༄༅། །རྨོངས་མུན་འཆིང་རྒྱ་གཅོད་པའི་རལ་གྲི །
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 20 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »༄༅། །རྨོངས་མུན་འཆིང་རྒྱ་གཅོད་པའི་རལ་གྲི །
༄༅། །རྨོངས་མུན་འཆིང་རྒྱ་གཅོད་པའི་རལ་གྲི །
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/5ལྟ་ཀློག (1621)རྩོམ་ཁུངས: པར་འདེབ།

                                                                  རྨ་ཆུའི་ཤེས་རབ་རྒྱ་མཚོ།

ང་རང་ལྟེ་ཁྲག་འཕོས་པའི་བོད་ལྗོངས་སུ། །

དེང་ཡང་རྗེས་ལུས་མདུད་བརྒྱས་དམ་དུ་བཅིངས། །

གྲོལ་ཕྱིར་བདེན་གཏམ་རྡོ་རྗེ་ཚིག་གི་ཕྲེང་། །

བརྗོད་ལ་མི་འཇིགས་རྣ་བ་རིང་དུ་གཏོད། །

ཡང་དག་ལོ་རྒྱུས་དྭངས་གསལ་རྒྱབ་ཏུ་བཞག །

མི་རིགས་ལ་རྒྱའི་ཚིག་སྐམ་ངག་ནས་བཟླས། །

བཟའ་བཏུང་ཙམ་ལས་ཕུགས་བསམ་ཆེར་མེད་པ། །

ཚུལ་དེ་བོད་མིས་སྤང་འོས་གཤིས་ཀ་ཉིད། །

ཡིག་རྨོངས་ཞྭ་ཆེན་གྱོན་པས་དཀའ་ངལ་ལྕི། །

ལོག་ལྟའི་ཁུང་བུར་བརྟེན་པས་རང་ཞིད་བསླུས། །

སྒྲོ་སྐུར་ཚིག་གིས་ཕན་ཚུན་དབྱེན་སྦྱོར་བྱེད། །

ཚུལ་དེ་བོད་མིས་སྤང་འོས་གཤིས་ཀ་ཉིད། །

མ་འོང་མདུན་ལམ་མཆོག་ལ་མི་བལྟ་ཞིང་། །

ངག་རྒྱུན་ཙམ་ལ་བློ་ཕུགས་ཆེར་གཏད་ནས། །

གསར་གཏོད་མི་དགའ་རྙིང་ཞེན་མཆོག་འཛིན་པ། །

ཚུལ་དེ་བོད་མིས་སྤང་འོས་གཤིས་ཀ་ཉིད། །

རང་ལས་དམན་ལ་ཁྱད་གསོད་བརྙས་སྨོད་བྱེད། །

རང་དང་གཞན་གྱི་བྱ་བ་ཤར་ནུབ་འབྱེད། །

རང་ཉིད་རང་ལ་མཐོ་བའི་ཁེངས་དྲེགས་ཆེ། །

ཚུལ་དེ་བོད་མིས་སྤང་འོས་གཤིས་ཀ་ཉིད། །

ཕ་མའི་བསླབ་བྱ་རྒྱལ་བོའི་བཀའ་ལ་འགལ། །

རུ་སྡེའི་ནང་ལ་དོན་མེད་ཁ་མཆུ་བཟོ། །

རང་ནོར་རང་གིས་མ་ཟིན་གཞན་ལ་ཤོར། །

ཚུལ་དེ་བོད་མིས་སྤང་འོས་གཤིས་ཀ་ཉིད། །

རང་རིགས་མཐོན་པོའི་ཁྲི་ལ་གསོལ་བའི་ཚེ། །

ངན་སྨྲས་ཚིག་གི་མཚོན་གྱིས་ཆར་ཕབ་ཅིང་། །

མི་བཟོད་ཕྲག་དོག་དུག་གི་མེ་དཔུང་འབར། །

ཚུལ་དེ་བོད་མིས་སྤང་འོས་གཤིས་ཀ་ཉིད། །

མི་རིགས་ལས་དོན་མི་སེམས་སྒོར་མོ་སེམས། །

མཐར་ཐུག་དགོས་དོན་མི་སེམས་གྲགས་པ་སེམས། །

གཞན་ཕན་ལྷག་བསམ་མི་སེམས་གོ་ས་སེམས། །

ཚུལ་དེ་བོད་མིས་སྤང་འོས་གཤིས་ཀ་ཉིད། །

མཐོན་པོའི་དཔོན་སར་ཕྱིན་ཀྱང་འབངས་མ་བསྐྱངས། །

བདེན་རྫུན་གང་ཡིན་མ་ཤེས་བདག་གཞན་ཕོངས། །

གཞན་ལ་ངོ་འཛིན་གཏམ་གྱིས་རང་མཚང་སྟོན། །

ཚུལ་དེ་བོད་མིས་སྤང་འོས་གཤིས་ཀ་ཉིད། །

རི་ལུང་རྩྭ་ས་བརྩད་པས་དཔའ་བོ་མིན། །

གཞན་གྱི་ནོར་རྫས་བརྐུས་པས་ཕྱུག་པོ་མིན། །

དངུལ་གྱིས་ཐོབ་ཐང་ཉོས་པས་མཁས་པ་མིན། །

ཚུལ་དེ་བོད་མིས་སྤང་འོས་གཤིས་ཀ་ཉིད། །

རང་ཕྱོགས་ཉེ་འཁོར་བསྡུས་པ་མཐུན་སྒྲིལ་མིན། །

ཉམས་ཆུང་དམའ་སར་མི་བལྟ་རྗེ་བོ་མིན། །

བཙུན་པ་གྲོང་ཁྱིམ་ཉུལ་བ་ཆོས་པ་མིན། །

ཚུལ་དེ་བོད་མིས་སྤང་འོས་གཤིས་ཀ་ཉིད། །

ལྷག་བསམ་བློ་རྒྱ་ཆེ་བའི་རང་རིགས་དག །

དཔོན་པོའི་ཁྲི་ལ་འཇོག་ཚེ་ཕྲག་དོག་གིས། །

དམའ་སར་འབྲིད་པའི་སྤྱོད་ཚུལ་མ་རུངས་པ། །

རང་རིགས་ཐུར་དུ་རྒུད་པའི་ངན་ལྟས་ཡིན། །

རང་རིགས་མཁས་པའི་བར་ལ་ཕྲག་དོག་རྒོད། །

རང་རིགས་ཕུ་ནུའི་བར་ལ་གཅེས་སྲོག་གཏོང་། །

རང་རིགས་མཐོན་པོའི་བར་ལ་དབང་རྩོད་བྱེད། །

རང་རིགས་ཐུར་དུ་རྒུད་པའི་ངན་ལྟས་ཡིན། །

དེང་དུས་སྙིགས་མའི་མཁས་རློམ་འགའ་རེས་ཀྱང་། །

སངས་རྒྱས་ཆོས་ལུགས་དར་བ་རྗེས་ལུས་དང་། །

སྔོན་ཐོན་ཤེས་རིག་བསླབས་པ་བསླུ་བྲིད་ཕྱིར། །

ཞེས་པའི་གཏམ་གྱིས་རང་ཉིད་བསྐལ་བརྒྱར་དམོད། །

ཆོས་ཀྱི་ཐ་སྙད་ཙམ་ལ་འགྲེལ་མི་དཔྱོད། །

ཆོས་ཀྱི་དགོངས་དོན་ཅི་ཡང་མ་ཤེས་པར། །

ཆོས་ལ་སྐུར་བ་འདེབས་པ་རང་མཚང་ཡིན། །

ཚུལ་དེ་ཐོས་ན་ངོ་ཚ་སུ་ཡིས་འཁུར། །

ཆོ་ག་ཀློག་འདོན་ཙམ་གྱིས་ཆོས་པ་མིན། །

སྙན་རྩོམ་ཕྲན་ཚེགས་བྲིས་པས་རྩོམ་པ་མིན། །

སུམ་རྟགས་སྙན་ངག་བསླབས་པས་མཁས་པ་མིན། །

ལྔ་ཟུང་རིག་པའི་དགོངས་དོན་དཔྱོད་ལ་བརྩོན། །

སློབ་གྲྭ་ཆེན་མོའི་ཐོབ་ཐང་ཞིག་འབྱོར་ནས། །

མི་རིགས་བྱ་བའི་ལས་དོན་རྒྱབ་ཕྱོགས་ཏེ། །

འདུ་འཛིའི་ལས་སུ་ཉིན་མཚན་སྤྱོད་པ་ནི། །

རང་ཉིད་རིག་གནས་བསླབས་པའི་དགོས་དོན་མིན། །

ཕ་ས་རང་གིས་བདག་བཟུང་བྱས་པའི་སྟེང་། །

དཔལ་འབྱོར་འཛུགས་སྐྲུན་སྒོ་བརྒྱ་ཕྱེ་བ་དང་། །

རིག་གནས་སློབ་གསོ་དར་སྤེལ་གཏོང་བ་སོགས། །

གངས་ཅན་བོད་ཀྱི་ལས་དོན་གཙོ་བོ་ཡིན། །

དེ་ལྟར་ཁོ་བོའི་ལྷག་བསམ་དབྱུ་གུས་ཀྱང་། །

བསྐུལ་པས་མགྲིན་པའི་རྫ་རྔ་བསྒྲགས་པ་ལས། །

མངོན་བརྗོད་བརྡ་རྙིང་ཚིག་གིས་མ་སྤུད་པར། །

གོ་སླའི་སྙིང་གཏམ་ཁ་བའི་ལྗོངས་སུ་སྦྲེངས། །

                                                                                                            ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
tqiw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42055958
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1