀློག (2002)རྩོམ་ཁུངས: པར་འདེབ།

                                                                                        སྐྱབས་ཆེན་བདེ་གྲོལ། ༼རྨ་ཆུ༽

   མདང་དགོང་གཞོན་ནུ་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱིས་ཁོང་རང་གི་ཝེ་པོ་འཕྲིན་ཐུང་དུ་ཤོག་ངོས་བཅོ་ལྔ་ཙམ་གྱི་ཐོལ་རྩོམ་ཞིག་བྲིས་ཟིན་ཞེས་བཀོད་ཡོད་པ་མཐོང་།མཐོང་ནས་ཀྱང་ཉིན་འདི་གའི་རྩོད་ཉོག་གི་སྐོར་ཨེ་ཡིན་ནམ་སྙམ་ནས་སེམས་ཁྲལ་ཞིག་བྱུང་ཞིང་སེམས་ཁྲལ་དེ་ནི་བདག་གི་རྩོམ་ཐུང་དེས་ཁོང་ཚོར་དཀའ་ལས་མང་བོ་རྒྱག་ཏུ་བཅུག་སོང་སྙམ་པ་དེ་ཡིན་ཞིང་འགྱོད་སྣང་ཡང་ཕྲན་བུ་ཞིག་སྐྱེས་བྱུང་།ཡིན་ནའང་དེ་ལྟར་ཕན་ཚུན་ལ་ཤོད་རེས་དང་ཉན་རེས་བྱེད་རྒྱུ་བྱུང་བ་ལ་སེམས་པ་གཏིང་ནས་དགའ་བོ་བྱུང་།དེ་རིང་ཁོང་གི་་ཐོལ་རྩོམ་དེ་མགོ་ནས་མཇུག་བར་ཞིབ་མོ་ཞིག་བཀླགས་པ་ཡིན།བཀླགས་ནས་ཀྱང་ལྷོད་ལ་བབས་ནས་སྐད་ཆ་འགའ་ལབ་འདོད་པ་གཤམ་ལྟར་རོ།།
                                                    
དང་པོ་ནི། བདག་གི་དེ་སྔོན་བྲིས་པའི་རྩོམ་ཐུང་དེའི་སྐོར་ཡིན།

སྤྱིར་རྩོམ་ཐུང་དེ་ཁོང་ཚོས་དགེ་ཆོས་སོགས་ལ་རྗེས་དྲན་བྱེད་པར་དངོས་སུ་དམིགས་ནས་བྲིས་པ་ཞིག་མིན་ནའང་དེ་འདྲ་བ་ཞིག་ཏུ་གྱུར་སོང་བས་ན་ད་ནི་དེར་དག་སེལ་སོགས་བྱས་པར་དགོས་པ་མེད་པར་མཐོང་།གཙོ་བོ་བདག་གིས་དགེ་ཆོས་དང་དོན་གྲུབ་རྒྱལ་གཉིས་ལས་གཞན་བོད་ཀྱི་མཁས་པ་བྱིངས་བརྗེད་པར་གྱུར་པའི་དེང་གི་སློབ་གསོའི་གནས་བབས་ལ་ཡི་མ་རངས་པའི་བསམ་ཚུལ་ཙམ་བརྗོད་པ་ཡིན་ལ།རྗེས་དྲན་བྱེད་མིན་དང་སུ་ལ་རྗེས་དྲན་བྱེད་མིན་སོགས་ནི་རྗེས་དྲན་བྱེད་མཁན་གྱི་སྐྱེས་བུ་གང་ཡིན་པ་དེ་ལ་ཐུག་ཡོད་པས་དེ་ནི་དོན་གཙོ་བོ་ཞིག་མ་རེད།ཞོགས་ལྗང་ལགས་ཀྱིས་བོད་མིས་རྟ་ཟླའི་ལྔ་མཆོད་སོགས་དུས་ཆེན་འགའ་སྲུང་བརྩི་བྱེད་པ་རྒྱུ་མཚན་དུ་དྲངས་ནས་དེའི་སྐོར་མང་པོ་ཞིག་བྲིས་འདུག་མོད།འོན་ཏེ་དེ་ནི་སྲོལ་རྒྱུན་གྱི་རྟགས་ཙམ་དུ་གྱུར་བས་ན་དེས་བོད་ཀྱི་སློབ་མ་དང་ཤེས་ཡོན་པས་མཚོན་པའི་སྐྱེ་བོ་ཡོངས་ཀྱིས་དུས་ཆེན་དེ་དག་སྲུང་བརྩི་བྱེད་ཀྱིན་པའང་གཏན་ནས་མཚོན་མི་ཐུབ་ཅིང་བོད་ཀྱི་མཁས་པ་གཞན་དག་གི་རིན་ཐང་དང་བཀའ་དྲིན་ཡང་ཕྱི་རབས་པའི་སེམས་སུ་གསལ་བོར་ཟུག་ཡོད་པ་དེ་ལས་ཀྱང་མཚོན་མི་ཐུབ།  གསལ་བོར་བཤད་ན།དེང་གི་སློབ་ཆུང་ནས་སློབ་གྲྭ་ཆེན་མོའི་བར་གྱི་སློབ་མ་ཕལ་ཆེ་བའི་བློ་ངོ་རུ་བོད་ཀྱི་མཁས་པ་ཟེར་བ་དེ་དོན་གྲུབ་རྒྱལ་མིན་ན་དགེ་ཆོས་ཡིན་དགོས་པ་དང་།དགེ་ཆོས་མིན་ན་དོན་གྲུབ་རྒྱལ་ཡིན་དགོས་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད།དེ་ལས་གཞན་པའི་མཁས་པ་དག་ནི་གཟུགས་བརྙན་ཙམ་འཛིན་པ་དང་།སྤྱི་ཚོགས་དངོས་དང་འབྲེལ་བ་མེད་པ།ཡང་ན་ཆོས་པ་རྐྱང་རྐྱང་ཡིན་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད།དེ་བས་སློབ་མ་ཆེ་གེ་མོས་བོད་ཀྱི་མཁས་པར་བསྟོད་པའི་སྙན་ཚིག་ཅིག་བྲི་ཚེ་ཐོན་མི་སམ་བྷོ་ཊ་ལྟ་བུ་རེ་འགའ་ལས་གཞན་ཚང་མ་ནི་དགེ་ཆོས་དང་དོན་གྲུབ་རྒྱལ་ལ་བསྟོད་པ་ཤ་སྟག་རེད།དེས་ན་དེའི་རྒྱུ་མཚན་གང་ལ་ཐུག་ཡོད་པ་རེད་ཅེས་ན།རང་རེའི་དེང་གི་སློབ་གསོར་ཐུག་པ་ཡོད།དེའང་ལམ་ལུགས་ཆ་མི་ཚང་ཞིང་དམིགས་ཡུལ་རབ་རིབ་ཡིན་པ།ནུས་པ་སྐྱོན་ཅན་དུ་གྱུར་བའི་དེང་གི་སློབ་གསོས་ནི་ཁོང་གཉིས་ལྟ་བུ་ལས་མཁས་པ་གཞན་དག་ནི་ཞི་བ་མྱང་འདས་ལས་སྲིད་པ་འཇིག་རྟེན་དང་འབྲེལ་བ་མེད་པ་ཁོ་ན་ཡིན་པས་སློབ་རའི་ཁོར་ཡུག་དེར་བཞུགས་སུ་མི་རུང་བར་འདོད་ཡོད་པ་རེད།ལྟ་ཚུལ་དེ་ནི་དེ་སྔའི་ཞོགས་དུང་སོགས་ཀྱི་ལྟ་བ་དང་མ་བགྲོས་གཅིག་མཐུན་དུ་གྱུར་བ་སྟེ།ཆོས་དང་སྲིད་གཉིས་ནི་ནམ་ཡང་མཐུན་ཐབས་མེད་པ་གཉིས་ཡིན་པས་སྲིད་བསྐྱང་དགོས་ཚེ་ཆོས་གཏོར་དགོས་པའི་ལྟ་ཚུལ་བཏོན་ཅིང་ལྟ་ཚུལ་དེ་ཉིད་ཀྱང་ཆོས་ནི་རྙིང་བའི་ཚབ་དང་སྲིད་ནི་གསར་བའི་ཚབ་ཏུ་འཛིན་པའི་མཐར་ལྷུང་གི་ལྟ་ཚུལ་ཞིག་ཏུ་གྱུར་པ་རེད།དེ་ཡི་རྐྱེན་པས་ཁོང་གཉིས་ལའང་མི་ཆོས་རིང་ལུགས་པ་དང་།གསར་གཏོད་པ། རྙིང་རྒོལ་བ།མི་རིགས་རིང་ལུགས་པ་སོགས་ཀྱི་མཚན་གྱིས་ཀུན་ནས་བརྒྱན་པ་རེད།སྔོན་མ་གྲུབ་མཐའ་དང་ཆོས་བརྒྱུད་ཁག་གིས་རང་གི་གྲུབ་མཐའི་སྲོལ་འབྱེད་པ་དེ་ལ་བསྔགས་བརྗོད་ཀྱི་མེ་ཏོག་ཅི་དགར་གཏོར་བ་བཞིན་ཁོང་གཉིས་ཀྱི་དུར་བྱང་གི་མདུན་དུའང་ཚོས་ཁ་མི་འདྲ་བའི་མེ་ཏོག་སྣ་ཚོགས་ཤིག་ལྷུང་ཚར་བ་རེད།དེས་ན་ཁོང་གཉིས་ཁོ་ན་ལས་གཞན་དག་ནི་གླེང་མི་རུང་བའམ་ཡང་ན་གླེང་རིན་མེད་པ་ཞིག་རེད་དམ་ཞེས་ན་གཏན་ནས་མ་རེད།བདག་གིས་བསམ་ན་དགེ་ཆོས་ནི་ཉེ་བའི་དུས་ཀྱི་རྡོ་སྦིས་དགེ་བཤེས་དང་།བདུད་འཇོམས་རིན་པོ་ཆེ།དམུ་དགེ་བསམ་གཏན།འཇིགས་མེད་དམ་ཆོས་རྒྱ་མཚོ།ཚེ་ཏན་ཞབས་དྲུང་།དུང་དཀར་རིན་པོ་ཆེ།མཁྱེན་རབ་ནོར་བུ།དྲུང་བ་རིན་པ་ཆེ།དིལ་མགོ་མཁྱེན་བརྩེ་སོགས་དང་འདྲ་བའི་བོད་ཀྱི་མཁས་པ་ཞིག་སྟེ་ཁོང་ཚོ་ར་རེར་རང་གི་ཁྱད་ཆོས་དང་འཇོན་ཐང་།ཕྱག་རྗེས་རེ་རེ་ཡོད་པ་ལས་དགེ་ཆོས་གཅིག་པུ་ནི་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ལྟར་གསལ་གྱི་ལེར་ཡོད་པ་ཞིག་མ་རེད།གལ་སྲིད་རང་གི་བསམ་བློའམ་དད་འདུན་གང་རུང་གི་ཆེད་དུ་སྐྱོ་གར་གྱི་ངང་དུ་མི་ཚེའི་མཇུག་བསྡུས་པའམ་མི་ཚེའི་ནང་གོད་ཆག་ཆེན་པོ་བྱུང་བ་དེ་རིན་ཐང་དུ་བརྩི་རྒྱུ་ཡིན་ན།རྡོ་སྦིས་དགེ་བཤེས་དང་དམུ་དགེ་བསམ་གཏན་སོགས་ལ་དེ་ལྟ་བུའི་རིན་ཐང་ཆེན་པོ་ལྡན་པ་རེད།ཡང་བོད་རང་གི་རིག་གཞུང་ལ་ལམ་ཀ་གསར་བ་ཕྱེ་བ་དང་རིག་གཞུང་འཛིན་སྐྱོང་སོགས་ཀྱི་བྱས་རྗེས་གླེང་ནའང་དེ་འདྲ་རེད་དེ།དཔེར་ན།བོད་ཀྱི་ཆོས་དཔེ་མང་པོ་རྙིང་བར་བརྩིས་ཏེ་བསྲེགས་ཚར་བའི་རིག་གསར་གྱི་རྗེས་སུ་སྲིད་ཇུས་ཇེ་ཡག་ལ་སོང་ནས་བརྡ་སྤྲོད་ཀྱི་དེབ་ཅིག་གི་དགོས་མཁོ་བྱུང་དུས།ཚེ་ཏན་ཞབས་དྲུང་ཚང་གིས༼དག་ཡིག་ཐོན་མིའི་དགོངས་རྒྱན༽བློ་ངོས་ནས་ཤར་མར་གསུང་བར་གྲགས།གལ་སྲིད་གོང་དུ་གླེང་བའི་མཁས་པ་དེ་ཚོ་མད་པ་ཡིན་ན།རང་རེས་ད་ལྟ་བེད་སྤྱོད་ཀྱིན་པའི་བརྡ་སྤྲོལ་གྱི་སྲོལ་དེ་ཉིད་འཇིག་རྟེན་དུ་ཡོད་མེད་ཀྱང་བཤད་དཀའ་བ་ཞིག་མ་རེད་དམ།བདག་གིས་བསམ་ན་དགེ་ཆོས་ནི་སྤྱོད་པའི་ཆ་ནས་ཚོད་འཛིན་མེད་པ་ཞིག་ཡིན་མོད་ལྟ་བའི་ཆ་ནས་ཆོས་པ་གཤའ་མ་ཞིག་སྟེ། ཁོང་གིས་བྲིས་པའི་ལྟ་མགུར་ལྟ་བུའི་སྙན་རྩོམ་དེ་དག་དང་།སེམས་ཐག་གཙང་བཅད་ཀྱིས་རྒྱ་གར་ལ་བགྲོད་པའི་སྙིང་སྟོབས།ཡང་སྐུ་གཤེགས་ཁར་རྗེ་བདག་ཉིད་ཆེན་མོའི༼རྟེན་འབྲེལ་བསྟོད་པར༽གསན་པ་སོགས་མཐའ་དག་ལས་གསལ་བར་ཤེས་ལ་ལྷག་པར་དུ༼ཞིབ་ཏུ་བསམ་ན་ཚེ་འདིའི་བྱ་གཞག་ལ།།མི་སྐྱོའི་སྣང་བ་གཅིག་ཀྱང་ཡོད་མ་ཡིན།སྐྱོ་བའི་སེམས་གསོ་དམ་པའི་ལྷ་ཆོས་ཏེ།།སེམས་ཀྱི་ཁོང་དུ་ལན་ཅིག་འོང་བར་ངེས༽ཞེས་པ་ལས་ཆོས་པ་ཞིག་གི་སེམས་ཀྱི་དམ་ཚིག་ནི་ལྷང་ལ་བུད་འདུག་པའོ།།ཡིན་ནའང་ཁོང་ཉིད་དེ་ལྟ་བུའི་ཆོས་པ་ཞིག་ནས་སྒྱུ་མ་མཁན་གྱིས་ཞྭ་མོ་ལས་ཕུག་རོན་ཕྱུང་བ་ལྟར༼མི་ཆོས་རིང་ལུགས་པ༽ཞིག་ཏུ་ཇི་ལྟར་གྱུར་བ་རེད་ཟེར་ན་གཅིག་ནས་རྙིང་བ་གཏོར་རྒྱུ་ཟེར་མཁན་ཚོར་རང་གིས་འཕྱར་རྒྱུའི་དར་ཆ་དགོས་པ་དང་གཉིས་ནས་ཞིབ་འཇུག་པ་ཡིན་ཟེར་མཁན་དེ་ཚོར་གླེང་གཞི་གསར་བ་ཞིག་དགོས་པས་རེད།དེ་བཞིན་སྐུ་ན་ཕྲ་བའི་དུས་སུ་འཇིག་རྟེན་མི་ཡུལ་དང་ཞལ་གྱེས་པའི་དོན་གྲུབ་རྒྱལ་ལགས་ཀྱང་ཁོང་དང་དུས་མཉམ་པའམ་ཁོང་གི་རྗེས་སུ་བྱུང་བའི་རྩོམ་པ་པོ་དང་སྙན་ངག་མཁན་ཚེ་རིང་དོན་གྲུབ་དང་།འཇུ་སྐལ་བཟང་།ལྗང་བུ།བཀྲིས་གླིང་དབང་རྡོར།འཇམ་དབྱངས་ནོར་བུ་སོགས་དང་འདྲ་བའི་རྩོམ་པ་པོ་ཞིག་སྟེ།ཁོང་གིས་སྐབས་དེའི་རྒྱལ་ནང་གི་རྣམ་པར་དཔེ་བལྟས་ནས་བོད་དུ་བརྩམས་སྒྲུང་སོགས་ཀྱི་སྲོལ་ཕྱེ་བ་བདེན་མོད་ཀྱང་དེ་ཙམ་གྱིས་ཁོང་ཉིད་གཅིག་བུ་ལས་གཞན་སུའང་གླེང་རིན་མེད་པར་འདོད་ན་ཤིན་ཏུ་མི་འོས་ཏེ།ཚེ་རིང་དོན་གྲུབ་ཀྱིས་མངོན་སུམ་གྱི་སྤྱི་ཚོགས་དེ་བསྟན་བཤིག་དང་སྐྱོ་བ་འདྲེས་མས་བརྩམས་སྒྲུང་དུ་འབྲི་བའི་སྲོལ་ཕྱེ་བ་དང་།འཇུ་སྐལ་བཟང་གིས་འཚོ་བ་གསར་བའི་སྲོག་དེ་སྔོན་བྱུང་མཁས་པའི་སྨྱུག་རྩལ་གཡར་ནས་མཚོན་པའི་སྲོལ་ཕྱེ་བ་དང་།ལྗང་བུ་ལགས་ཀྱིས་དབྱངས་གསལ་སོ་བཞི་ཉིད་དཔེ་གཟུགས་སོགས་ལས་འདས་པའི་སྙན་ངག་གི་རྣམ་པར་བཞེངས་པའི་སྲོལ་ཕྱེ་བ་རེད།དེ་བས་ངེད་ཅག་གིས་དོན་གྲུབ་རྒྱལ་ལ་རྗེས་དྲན་བྱེད་དུས་ཁོང་གི་སྐབས་དེའི་གནས་བབས་ཀྱིས་ད་ལྟ་རང་ཅག་ལ་བསླབ་བྱ་ཅི་འདྲ་བཏང་ཡོད་པ་སོགས་ལ་འོས་འཚམ་གྱིས་དཔྱད་ན་ཤིན་ཏུ་ལེགས་པ་ལས།ཁོང་ཉིད་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་དཔེ་རུ་བཞག་ནས་ཁོང་ལ་སློབ་སྦྱོང་བྱ་དགོས་ཞེས་ན་རྒྱ་མིའི་ཁ་དཔེ་རུ་ལྷམ་གསར་བ་གྱོན་ནས་ལམ་རྙིང་བར་འགྲོ་བ་ལས་མ་འདས།དེའི་ཕྱིར་བོད་ཀྱི་རིག་གནས་ལ་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ཕྱིན་དགེ་ཆོས་ཀྱི༼ཀླུ་སྒྲུབ་དགོངས་རྒྱན༽དང༼དེབ་ཐེར་དཀར་བོ༽སོགས་ལ་འདྲིས་ཆ་ཆེན་པོ་ཡོད་དགོས་ཚེ་ས་པཎ་སོགས་ཀྱི་ལེགས་བཤད་ཁག་དང་།རྗེ་རིན་པོ་ཆེའི༼ལམ་རིམ་ཆེན་མོ༽དང༼དྲང་ངེས་ལེགས་བཤད་སྙིང་བོ༽༼རྟེན་འབྲེལ་བསྟོད་པ༽ཚལ་བ་ཀུན་དགའ་རྡོ་རྗེའི་༼དེབ་དམར༽འགོས་ལོའི༼དེབ་སྔོན༽   ༼ཉང་རལ་ཆོས་འབྱུང༽༼བདུད་འཇོམས་ཆོས་འབྱུང༽འཇམ་དབྱངས་བཞད་པ་སོགས་ཀྱིས་མཛད་པའི་གྲུབ་མཐའ།འཇུ་མི་ཕམ་དང་སྒིས་སྟེང་།རྡོ་གྲུབ་སོགས་ཀྱི་རྩོམ་རྩལ།བེེ་རོ་དང་ཤོང་སྟོན།རིན་ཆེན་བཟང་བོ་སོགས་ཀྱི་སྒྱུར་རྩལ་སོགས་ཀྱང་འདོར་ཐབས་ཡོད་པ་མ་རེད།དེ་ལས་ལྡོག་ཚེ་དགེ་ཆོས་ལྟ་བུའི་མཁས་པ་རེ་གཉིས་ལས་གཞན་མཁས་པ་གཞན་དག་གི་སྣང་བརྙན་ནི་རབ་རིབ་དང་མག་མོག་གི་ཡུལ་དུ་གྱུར་ཏེ་མཐར་ཁོང་ཚོའི་གསུང་རྩོམ་ཡང་གཙུག་ལག་ཁང་ན་ཡོད་པ་ལས་ཕལ་བའི་སྐྱེ་བོའི་སེམས་ན་མེད་པ་ཞིག་ཏུ་འགྱུར་རྒྱུ་རེད།  

                                   གཉིས་པ་ནི། ཆོས་དང་སྲིད་ཀྱི་འབྲེལ་བའི་སྐོར་ནས་བཤད་པར་བྱ་སྟེ།

        སྤྱིར་ཆོས་དང་སྲིད་ཟེར་བ་ནི་མིའི་རིགས་ཀྱི་འཚོ་གནས་ཀྱི་དགོས་མཁོ་ལས་བྱུང་བ་ཡིན་ཞིང་དུས་ཀྱི་ཕུག་པ་རིང་མོ་བརྒྱུད་ནས་ངེད་ཅག་འཚོ་བའི་ད་ལྟའི་དུས་སྐབས་སུའང་རྒྱུན་ཆགས་ཀྱི་རྣམ་པས་གནས་ཡོད་པ་ཞིག་རེད།དེ་བས་རང་རེ་བོད་ཀྱི་འཚོ་བའི་ཁྲོད་དུ་ཆོས་སྲིད་གཉིས་ཀ་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་འདྲེས་ནས་ཡོད་པའང་དཔེ་མི་སྲིད་པ་ཞིག་གཏན་ནས་མ་རེད།དེ་ལྟ་ནའང་ཆོས་སྲིད་ཟུང་འབྲེལ་ཟེར་དུས་ཆོས་དཔོན་ནམ་བླ་མས་སྲིད་ཀྱི་དབང་ཆ་སྒེར་དུ་འཛིན་པ་དང་།ཡང་ན་སྲིད་འཛིན་པ་བོས་ཆོས་ཀྱི་བྱ་བ་བྱེད་པ་སོགས་ཏེ་གཙོ་བོ་ཆོས་ལ་ཆོས་སུ་མི་བལྟ་བར་སྲིད་ཀྱི་དགོས་དབང་དུ་བྱ་བ་དང་།སྲིད་ཀྱང་ཆོས་པའི་དབང་ཆ་མཚོན་བྱེད་དུ་འཇོག་པ་སོགས་ལ་བསམ་ནས་མང་པོ་ཞིག་གིས་དེ་ལས་མི་ལེགས་པའི་དོན་སྣ་ཚོགས་འབྱུང་བར་འདོད་ཀྱི་ཡོད།དེ་ནི་རྒྱལ་ཁབ་ཀྱི་ལམ་ལུགས་སམ་སྤྱི་ཚོགས་ཀྱི་ངོ་བོའི་ཆ་ལ་བལྟོས་ནས་བཤད་ཀྱི་ཡོད་པ་ལས་འབངས་མི་ཕལ་བས་ཆོས་ལུགས་ལ་དད་མིན་དང་འཇིག་རྟེན་གྱི་འཚོ་བ་རོལ་ན་ཆོས་ལུགས་ཉིད་གེགས་རྐྱེན་དུ་འགྱུར་མིན་ལ་བཤད་ཀྱི་མེད།དེ་བས་ཆོས་ཁང་དང་དགོན་སྡེ་སོགས་སུ་ཆོས་ཀྱི་ཉམས་ལེན་ལ་བརྩོན་པའི་ཆོས་པ་ལོགས་སུ་ཡོད་པ་ལས་གཞན་སྲིད་སྐྱོང་བ་དང་། ཁེ་ལས་པ། ལས་ཤོར་བ། སྒྱུ་རྩལ་བ་སོགས་ཀྱིས་ཀྱང་ཆོས་བྱེད་རུང་བའམ་ཆོས་ལ་དད་པ་བྱར་རུང་བའི་འཛམ་གླིང་སྤྱི་མཐུན་གྱི་ལྟ་བ་ཞིག་ཆགས་ཡོད།སྤྱིར་ཆོས་ལུགས་ཞེས་པ་ནི་འཇིག་རྟེན་ཇི་ལྟར་གྲུབ་པའི་འགྲེལ་བཤད་ཅིག་ཡིན་ཞིང་དེ་ལ་དད་པ་དང་ཆོ་ག་གཉིས་སུ་དབྱེ།ཆོས་ལུགས་མི་འདྲ་བ་རེ་རེས་ཀུན་སྤྱོད་ཀྱི་ལམ་ཀའང་རེ་རེ་སྙེག་པ་རེད།དེའང་མཚན་ཉིད་རིག་པའི་ངོས་ཐད་ནས་བཤད་ན།འཇིག་རྟེན་གྱི་ཐོག་མཐའ་གང་ཡིན་པ་དང་།དུས་ཚོད་ཅེས་པ་དང་།འཆི་བ་ཞེས་པ་དེའང་དོན་དུ་ཅི་ཞིག་ཡིན་པ་སོགས་རྟོགས་ཐབས་བྲལ་བས་ན་ཆོས་ལུགས་ཀྱིས་དེ་ལ་རང་ངོས་ནས་འགྲེལ་བཤད་བརྒྱབ་ཡོད་ཅིང་དེ་ནི་གསང་བ་དེ་དག་མི་ཤེས་པའི་སྐྱེ་བོ་ཚོར་མཚོན་ན་སེམས་གསོ་ཞིག་ཡིན་པ་རེད།མར་ཁེ་སིས་ཆོས་ལུགས་ནི་རང་བྱུང་དང་སྤྱི་ཚོགས་ཀྱིས་མིའི་རིགས་ལ་སྡུག་བསྔལ་སྦྱིན་པའི་འབྲས་བུ་ཞིག་ཡིན་པ་དང་དེ་ནི་ཚན་རིག་དང་བདེན་དོན་མ་རྟོགས་པ་ལས་བྱུང་བ་ཡིན་པར་འདོད།ཡིན་ནའང་དེང་འདིར་ཚན་རིག་སྨྲ་བའི་དབང་བོ་དག་གིས་ཅི་ཞིག་བཙལ་ཏེ་སོང་སོང་ཚེ་སྐབས་འགར་མགོ་ཁུངས་ཆོས་ལུགས་ལའང་ཐུག་ཡོང་བས་ན་མང་པོ་ཞིག་གིས་རྒྱུ་མཚན་གཞན་དུ་འཚོལ་གྱི་ཡོད།གང་ལྟར་ཆོས་ལུགས་ནི་མིས་བཟོས་པ་ཞིག་དང་།མིས་གསར་གཏོད་བྱས་པ་ཞིག་ཡིན་པ་དང་།ཆོས་ལུགས་ཀྱི་སྟོན་པ་མཐའ་དག་ཀྱང་མི་ཡིན་པས་ན་དེ་ཉིད་མི་ལས་འདའ་ཐབས་མེད་ལ།ཐར་བ་དང་ཞི་བ་འཚོལ་བ་དང་།སྡུག་སྤོངས་དགེ་སྒྲུབ་བྱེད་པ།དག་ཞིང་དང་དམྱལ་བའི་ཁམས་བསྐྲུན་པ།འཇིག་རྟེན་གྱི་ངོ་བོར་འགྲེལ་རྒྱག་པ་སོགས་ཐམས་ཅད་མིའི་རྟོག་པ་དང་མིའི་འཚོ་བ།མིའི་ཀུན་སྤྱོད།མིའི་འཕྲུལ་སྣང་།མིའི་བསམ་བློ་སོགས་དང་ཁ་འབྲལ་ཐབས་རྩ་བ་ནས་ཡོད་པ་མ་རེད།དེ་བས་ཆོས་ལུགས་ལོགས་སུ་གཡུག་སྟེ་འཇིག་རྟེན་སྲིད་སྒྲུབ་ཀྱི་རིག་པ་ཙམ་དང་།འཚོ་ཚིས་དང་དཔལ་འབྱོར།ཚན་རྩལ་ཙམ་ཁོ་ན་མིའི་རིག་གནས་ཡིན་པར་འདོད་པ་དང་དེ་དག་གཉེར་མཁན་ལ་མི་བུ་ལས་གཞན་དག་ལྷ་འམ་རིགས་གཞན་ཞིག་ཡིན་པར་འདོད་པ་ནི་ཧ་ཅང་ཐལ་དྲགས་པའི་ཕྱོགས་ལྷུང་གི་ལྟ་བ་ཞིག་རེད།ཡང་ན་ནི་ཡོ་རོབ་ཏུ་དུས་རབས་བཅོ་བརྒྱད་པའི་དུས་མགོར་དར་བའི༼རིག་སྒོ་འབྱེད་པའི་ལས་འགུལ༽(གཞན་དུ་བློ་འབྱེད་ལས་འགུལ་ཞེས་སུའང་བསྒྱུར་འདུག)ལས་སྐྱེས་བུ་སྒེར་ཞེས་པ་དེར་མི་བུ་ཞེས་འབོད་པ་ཡིན་ན་ནི་ཕྱིས་སུ་བྱོན་པའི་མཚན་ཉིད་སྨྲ་བའི་དབང་བོ་ནེ་ཆེ(Nietzsche)དང་།སྒྲིག་གཞི་གྲོལ་བའི་རིང་ལུགས་འཛིན་མཁན་རྡེ་རེ་ད(Derrida)སོགས་ཀྱིས་སྔོན་གྱི་རིག་འབྱེད་ལས་འགུལ་དེ་དཀར་བོ་མིན་ན་ནག་པོ་ཡིན་པར་འདོད་པའི་ལྟ་ཚུལ་དེར་དགག་པ་ཚ་ནན་དུ་བསྐྱོན་ཡོད་ལ་ལྷག་པར་དུ་ནེ་ཆེ་མཆོག་གིས་མིའི་རིགས་ཀྱིས་དུས་ནམ་ཡང་རང་མགོ་རང་གིས་གཡོག་པར་བྱེད་ནའང་ད་དུང་ཅི་ཞིག་རྟོགས་སོང་ཁུལ་བྱེད་པ་དང་།བདེན་པ་ཞེས་པ་དེ་རྟོགས་ཐབས་མེད་པ་ཞིག་གམ།རྟོགས་ཀྱང་སྙིང་བོ་མེད་པ་གང་རུང་ཞིག་ཡིན་པས་དེ་ཉིད་ཀྱང་གནའ་བོའི་ངག་སྒྲུང་ཞིག་དང་མཚུངས་པར་འདོད་པའི་ལྟ་ཚུལ་འཛིན་པས་ན་ནུབ་ཀྱི་མཚན་ཉིད་པ་སོགས་ཀྱི་མིང་དང་བརྩམས་ཆོས་བགྲང་བ་དང་།རིག་སྒོ་འབྱེད་པ་སོགས་ཀྱི་མིང་ཐོག་ནས་ཆོས་ལུགས་ནི་མིའི་རིག་པ་མིན་པར་བསྒྲུབ་པ་ལ་སྙིང་བོ་ཅི་ཡང་མེད་པར་མཐོང་།དེ་བཞིན་ནུབ་ཀྱི་མཚན་ཉིད་རིག་པ་ཚོས་རིག་སྒོ་འབྱེད་པའི་རིག་སྒོ་འབྱེད་པ(启蒙的启蒙)ཟེར་བའི་ལྟ་ཚུལ་འདོན་གྱིན་པའི་དུས་སུ་རང་རེས་ནི་གཞན་གྱིས་བསུབ་ཟིན་པའི་རྐང་རྗེས་དེ་སླར་ཡང་ཨུ་ཚུགས་ཀྱིས་ཇེ་གསལ་དུ་བཏང་ན་གཞན་དང་བར་ཐག་རིང་བོས་ཆོད་པར་གྱུར་ཏེ་རྗེས་ཟིན་ཐབས་མེད་པར་ཨེ་འགྱུར་རམ། དེ་ལས་གཞན་རང་རེའི་བོད་བརྒྱུད་ནང་བསྟན་ནི་ནུབ་ཀྱི་མཚན་ཉིད་པ་འགའ་ཤས་ཀྱིས་དགག་པ་རྒྱག་སའི་ཆོས་ལུགས་ཏེ་ཡེ་ཤུ་ཆོས་ལུགས་དང་ཁྱད་པར་ཆེན་པོ་ཡོད་དེ།གཅིག་ནས་དེས་འཇིག་རྟེན་བྱེད་པོ་ཟེར་བའི་འཇིག་པ་མེད་པའི་སྐྱེས་བུ་ཞིག་ཁས་མི་ལེན་ཞིང་གཉིས་ནས་དེ་ནི་རང་རེ་བོད་རང་གི་མཚན་ཉིད་རིག་པ་ཡིན་པ་རེད། གལ་སྲིད་ནུབ་ཀྱི་མཚན་ཉིད་རིག་པ་ནི་མིའི་འཚོ་གནས་དང་།འཇིག་རྟེན་གྱི་ངོ་བོ་སོགས་ལ་དཔྱད་ཅིང་གནད་དུ་བསམ་པའི་ཐེ་ཚོམ་གྱི་ལྟ་བ་དེ་ཡིན་ན་རང་རེའི་མཚན་ཉིད་རིག་པ་ནི་ཐེ་ཚོམ་དེ་ཉིད་ལག་ལེན་དུ་བྱས་ཏེ་ཐར་བ་འཚོལ་བའི་ལམ་བུ་ཞིག་རེད།དེའི་ཕྱིར་རྗེ་ཙོང་ཁ་བ་ལྟ་བུ་ནི་རིགས་ལམ་གྱི་ཕྱོགས་ནས་ནུབ་ཀྱི་མཚན་ཉིད་པ་སུ་ལའང་འགྲན་ཐུབ་པའི་མཚན་ཉིད་སྨྲ་བའི་མཁས་པ་ཆེན་པོ་ཞིག་ཡིན་པ་བསྙོན་དུ་མེད་ལ་གཞན་གྱིས་ཁོང་ལ༼ཤར་གྱི་ཁན་དི༽(kant)རུ་འབོད་ཀྱི་ཡོད་ནའང་རང་རེས་ད་དུང་ལྷའི་མིང་ཅན་ཞེས་འབོད་པ་དང་ཁོང་གི་ཐར་བའི་ལམ་བུ་དེ་མི་དང་འབྲེལ་བ་མེད་པ་ཞིག་ཏུ་བསམ་ན་ཤིན་ཏུ་དགོད་བྲོ་བ་ཞིག་མ་རེད་དམ།མདོར་ན་མིའི་འཚོ་ཚིས་ཙམ་འགྲུབ་དགོས་ཚེ་ཆོས་ལ་དགག་པ་བྱ་དགོས་པ་དང་ཆོས་སྲིད་གཉིས་ནི་མིའི་འཚོ་བའི་ཁྲོད་ནས་ཕན་ཚུན་གྱི་དགྲ་རུ་བསླེབ་འོང་བར་དོགས་པའི་ལྟ་ཚུལ་དེ་ནི་བསམ་གཞིགས་གནད་དུ་མ་ཐོངས་པའི་འབྲས་བུ་ལས་གཞན་ཅི་ཡང་མིན་པ་གསལ་བོར་ཤེས་དགོས།

             གསུམ་པ་ནི། རང་རེའི་ད་ལྟའི་གནས་བབས་ལས་འཕྲོས་ཏེ་ང་རང་གི་སེམས་ཁྲལ་ཆེ་ས་དག་བཤད་པར་བྱ།
   ༡རྒྱུ་རྐྱེན་མང་པོ་ཞིག་གི་རྐྱེན་པས་རང་རེའི་སློབ་ཆུང་ནས་སློབ་ཆེན་བར་གྱི་སློབ་གསོ་དེ་ཉི་མ་སྐྱེལ་ཐབས་དང་ཐང་མ་བརྡལ་ཐབས་ཀྱི་སློབ་གསོ་ཞིག་ཏུ་གྱུར་འདུག་པའི་ཁར།དགེ་རྒན་དག་གིས་ནི་རིན་པོ་ལས་ཀྱང་ལྷག་པའི་ཤེས་བྱ་དེ་དག་སློབ་མ་ཚོའི་རྒྱུད་ལ་འཇོག་པ་རིང་དུ་དོར་ཏེ་འདུ་ཤེས་འཛིན་སྟངས་ཀྱི་སློབ་གསོ་གཏོང་གི་ཡོད།དེའང་སློབ་ཆུང་གི་སྐབས་སུ་འདི་ལ་དགའ་དགོས་པ་དང་དེ་ལ་སྡང་དགོས་པའི་སློབ་གསོ་བཏང་རྗེས་སློབ་འབྲིང་གི་སྐབས་སུ་ནི་ཅི་ཞིག་བཟང་བ་དང་ཅི་ཞིག་ངན་པའི་སློབ་གསོ་གཏང་བ་དང་།སློབ་ཆེན་གྱི་སྐབས་སུ་ཅི་ཞིག་ནི་རྙིང་བ་ཡིན་པ་དང་ཅི་ཞིག་ནི་གསར་བ་ཡིན་པའི་སློབ་གསོ་གཏང་བ་རེད།དེ་ལྟར་སློབ་མའི་རྒྱུད་ཀྱི་དགྲ་གྲོགས་ཀྱི་རྣམ་དབྱེ་རབ་ཏུ་གསལ་བར་བྱས་ནའང་ཁོ་ཚོའི་རྒྱུད་ལ་མིའི་རིགས་ཀྱིས་ད་སྔའི་བར་བསགས་པའི་རྒྱུན་ཤེས་དེ་དག་དང་།  བོད་རང་གི་མཁས་པ་སྔ་མའི་གསུང་གི་ཤུལ་བཞག་གང་ཡང་བཞག་མེད་པས་ཁོ་ཚོས་ཀླད་པ་སྟོང་བ་དེར་བརྟེན་ནས་གསར་བ་ཞིག་ལེན་དགོས་ཚེ་རྙིང་བ་དེ་ངེས་པར་དུ་གཏོར་དགོས་པའི་འདུ་ཤེས་འཛིན་གྱི་ཡོད་ལ།གང་ཞིག་རང་དང་ཉེ་བོ་བྱེད་པ་དེ་མ་ཡིན་ཚེ་དེ་ནི་དགྲ་བོ་ཡིན་པའི་འདུ་ཤེས་འཛིན་གྱི་ཡོད། དེའང་རང་རེའི་སློབ་གསོའི་མ་ལག་དེའི་ནང་དུ་ཇི་ལྟར་མི་དང་མཐུན་པོ་ཡོང་བ་དང་། ཇི་ལྟར་ཐུན་མོང་གི་སྟོབས་ཤུགས་སྤེལ་བ། ཇི་ལྟར་སེམས་པ་སྐྱིད་པོ་ཡོང་བ་སོགས་ཀྱི་ནང་དོན་གང་ཡང་མེད་པ་དང་། སློབ་གསོ་གཏོང་བ་ནི་མིའི་ལྷན་སྐྱེས་ཀྱི་འཇོན་ཐང་སྔོག་ཕྱིར་མ་ཡིན་པར་མི་ཀུན་གྱི་བསམ་བློ་གཅིག་པ་ཡོང་ཕྱིར་ཡིན་པས་ན།རང་དང་མི་མཐུན་པའི་ལྟ་བ་གང་ཞིག་ལ་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་དཔྱད་པ་གཏོང་ཐུབ་ཀྱི་མེད་པ་རེད།དེའང་གསལ་བོར་བཤད་ན།ཁོ་ཚོས་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ།རིག་གནས་ཀྱི་བློ་སྦྱོང་སོགས་སྔོན་དུ་མ་སོང་བའི་དུས་ནས་བཟུང་གཞན་གྱི་མདུན་སར་ངོམ་འགྱུར་གྱི་ལྟ་བ་རྡོག་རྡོག་ཅིག་ཆགས་པར་བརྩོན་གྱིན་ཡོད་པ་རེད།བདག་གིས་བསམ་ན་སྤྱིར་ལྟ་བ་ཟེར་བ་ལ་ངོ་བོའི་ཆ་ནས་མི་སྤྱིར་བཏང་གི་ལྟ་བ་དང་རིག་གཞུང་སྨྲ་བ་བོའི་ལྟ་བ་གཉིས་ཡོད་པ་དང་།ཡུལ་གྱི་ཆ་ནས་དོན་ཕྲན་ཚེགས་ལ་འཛིན་པའི་ལྟ་བ་དང་གཟུགས་འདས་ཀྱི་རིག་པར་འཛིན་པའི་ལྟ་བ་གཉིས་ཡོད་ནའང་འདིར་བརྗོད་པ་ནི་ཕྱི་མའོ།།ལྟ་བ་སྔ་མ་ལྟ་བུ་ཞིག་ལས་ཆགས་མེད་ནའང་དེ་ཉིད་ཕྱི་མ་ཡིན་ཁུལ་གྱིས་འུར་བསླངས་པ་དེས་སློབ་རའི་བགྲོ་གླེང་གི་སྡིངས་ཆ་དེ་ལ་གཟི་མདངས་མེད་པར་བྱས་པ་སྟེ།གཅིག་ནས་རིག་མཐུན་དཔུང་དུ་བོས་ནས་ཕན་ཚུན་ལ་བསྟོད་ར་འཐེན་པ་དང་གཉིས་ནས་གནས་ལུགས་ཡོད་མེད་ལ་མི་བལྟོས་པར་མི་མཐུན་པའི་ཕྱོགས་ལ་དགག་པ་གཏོང་བ་དེ་རེད།དེ་ལྟ་བུའི་སྲོལ་དེ་སྤྱི་ཚོགས་ཀྱི་ག་ས་ག་རུ་ཁྱབ་རྗེས་བོད་ཀྱི་ཤེས་ཡོན་པའི་སྡེ་རུ་གནས་ལུགས་སྲུང་བ་ལས་མི་འབྲེལ་བཟང་བའི་མི་ཁག་གཅིག་གམ་ཕ་ཡུལ་གཅིག་པའི་མི་འགའ་རེས་མཉམ་དུ་འདུས་ནསལྟ་ཚུལ་གཅིག་པརེ་སྤེལ་གྱིན་ཡོད་ལ།ངས་ཁྱོད་སྤུར།ཁྱོད་ཀྱིས་ང་སྤུར་ནས་གཉིས་ཀ་བར་སྣང་ལ་འཕུར་ཏེ་མཐར་སར་ལྷུང་བའི་གནས་ཚུལ་ཡང་རྒྱུན་དུ་མཐོང་རྒྱུ་རེད།  དེ་ལས་ཀྱང་ཡ་ང་བ་ནི༼ང་ནི་མཁས་པ་ཆེ་གེ་མོའི་རྒྱུད་པ་ཡིན༽ཞེས་ཨ་མྱེའི་གྲིབ་མའི་འོག་ནས་ཚ་བོས་སྐྱིད་ཉལ་རྒྱག་མཁན་ཡང་མང་དུ་ཡོད་པ་རེད།འདི་དག་ལ་ཞིབ་ཏུ་བསམ་ཚེ།རང་རེར་ད་དུང་ཡང་རང་དབང་དང་།འདྲ་མཉམ་ཡིན་ཞིང་སྐྱོན་གྱིས་མ་བསླད་པའི་རིག་གཞུང་བགྲོ་གླེང་གི་སྟེགས་བུ་ཡངས་པོ་ཞིག་ཤིན་ཏུ་མཁོ་ལ།དེ་འདྲ་མ་བྱུང་ཚེ།གོང་དུ་བཤད་པའི་འདུ་ཤེས་འཛིན་སྟངས་དེས་དབང་དུ་བསྒྱུར་བའི་རྐྱེན་གྱིས་དེ་ལྟ་བུའི་ཁོར་ཡུག་ལས་བྱུང་བའི་ཡིག་ཐོག་གི་རྩོམ་དང་།གློག་བརྙན།བྱེད་སྒོ་སོགས་ཅི་རིགས་པ་གོལ་ལམ་དང་མི་ལེགས་པའི་གནས་སུ་འགྲོ་ངེས་རེད་ལ་གསར་རྙིང་ཙམ་གླེང་བའི་འགག་སྒོ་དེས་རང་རེའི་ཕྱི་རབས་པ་དག་གི་རྐང་བར་རྨས་སྐྱོན་ཚབས་ཆེན་ཐེབས་ཀྱི་རེད།
 
བོད་མི་རང་གི་རུལ་སུངས་ཀྱི་ངོས་སྣ་ཚོགས་ཏེ། གཡོ་ཉལ་རྒྱག་པ་དང་། འཐོམས་སྦྲིད་དུ་གནས་པ། བྲན་ཁོལ་དུ་མོས་པ།རྣམ་རིག་མི་གསལ་བ།ཨ་གསར་ཆེ་བ་སོགས་ལ་བརྟེན་ནས་སྐྱིད་ཉམས་ཤར་བ་ཡོད་པ་སྟེ་དེ་དག་ནི་ལས་བྱེད་པ་དང་གྲྭ་བ།སློབ་མ།འབངས་མི་སེར།ཚོང་ལས་པ་སོགས་ཐམས་ཅད་ལ་ཡོད་པའི་ཐུན་མོང་གི་སྣང་ཚུལ་ཞིག་རེད།སྣང་བའི་སྐྱིད་ཉམས་མཚར་བོ་དེས་རང་གི་མི་ཚེའི་སྐོར་ལ་བསམ་གཞིགས་གནད་དུ་གཏོང་བའི་གོ་སྐབས་མེད་པར་བྱེད་པ་ལས་གཞན་པ་ལའང་ཡིད་དུ་མི་འོང་བའི་ཁོར་ཡུག་བཙོག་པ་ཞིག་བཟོ་བ་རེད།དེ་ནི་བག་ཆགས་རྙིང་བ་སོགས་ལན་པ་གཏན་ནས་མ་ཡིན་པར་བག་ཆགས་གསར་བ་དུག་ཏུ་འཐུང་ནས་རང་ལུས་མི་བདེ་བར་བྱས་པ་ཙམ་མོ།།༼སྤྱིར་བདག་བག་ཆགས་གསར་རྙིང་ཞེས་པའི་ཐ་སྙད་དེ་བཀོལ་བར་དགའ་བོ་མེད་ཀྱང་འདིར་དགོས་པའི་དབང་དུ་བྱས་པའོ༽གཟུ་བོས་མིག་གིས་ལན་ཅིག་བཤེར་ཚེ།ཕྱུག་པོ་མིན་ཡང་ཕྱུག་པོར་རྫུ་མཁན་དང་།དམ་ཚིག་མེད་ཀྱང་བླ་མར་རྫུ་མཁན།རིག་པ་མེད་ཀྱང་རིག་གཞུང་འཆད་མཁན།ལྟ་ཚུལ་མེད་པར་བྱུང་རྒྱལ་སྨྲ་མཁན།དབང་ཆ་ཆུང་ངུ་ཙམ་གྱིས་སྣང་བ་རབ་ཏུ་ཁེངས་པ་དང་།ཡོན་ཏན་ཆུང་ངུ་ཙམ་གྱིས་སེམས་ནི་རབ་ཏུ་འཚེངས་པ་སྟེ་མདོར་ན་བརྩེ་བ་རྫུན་མ་དང་ཤེས་ཡོན་རྫུན་མ།འཇོན་ཐང་རྫུན་མ་སོགས་ལ་བརྟེན་ནས་རང་གི་གྲགས་པ་དང་ཁེ་ཕན་གཉེར་མཁན་ནི་བགྲང་གིས་མི་ལོངས་ཤིང་།དེ་ཡི་མཐུ་ལས་ལུས་སེམས་གཉིས་ཀ་ནད་ཀྱིས་ཉེན་ཏེ་མི་གཤིས་དང་མི་ཡི་བཟོ་ལྟ་ཡོངས་སུ་ཉམས་པའི་སྐྱེ་བོ་མང་པོ་ཞིག་གིས་གྲོང་དང་གྲོང་ཁྱེར།འབྲོག་དང་དགོན་པའི་གནས་གང་དག་ཏུ་འཚང་ཁ་ཤིག་ཤིག་བྱེད་ཀྱིན་པའོ།།མངོན་སུམ་གྱི་ལྟད་མོ་དེ་དག་རྒྱབ་ཏུ་དོར་ཏེ་ད་དུང་ཡང་གསར་བ་དང་རྙིང་བ།སྲོལ་རྒྱུན་དང་དེང་རབས།ལྷ་དང་མི་ཞེས་པའི་ལྐོག་གྱུར་གྱི་ཐ་སྙད་འགའ་ཞིག་མུར་ནས་བསྡད་ན་རྩ་བ་བོར་ནས་ཡལ་གར་འཇུས་པ་དང་།རྒྱ་མཚོ་འགྲམ་དུ་བསྐྱུར་ཏེ།ཀོ་གྱོང་མཆིལ་མས་སྦངས་པ་དང་གཉིས་སུ་མ་མཆིས།
 
༣གང་ཞིག་རྩ་བ་ནས་བརླག་པ་དང་འཇོམས་པ།གཏོར་བ་ཉིད་དང་།དེ་ལ་འགྱུར་བ་གཏོང་བ་དང་།དེ་ཉིད་བདེ་ཐང་གི་ལམ་དུ་འཇུག་པར་བྱེད་པ།དེ་ཡི་གེགས་སེལ་བ།དེ་ཉིད་འཐུས་ཚང་དུ་གཏོང་བ་གཉིས་ནི་ཁྱད་པར་རབ་ཏུ་ཆེ་བའི་དོན་གཉིས་རེད།དོན་ཀྱི་གནད་ཀ་འདི་ཉིད་མ་རྟོགས་པའི་དབང་གིས་ཞོགས་དུང་སོགས་ཀྱང་སྤྱིར་བཏང་གི་ལྟ་ཚུལ་འདོན་པ་ལས་ཕྱོགས་སུ་ལྷུང་བ་དང་མཐར་གྱེས་པའི་ལྟ་བ་འཛིན་མཁན་དུ་གྱུར་བས་ཁོང་ཚོས༼བག་ཆགས་རྙིང་རུལ་རྩ་ལག་དང་བཅས་པ་གཞོམ་དགོས་པའི༽ལྟ་ཚུལ་བཏོན་པ་རེད་ལ།ཕྱིས་སུ་ཞོགས་དུང་གི་རྗེས་འཇུག་པ་ཚོས༼སྤྲུལ་སྐུའི་ལམ་ལུགས་ལ་མཐའ་མཇུག་གི་ལག་བརྡ་གཏོང་བ༽ལྟ་བུའི་མཐར་ལྷུང་གི་གཏམ་ཡང་སྨྲས་པ་རེད།གལ་སྲིད་གོང་དུ་བརྗོད་པའི་དོན་ཕྱི་མ་དེ་བཟུང་བ་ཡིན་ན་རྗེས་འཇུག་པ་དེ་ཚོས༼སྤྲུལ་སྐུའི་ལམ་ལུགས་ལ་འགྱུར་བ་གཏང་དགོས༽ལྟ་བུའི་བརྗོད་གཞི་སྤེལ་སྲིད་ཅིང་དེ་ནི་རང་རེའི་དགོས་མཁོ་དང་མཐུན་པ་དང་སྤྱི་ཚོགས་འཕེལ་འགྱུར་གྱི་ཆོས་ཉིད་དང་ཡང་མཐུན་པ་རེད། དེ་མིན་པར་རང་དང་བློ་ཁ་མཐུན་པའི་སྐྱེ་བོ་འགའ་ཞིག་གྲོགས་སུ་སྦྲན་ནས་གཞན་དག་གི་ཁེ་ཕན་ལས་ལྡོག་པའི་བྱ་སྤྱོད་སྤེལ་བ་ནི་གླེན་པའི་ཨུ་ཚུགས་ལས་མ་འདས།དེ་བཞིན་བོད་ཀྱི་མཁས་པ་མང་པོའི་ཁྲོད་ནས་སྐྱེ་བོ་རེ་གཉིས་ལོགས་སུ་བསལ་ཏེ་མི་བུའི་མིང་གིས་མཚན་པ་དང་།གཞན་དག་གི་རིན་ཐང་ལ་ཅི་ཡང་མི་སྙམ་པའམ་སེམས་ཙམ་ཡང་མི་གཡོར་བ་ནི་གོང་དུ་བཤད་པའི་ལམ་ཁ་དང་པོ་དེ་བདམས་པའི་འབྲས་བུ་རེད་སྙམ།གང་ལྟར།གནས་ལུགས་ལ་ཁ་གཡར་ནས་གནས་ལུགས་བོར་བར་བྱ་བ་དང་།ཆེན་པོ་ཞིག་བཤད་རྒྱུ་ཟེར་ནས་ཤོག་ཁ་དང་དཔུང་བསྒྲིག་ཡོང་ན་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་ལས་ཐབས་གཞན་གང་ཡང་ཡོད་པ་མ་རེད།མཐར་ཐེངས་འདིའི་བགྲོ་གླེང་དུ་དྲང་པོའི་ལམ་ཀར་ཞུགས་ཏེ་ལྷག་བསམ་དག་པས་བཤད་རེས་དང་ཉན་རེས་བྱེད་མཁན་ཚོར་སེམས་གཏིང་ནས་བཀའ་དྲིན་ཞུ་བ་དང་།བར་གླགས་ནས་གོ་སྐབས་བཟུང་སྟེ་དབྱེན་དང་ཕྲ་མ་བྱ་བ་དང་།དམིགས་ཡུལ་ཡོད་པའི་སྒོ་ནས་ཞྭ་མོ་སྐོན་མཁན་གྱི་མི་དེ་རིགས་ལ་བག་ཡོད་པར་བྱ་རོགས་ཞེས་ཞུ་བ་ཡིན།དེ་མིན་བདག་གིས་ཅི་ཞིག་རྟོགས་ཡོད་པའི་ཁུལ་གྱིས་སློབ་གསོ་གཏོང་བ་མིན་ལ་མཚན་ཉིད་རིག་པའམ་ཆོས་ལུགས་ཀྱི་གནས་ལུགས་གང་ཞིག་བཤད་པའང་མ་ཡིན།སྤྱིར་བཏང་གི་གནས་ལུགས་ཆུང་ངུ་ཞིག་བཤད་པ་ཙམ་མོ།།གཞན་རང་གི་ལྟ་བའི་གནད་ཀ་མཚོན་བྱེད་དུ༼ཁྱོད་ཕ་རོལ་བོ་མ་ཡིན་ནོ༽ཞེས་པའི་བྷོར་ཧེ་ཞེའི་སྙན་ངག་དེ་རིག་པ་སྨྲ་བ་དག་ལ་མེ་ལོང་ཞིག་གི་ཚབ་ཏུ་དབུལ་རྒྱུ་ཡིན།

ཁྱོད་ཀྱིས་དཔའ་ཞུམ་པའི་ངང་སྐྱབས་བཅོལ་སའི



ཕ་རོལ་བོའི་བཀའ་རྩོམ་གྱིས་ཁྱོད་རང་སྐྱོབ་པར་མི་བྱེད


ཁྱོད་ཕ་རོལ་བོ་མ་ཡིན་ཏེ 
 
སྐབས་འདིར ཁྱོད་ཀྱིས་རང་གིས་གོམ་སྟབས་ཀྱིས་བསླེས་པའི



 སྒྱུ་མའི་གྲོང་གི་ལྟེ་བ་ཞབས་ཀྱིས་བཅགས་ཡོད


 
ཇེའུ་ཟ་དང་སོ་ཁི་ར་ཐེས་སྤྱད་པའི་དཀའ་བ་ཡིས
 
ཁྱོད་རང་སྐྱོབ་པར་མི་བྱེད


 
ཉི་ནུབ་ཀྱི་དུས་སུ་མེ་ཏོག་ལྡུམ་ར་ནས་སྐུ་མྱ་ངན་ལས་འདས་པའི


 
ཟས་གཙང་སྲས་ཀྱིས་ཀྱང་དེ་དེ་བཞིན་ནོ


 
ཁྱོད་ཀྱི་ལག་བྲིས་ཀྱི་ཡི་གེ་དང 
 
ངག་གི་སྨྲ་བརྗོད་དག་ལ
 
ས་རྡུལ་ཇི་བཞིན་རིན་ཐང་གིས་དབེན


 
ལས་ཀྱི་ལྷ་ལ་བརྩེ་བའི་སེམས་དང་བྲལ
 
འཇིག་རྟེན་བྱེད་པོའི་མཚན་ལམ་ཟད་པ་མེད


 
ཁྱོད་ཀྱི་ཤ་ཁྲག་ནི་དུས་ཀྱི་འཁོར་ལོ་ཙམ་ཏེ


 
མཚམས་མེད་པར་བཞུར་གྱིན་པ་དེའོ


 
མཐར་གཏུག་ན་ཁྱོད་ནི་ཁེར་རྐྱང་གི་སྐད་ཅིག་མ་རེ་རེ་ལས་གཞན་ཅི
 ཞལ་དྲོ། བཀྲ་ཤིས།

                                                                                  ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
c92g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41467524
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1