ངན་ལན་སློག་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 7 ཚེས 8 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གནའ་གཏམ་དང་སྒྲུང་། »ངན་ལན་སློག་པ།
ངན་ལན་སློག་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/6/19ལྟ་ཀློག (2965)རྩོམ་ཁུངས: པར་འདེབ།

                                                                                                ཆོས་པ།

      སྔོན་ས་ཆ་ཞིག་ཏུ་བླ་གྲྭ་གཉིས་ཡོད་ཅིང་། ཉིན་ཞིག་ཁོང་གཉིས་ཁྱིམ་ཚང་ཕྱུག་པོ་ཚང་ཞིག་ཏུ་ཨ་མཆོད་ལ་སོང་སྟབས་ཤ་མར་ཐུད་གསུམ་སོགས་ཅི་འདོད་ཀྱི་འབུལ་བ་བསམ་གྱིས་མི་ཁྱབ་པ་བྱས་པས། ཁོང་གཉིས་ཡིད་སེམས་རབ་ཏུ་མགུ་ནས་དགའ་སྤྲོའི་ངང་རང་ཁྱིམ་དུ་ལོག་པའི་ཚེ། བླ་མས་བསམ་ངན་ཡིད་ལ་བཅངས། སྦྱོར་ངན་ལག་ཏུ་བསྟར་ནས་མཚོ་ཁ་ཞིག་ལ་སླེབས་པ་དང་དོ་དགོང་འདིར་འདུག་ཅེས་བཀའ་གནང་། གྲྭ་པས་ཀྱང་ཁུར་བོ་ཕབ་སྟེ་འདུག་པར་བརྩམས། 

     དགོང་མོ་མལ་དུ་ཉལ་སྐབས། བླ་མས་བཙན་ཤེད་ཀྱིས་གྲྭ་པ་རྟིང་ཕྱོགས་ཀྱི་མཚོ་ཁ་ནས་འཕྲེད་དུ་ཉལ་དགོས་ཞེས་བཀའ་བཙན་པོའི་ཐོག་རྒོད་བར་མེད་དུ་འཕངས་བ་དང་། གྲྭ་པས་རང་ཉིད་དྲག་གསོད་བྱེད་ཅིང་ཡོན་ཆས་བདག་འཛིན་བྱ་རྒྱུའི་བསམ་ངན་འཆང་ཡོད་པ་རྟོགས་ནས། ནམ་གུང་ཙམ་ལ་སླེབས་སྐབས་རང་ཉིད་ཀྱི་མལ་ས་ནས་བླ་མའི་ཡིག་སྒམ་བཞག་ཅིང་། ཁོ་རང་བླ་མའི་སྔས་མགོའི་ཕྱོགས་ཀྱི་མཚོ་དང་བར་ཐག་ཅུང་རིང་བའི་གནས་སུ་ཉལ་ཞིང་བསྡད་པ་ན། ནམ་ཕྱེད་ཡོལ་ཙམ་དུ་སླེབས་ཚེ་བླ་མས་ཤུགས་ཀྱིས་རྐང་འཕུད་ཅིག་བརྒྱབ་པ་ན། དོང་ཞེས་པའི་སྒྲ་ཞིག་གྲགས་པ་དང་མཉམ་དུ། བླ་མས། གྲྭ་ངན་ལོང་རིང་། ཁྱོད་ཀྱིས་དེ་ཟོས་དེ་ལྡོག་ཅེས་སྡིགས་ཤིང་གཉིད། གྲྭ་པས་ཁོང་གཉིས་ཀྱི་ཤ་མར་ཐུད་གསུམ་ལས་ཟ་ཐུབ་པ་རྣམས་ཟོས། མ་ཐུབ་པ་རྣམས་མཚོའི་ནང་དུ་འཕངས་ནས་ནངས་སྔ་མོའི་སྐར་མདའ་མཁའ་རུ་རྒྱུ་ཚེ་གཅིག་ཀྱང་ལྷག་མེད་པར་བྱས་པས། བླ་མས་གོ་བཀྱག་ནས་ལྟ་སྐབས། གྲྭ་བ་ནི་སྔས་ཕྱོགས་སུ་ཉལ་ཡོད་ཅིང་ཡིག་སྒམ་དང་བཟའ་ཆས་གང་ཡང་མི་འདུག གྲྭ་པར་ཁྱོད་ཀྱིས་བཟའ་ཆས་དང་ཡིག་སྒམ་ཅི་བྱས་པ་ཡིན་ཞེས་དྲིས་ཚེ། གྲྭ་པས་བླ་མ་ལགས། ཡིག་སྒན་ནི་མདང་ནུབ་ཁྱེད་ཀྱིས་རྐང་འཕུད་བརྒྱབ་ནས་ཆུའི་ནང་དུ་འཕངས་པ་རེད། ཤ་མར་རྣམས་ནི་ཁྱེད་ཀྱི་བཀའ་བཞིན་ཁོ་བོས་ཟོས་ཚར་ཞེས་པས། བླ་མ་དེ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་བསྐྱལ། 

   དེ་ནས་བླ་གྲྭ་གཉིས་ཕྱིར་རང་ཁྱིམ་དུ་སླེབས་པ་དང་། བླ་མར་བ་མོ་ཞིག་ཡོད་པ་དེའང་གང་དུ་ཡང་མི་འདུག་པས་གྲྭ་ར་རོགས་བྱེད་དུ་བཅུག་ནས་བ་མོ་འཚོལ་དུ་སོང་། རི་འདབས་ཤིག་ཏུ་སླེབས་པ་དང་། བླ་མས་ང་རང་ལོ་ན་ཐོན་པས་རི་རྩེར་འགྲོ་མི་ནུས། ཁྱོད་སོང་ནས་རི་རྩེར་ཡོད་མེ་ལྟོས་ཤོག་ཟེར། གྲྭ་པས་ལགས་སོ་ཟེར་ཞིང་རི་རྩེར་བལྟ་རུ་ཕྱིན། དེ་ན་ཚེར་མའི་ཕོན་ཆེན་མང་པོ་སྐྱེས་ཡོད་པས་བླ་མར་ངན་ལན་སློག་པར་འདོད་ནས། བླ་མ་ལགས་འདིར་ཕེབས་དང་ཞེས་བོས་པ་ན། བླ་མས་བ་མོ་དེ་རུ་ཤི་ཡོད་ཚོད་རེད་སྙམ་ཞོར་དཀའ་ཚེགས་གང་ལའང་མི་ལྟོས་པར་རྒྱུག་ཅིང་དེར་སོང་ཚེ། གྲྭ་པས་བླ་མ་ལགས། འདི་སུ་ཞིག་གིས་དུས་ཚོད་ཕུད་དེ་བརྡར་གྱིན་ཡོད། ཅི་འདྲའི་རྣོ་བ་ལ་ཨང་ཞེས་བཤད་སྐབས། བླ་མས། བླུན་རྒན་ཁྱོད་ཀྱིས་ཁྱི་གཏམ་མ་བཤད། མྱུར་དུ་རི་འདབས་ཕྱོགས་སུ་ཚོལ། ང་རང་ལོ་ལོན་ཡིན་པས་མར་བབ་ན་པུས་མོ་ན་ངེས་རེད་ཅེས་བཤད། གྲྭ་པས་ལགས་སོ་ཞེས་རི་འདབས་ཀྱི་ཕྱོགས་སུ་སོང་བའི་ཚེ། དེ་གར་རི་བོང་གི་རིལ་མ་མང་པོ་མཐོང་བས། ཡང་བླ་མ་ལགས། མྱུར་དུ་འདིར་བྱོན་དང་ཞེས་བོས་པས། བླ་རྒན་རི་རྩེ་ནས་རི་ཞོལ་དུ་ལྷགས་པ་ན། གྲྭ་པས་བླ་མ་ལགས། འདི་སུས་རིལ་རིལ་བྱས་པ་རེད། ཅི་འདྲའི་ལག་བདེ་མོ་འདུག་ཨང་ཞེས་ཟེར་བར། བླ་མ་ཁོང་ཁྲོ་མེ་ལྟར་འབར་ཞིང་ངོ་གདོང་དམར་ནག་ཏུ་གྱུར་ཏེ། ཁྱི་རྒན། མྱུར་བར་རི་རྩེ་ལ་འཚོལ་དུ་སོང་། བྱ་དངོས་ཅི་ཞིག་མཐོང་ཡང་ང་ལ་ཀི་ཙམ་ཡང་བྱེད་མི་ཆོག་ཅེས་བཀའ་ཕབ། གྲྭ་པ་རི་རྐེད་ཙམ་དུ་སླེབས་ཚེ་བ་མོ་དེར་ཤི་ཡོད་པ་མཐོང་ཡང་། 

    ཅི་ཡང་མ་བཤད་པར་རྟ་བདུན་དབང་པོ་ཆུ་ལྷའི་ཁྱིམ་དུ་བཞུད་ཚེ་ཁོང་གཉིས་རང་ཁྱིམ་དུ་ལོག བླ་མའི་ཐུགས་དགོངས་རྒྱ་མཚོ་ཆེན་པོའི་ཀློང་ཡོངས་སུ་སེམས་ཁྲལ་གྱི་རྦ་རླབས་འགོག་མེད་དུ་འཕྱུར་ཞིང་། ཇ་ཡང་མི་འཐུང་བར་བསྡད་ཡོད་པའི་སྐབས་དེར། གྲྭ་པས་བླ་མ་ལགས། ཁྱེད་ཅིའི་ཕྱིར་འདང་རྒྱག་གི་རྒྱ་མཚོར་ལྷུང་བཞིན་ཡོད་ཅེས་དྲིས་པར། བླ་མས། བླུན་རྒན་ངའི་བ་བོར་སོང་བ་མིན་ནམ་ཞེས་བཤད། ཡང་གྲྭ་པས། བ་མོ་དེ་རི་རྐེད་དུ་ཤི་འདུག་ཀྱང་ཁྱེད་ཀྱི་བཀའ་ལྟར་འབོད་མ་ཕོད་པ་ཡིན་ཞེས་ཞུས། བླ་མས། ཧིན། སྐྱག་ཟན། ངས་ཁྱོད་ལ་ངའི་མགོ་མ་སྐོར་ཅེས་བཤད་པ་ཡིན་མ་གཏོགས། བ་མོ་ཡོད་ན་མ་འབོད་ཅེས་བཤད་མྱོང་མེད། སང་ཉིན་སྐྱ་རེངས་བུ་མོས་འཛུམ་དཀར་བསྟན་ཚེ་ངའི་རྟ་རྒན་ཁྲིད་ལ་ཁྲག་ཐིགས་ཙམ་ཡང་མ་ལྷག་པར་ཁོལ་ནས་ཤོག་ཟེར། གྲྭ་པ་ཕྱིར་ཉིན་སྔ་མོ་ནས་སོང་སྟེ་ཐ་ན་ཁྲག་ཐིགས་འགོས་ཡོད་པའི་རྡོ་ལ་སོགས་གཅིག་ཀྱང་མ་ལུས་པར་བཀལ་བ་ན། རྟ་རྒན་གྱིས་མ་ཐེག་པར་རྐེད་པ་ཕུད་དེ་ཤི་སོང་བ་རེད། དེའི་ཚེ་ཁོས་སྔོ་བསང་མས་མུན་པའི་ལྭ་རིང་ལུས་སུ་གྱོན་ལ་ཉེ་བའི་སྔ་རོལ་ཙམ་དུ། ཁྲག་འགོས་པའི་རྡོ་ལོག་འགའ་བཟུང་ནས་ཁྱིམ་དུ་ལྷགས་ཚེ། བླ་མས་ཁྱོད་ཀྱིས་རྟ་ཅི་བྱས་པ་ཡིན་ཞེས་དྲིས་པར། བླ་མ་ལགས། 

   རྟ་ནི་ཁྱེད་ཀྱི་ཅི་གསུང་བཞིན་ཁྲག་ཐིགས་འགོས་པའི་རྡོ་ལོག་སོགས་མ་ལུས་པར་བཀལ་བས་མ་ཐེག་པར་ཤི་སོང་བས་ཅི་བྱ་མ་མཆིས། རང་གིས་ཐུབ་ཚོད་ཀྱི་རྡོ་ལོག་འགའ་འདི་ན་ཡོད་ཅེས་ཞུས་པ་ན། བླ་མས་ད་གཟོད་ངན་ལན་ཡིན་ཚུལ་ཤེས་ཀྱང་བྱ་ཐབས་གཞན་མ་རྙེད་པས་ཁ་སྐྱེངས་ནས་རང་མལ་དུ་མི་ལོག་ཀ་མེད་བྱུང་ངོ་།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
41s7 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
49377681
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1