ལྷ་སའི་གཙུག་ལག་ཁང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེ་ངོ་སྤྲོད། »ལྷ་སའི་གཙུག་ལག་ཁང་།
ལྷ་སའི་གཙུག་ལག་ཁང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/4ལྟ་ཀློག (3816)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

       ལྷ་ས་གྲོང་ཁྱེར་གྱི་དབུས་སུ་འོ་ཐང་མཚོ་ཞེས་པའི་སྟེང་བལ་བཟའ་ཁྲི་བཙུན་གྱི་ཐུགས་འདོད་དང་ཐང་གོང་མའི་སྲས་མོ་འུན་ཤིང་ཀོང་ཇོས་སྤོར་ཐང་རྩིས་སྐོར་ཞུས་ནས་རྒྱལ་པོ་སྲོང་བཙན་གྱིས་དུས་རབས་བདུན་པའི་ནང་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཐོག་མར་བཞེངས་པར་ད་བར་མི་ལོ་ཆིག་སྟོང་གསུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད། དེ་ཡང་སྤོར་ཐང་རྩིས་ལ་བོད་ཀྱི་ས་དབྱིབས་དེ་སྲིན་མོ་གན་རྐྱལ་དུ་བསྡད་པ་ལྟ་བུ་ཡོད་པ་ལས་ལྷ་ས་གཙུག་ལག་ཁང་བཞེངས་སྐབས་བར་ཆད་དང་དཀའ་བ་དུ་མ་ཕྲད། དེ་དག་གནོན་ཆེད་མཐའ་འདུལ་དུ་ལྷ་ཁང་བཅུ་གཉིས་བཞེངས། དེའི་ནང་ནས་མཐའ་འདུལ་ལྷ་ཁང་ཆེ་བ་བཞི་ཡོད་པ་སྟེ། སྲིན་མོའི་དཔུང་པ་གཡས་པ་གནོན་ཆེད་དབུ་རུ་ཀ་ཚལ་མི་འགྱུར་ལྷ་ཁང་དང་། སྲིན་མོའི་དཔུང་བ་གཡོན་མ་གནོན་ཆེད་གཡོན་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ལྷ་ཁང་བཞེངས། སྲིན་མོའི་དཔྱི་མགོ་གཡས་པ་གནོན་ཆེད་གཡས་རུ་གཙང་འགྲམ་བྱང་ཆུབ་དགེ་གནས་ཀྱི་ལྷ་ཁང་བཞེངས། སྲིན་མོའི་དཔྱི་མགོ་གཡོན་མ་གནོན་ཆེད་རུ་ལག་གྲོམ་པ་རྒྱང་དྲི་མེད་རྣམ་དག་གི་ལྷ་ཁང་བཞེངས། ལྷ་ས་གཙུག་ལག་ཁང་དེ་སྲིན་མོའི་སྙིང་དབུས་སུ་གནས། ལྷ་སའི་ཕྱོགས་བཞིར་མཐའ་འདུལ་དུ་རིགས་གསུམ་མགོན་པོའི་ལྷ་ཁང་བཞེངས་ཏེ། སྤྱན་རས་གཟིགས་དང་། འཇམ་དཔལ་དབྱངས། ཕྱག་ན་རྡོ་རྗེས་གཙོས་སངས་རྒྱས་ཀྱི་རྟེན་མང་པོ་བཞེངས། སྲོང་བཙན་སྒམ་པོ་ཉིད་ཀྱི་ཚིག་ཁེབས་མཚོ་རྫས་སུ་བསྐྱུར། ར་མོ་དཀར་མོས་འཕན་པོ་ནས་ས་འདྲེན་ནས་མཐར་མཚོ་ཁ་བསུབས། འདིར་ཐིག་བཏབ་ནས་རྨང་གཞི་བཏིང་། རྒྱ་གར་གྱི་གཙུག་ལག་ཁང་དཔེ་བྱས་པ་དགྲ་བཟློག་ཆེད། གཙུག་ལག་ཁང་གི་ཤར་སྒོར་རྡོ་ལས་བཟོས་པའི་དབང་ཕྱུག་ཆེན་པོའི་རྟེན་དང་། ལྷོ་ནུབ་དུ་རྡོ་བསྐོར་བྱ་ཁྱུང་། ནུབ་ཏུ་རྡོ་ཡི་མཆོད་རྟེན། བྱང་དུ་རྡོ་ཡི་སེང་གེ་བཅས་པ་ཕྱོགས་མཚམས་སོ་སོར་ཁ་གཏད་ནས་ཡོད། བལ་བཟའ་ནུབ་བལ་ཡུལ་ནས་ཕེབས་པས་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་གཞུང་སྒོ་ནུབ་ཏུ་གཏད། རྒྱ་བཟའ་ཤར་ཕྱོགས་ཙི་ནའི་ཡུལ་ནས་ཕེབས་པས་ར་མོ་ཆེའི་གཙུག་ལག་ཁང་གི་གཞུང་སྒོ་ཤར་དུ་གཏད་ཡོད། ཐོག་མར་ད་ལྟ་ཇོ་བོ་རིན་པོ་ཆེ་བཞུགས་སའི་གཙང་ཁང་ལྟེ་བ་དང་། གཡས་ངོས་ལྷ་ཁང་ནང་འཇིམ་པ་ལས་གྲུབ་པའི་འོད་དཔག་མེད་འཁོར་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། གཡོན་གྱི་ལྷ་ཁང་ནང་བལ་བཟའི་རྟེན་སྐལ་དུ་གྲགས་པའི་ལི་དམར་གྱི་བྱམས་པ་ཆོས་འཁོར་སྒྲོལ་མ་འཇིགས་བརྒྱད་སྐྱོབ་ཀྱིས་བསྐོར་བ། བྱང་ཕྱོགས་ཀྱི་གཙང་ཁང་དབུས་མར་འཇིམ་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་འཁོར་བརྒྱད་ཀྱིས་བསྐོར་བ། ལྷོ་ཕྱོགས་ཀྱི་གཙང་ཁང་དབུས་མར་བལ་བཟའི་རྟེན་སྐལ་དུ་གྲགས་པའི་ལི་མའི་ཇོ་བོ་མི་བསྐྱོད་རྡོ་རྗེ་འཁོར་འཇིམ་སྐུ་བརྒྱད་ཀྱིས་བསྐོར་བ། སེང་ལྡེང་སྒོར་མོའི་ནང་གི་བྱང་ངོས་གནོད་སྦྱིན་ཁང་དུ་འཇིམ་སྐུ་ལྔ། ལྷོ་ངོས་ཀླུ་ཁང་ནང་འཇིམ་སྐུ་གསུམ། ནུབ་ཕྱོགས་བཙན་ཁང་ནང་འཇིམ་པའི་སངས་རྒྱས་རབས་བདུན་བཅས་བསྡོམས་ལྷ་ཁང་བརྒྱད་བཞེངས་པར་གྲགས།
       མི་ལོ་ཆིག་སྟོང་སུམ་བརྒྱ་ཙམ་གྱི་བརྒྱུད་རིམ་ནང་ཉམས་གསོ་ཐེངས་མང་བྱས་པ་བརྒྱུད། ད་ལྟའི་གཙུག་ལག་ཁང་ནི་ཐོག་བརྩེགས་བཞི་ཐོག་དང་རྩེ་མོར་གསེར་གྱི་རྒྱ་ཕིབས་དང་། བྱ་འདབ། མདའ་གཡབ། ཨི་དྲིལ་དྲ་བ། ཡོད་པ་དེ་དག་ལ་རླུང་གིས་བཏབ་ནས་སྒྲ་འཇམ་ཞིང་སྙན་པ་ཡིད་དུ་འོང་བ། ཟུར་རྒྱན་ཆུ་སྲིན་གྱི་ཁ་ལས་ཆུ་བབས་པ། མཐའ་འཁོར་དུ་ཚར་དུ་དངར་བའི་སྤེན་རྒྱན། ཟུར་བཞིར་ལྕོག་བཞི། གསེར་ཟངས་ཀྱི་གན་ཇི་ར་དང་། རྒྱལ་མཚན། གསེར་ཟངས་ཀྱི་གདུགས་སོགས་རྣམ་པར་བཀྲ་བ་ཡོད། ད་དུང་དགེ་འདུན་ཁྲི་ཕྲག་བཞུགས་སའི་ཁྱམས་ར་ཆེ་མོ། གཙུག་ལག་ཁང་གི་འཁོར་དུ་མ་ཎི་ལག་འཁོར་དང་། གཞུང་སྒོ་ནུབ་ཏུ་བསྟན་ཅིང་དེ་མིན་ཤར་དང་ལྷོ་སོ་སོར་སྒོ་ཆེན་རེ་རེ། ཤར་ལྷོ་བྱང་བཅས་པར་གསང་སྒོའི་སྒོ་ཆུང་རེ་ཡང་ཡོད། གཙུག་ལག་ཁང་གི་འདབ་སྦྱར་དུ་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་གཟིམ་ཆུང་དང་། ཤར་ལྷོར་སྔར་གྱི་ལས་ཁུངས་བཞི་ཡོད་པ་སྟེ། ཤར་དུ་ཞི་བ་མཐུན་སྒྱུར་གྱི་ལས་ཐབས་སུ་རྩིས་ཁང་ཕུན་ཚོགས་བཀོད་པའི་ལས་ཁུངས་དང་། ལྷོར་རྒྱལ་ཐབས་ཆབ་སྲིད་ཀྱི་ལས་ཁུངས་བཀའ་ཤག ནུབ་ཏུ་འདོད་རྒུ་དཔལ་འབྱོར་གྱི་ལས་ཁུངས་བླ་བྲང་འཕྲལ་བདེ། བྱང་དུ་དྲག་པོ་ཁྲིམས་ཀྱི་ལས་ཁུངས་བཤེར་ཁང་སོགས་ཡོད། 
       གཙུག་ལག་ཁང་དེའི་རྟེན་གཙོ་བོ་ནི་རྒྱ་བཟའ་འུན་ཤིང་ཀོང་ཇོས་རྟེན་སྐལ་དུ་གདན་དྲངས་པའི་སངས་རྒྱས་ཉིད་ཀྱིས་རབ་གནས་མཛད་པའི་ཇོ་བོ་ཤཱཀྱ་མུ་ནེ་དགུང་གྲངས་བཅུ་གཉིས་ཀྱི་སྐུ་ཚད། སངས་རྒྱས་ཆོས་ལུགས་ཀྱི་བཞེད་སྲོལ་དུ། དང་པོ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་དེ་རྒྱ་གར་ལ་ལོ་མང་བཞུགས། དེ་ནས་ཀླུ་ཡུལ་དུ་ལོ་མང་བཞུགས་པ་སླར་ཡང་རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྟེན་དུ་ལོ་མང་བཞུགས་ནས་ཕྱིས་རྒྱ་ནག་ཏུ་གདན་འདྲེན་ཞུས། དེ་ནས་བོད་རྗེ་སྲོང་བཙན་སྒམ་པོས་དུས་རབས་བདུན་པའི་ནང་ཐང་རྒྱལ་རབས་ཀྱི་སྲས་མོ་འུན་ཤིང་ཀོང་ཇོ་བག་མར་བསུ་སྐབས་སུ་བུ་མོའི་རྟེན་སྐལ་དུ་ལམ་བར་དཀའ་བ་དུ་མ་སྤྱད་དེ་བོད་དུ་བསྣམས་ཕེབས་པར་གྲགས། ཇོ་བོ་ཐོག་མར་བཞུགས་ཡུལ་ར་མོ་ཆེ་གཙུག་ལག་ཁང་ཡིན། རྒྱལ་པོ་སྲོང་བཙན་སྒམ་པོ་འདས་རྗེས་རྒྱ་བཟའ་ཀོང་ཇོའི་ཐུགས་འདོད་བཞིན་ཇོ་ཤཱཀ་རྣམ་གཉིས་ཀྱི་ཞུགས་ཡུལ་བརྗེ་བོ་བརྒྱབ། རྒྱལ་ཁབ་ཕྱི་ནང་གི་སངས་རྒྱས་ཆོས་ལུགས་པ་ཚོས་ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེ་ཞེས་བྱིན་རླབས་ཤིན་ཏུ་ཆེ་བར་བརྩི། ལྷག་པར་དད་ལྡན་པ་རྣམས་ཀྱིས་ཇོ་བོ་མཇལ་མ་ཐག་དད་པའི་སྤུ་ལོང་གཡོ་ཞིང་རྩེ་གཅིག་གིས་ཐོད་པ་གཏུགས་ཏེ། རང་རང་གིས་ཐེག་པའི་སེམས་བསྐྱེད་དང་བསྟུན་སྨོན་ལམ་གང་ལ་གང་འཚམས་འདེབས་པ་དང་། རང་རང་གི་ལོངས་སྤྱོད་ཅི་འབྱོར་དང་ཇོ་ཤཱཀ་སྤྱན་སྔར་མཆོད་ཅིང་སྤྲོ་བ་བྱས་ནས་ཞོགས་པ་ཉི་མ་མ་ཤར་གོང་དུ་ཇོ་བོའི་ཞབས་པུས་ཕན་ཚུན་དུ་རང་གི་མགོ་གཏུགས་ཏེ་སྨོན་ལམ་བཏབ་ན། ཆོས་ཉིད་འགྱུར་བ་མེད་པའི་སྨོན་ལམ་རང་གི་བདེན་སྟོབས་དང་། སངས་རྒྱས་དངོས་དང་མཚུངས་པའི་ཇོ་བོ་བཀའ་དྲིན་ཅན་གྱི་ཐུགས་རྗེ་དང་། ཇོ་བོའི་སྐུའི་གཡས་གཡོན་དུ་ནོར་བུ་ཏན་ན་བདེ་བ་དང་སྟག་ཤ་བདེ་བ་ཞེས་བྱ་བ་གཉིས་ཡོད་པས། དེ་ཉིད་ཞག་རེ་ལ་ཇོ་བོའི་སྐུ་ལ་ལན་རེ་འཁོར་ཞིང་གོང་དུ་དུས་དང་ཞབས་པུས་ཕན་ཚུན་དུ་འཁོར་བའི་ནོར་བུ་དེ་ཉིད་ཀྱི་སྨོན་ལམ་གསུམ་འཛོམས་སུ་གྲགས་པས་ཇི་ལྟར་སྨོན་པའི་དོན་ཐམས་ཅད་ངེས་པར་གྲུབ་ཅེས་བརྗོད་སྲོལ་ཡོད། དེ་མིན་སྲོང་བཙན་སྒམ་པོའི་ཐུགས་དམ་ཀྱི་རྟེན་དུ་བསྣམས་ཕེབས་པའི་བྱམས་པ་ཆོས་འཁོར། དེ་བཞིན་ལི་མ་དང་། གསེར་ཟངས། འཇིམ་པ་སོགས་ཀྱི་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་ཏིལ་གྱི་གང་བུ་ལྟར་བཞུགས་ཡོད། གཙུག་ལག་ཁང་དེར་ལོ་རྒྱུས་ཐོག་དར་རྒུད་དང་ཉམས་གསོ་ཐེངས་མང་གནང་བའི་སྐོར་ཤིན་ཏུ་མང་། སྤྱི་ལོའི་དུས་རབས་བརྒྱད་པའི་མཇུག་ལ་བོད་བཙན་པོའི་རྒྱལ་རབས་ཞེ་གཅིག་པ། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་ཞེས་པའི་སྐབས་དེར། བོད་ཀྱི་སངས་རྒྱས་ཆོས་ལུགས་དར་རྒྱས་ཆེ་བའི་སྐབས་ཡིན་ལ། ཉམས་པའི་ཉེན་ཁའི་ཕྱོགས་སུ་འགྲོ་བ་ཡང་ཡིན་ནོ། དར་བ་ནི་བོད་རྒྱལ་ཉིད་ཀྱིས་དགེ་འདུན་ལ་ཚད་ལས་འདས་པར་བཀུར་སྟི་གནང་བ་སྟེ། དབུ་ཐོད་ཀྱི་རལ་པར་དར་སྣ་མཐུད་དེ་དགེ་འདུན་གྱི་གདན་དུ་བཏིང་བ་དང་། རབ་ཏུ་བྱུང་བ་རྣམས་ལ་ས་ཞིང་དང་། ནོར་ཕྱུགས་སོགས་གནང་བ་མ་ཟད་རབ་ཏུ་བྱུང་བ་རེ་རེ་ལ་འབངས་ཁྱིམ་བདུན་གྱིས་འཚོ་དགོས་པ་དང་། དགེ་འདུན་ལ་མིག་ངན་བལྟས་པ་སོགས་བྱུང་ཚེ་དབང་པོ་གཅོད་འབྲེག་སོགས་ཀྱི་ཁྲིམས་ནན་པོ་བཅད་པ་དང་། སྔར་ཡབ་མེས་ལྷ་ཁང་རྣམས་ཉམས་གསོ་དང་། བོད་ཀྱི་བཟོ་བོ་ཡོད་པའི་ཁར་མཐའི་རྒྱལ་ཁབ་ནས་བཟོ་བོ་མཁས་པ་མང་པོ་བཀུག་སྟེ། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་གསར་དུ་བཞེངས། ཉམས་རྒུད་དུ་འགྲོ་བ་ནི་གོང་གསལ་གནས་ཚུལ་གྱིས་རྐྱེན་པས་བློན་པོ་དང་བཙུན་མོ་ཁག་གཅིག་ལ་ཉེས་ཁྲིམས་ཕོག་པའི་འཁོན་འཛིན་ཆེན་པོས་དམིགས་བསལ་གྱི་དབང་ཆ་སྤྱད་པ་བློ་ལ་མི་བབས་པར་འཁོན་འཛིན་ཆེན་པོས་གླེང་ཕྱོགས་སྣ་ཚོགས་བཟོས། མོ་བ་ལ་བརྔན་པ་བློ་འཚིམ་པ་བྱིན་ནས་རྒྱལ་བོའི་བཙུན་མོ་དཔལ་གྱིས་ངང་ཚུལ་མ་དང་བློན་པོ་ཆེན་པོ་བྲན་ཀ་དཔལ་ཡོན་གཉིས་ལྐོག་ཏུ་ཉལ་བཤམས་སོ་ཞེས་མ་ཉེས་ཁ་གཡོགས་ཀྱི་གླེང་གཞི་བཟོས་པ་མ་ཟད། བློན་བྲན་ཀ་དཔལ་ཡོན་འཇོན་ཐང་ཆེ་བས་སྔོན་ལ་མེད་པ་བཟོ་རྒྱུའི་ངན་བཤམས། བཙུན་མོ་ངང་ཚུལ་མ་ཤིན་ཏུ་སྡུག་བསྔལ་དང་ངོ་ཚས་མི་བཟོད་པར་གཙུག་ལག་ཁང་གི་ཡང་ཐོག་ནས་མཆོངས་ཏེ་ལྕེབས། བློན་བྲན་ཀ་དཔལ་ཡོན་བྲོས་ཀྱང་མ་ཐར་བར་ལྷ་སའི་སྐྱིད་ཆུའི་ལྷོ་རྒྱུད་གསང་ཕུ་ནས་ཚོར་ཏེ་དམར་གསོད་བྱས། རྒྱལ་བོ་སྡུག་བསྔལ་དང་ཐུགས་འཁྲུག་ནས་ཡོད་པའི་གོ་སྐབས་དང་བསྟུན་ནས་དུག་ཆང་གསོལ་ཏེ་ཞལ་ལྟག་པར་གཅུས་ཏེ་བཀྲོངས། སྲིད་དབང་གླང་དར་གྱིས་བཟུང་། སད་དང་ནད་ཡམས་བྱུང་བས་ཆོས་བྱས་པ་བཀྲ་མ་ཤིས་ཟེར་བསྙད་བཏགས་ནས་ཆོས་བསྣུབས། སྐབས་དེར་ཟང་ཟིང་ཆེ་བས་དགེ་འདུན་དུ་མ་མཐའ་ལ་བྲོས། གླང་དར་རང་ཡང་ལྷ་ལུང་དཔལ་གྱི་རྡོ་རྗེས་མདའ་འཕངས་ནས་གཙུག་ལག་ཁང་གི་མདུན་དུ་བཀྲོངས། དེ་ནས་མི་རིང་བར་འབངས་གྱེན་ལོག་བྱུང་། བོད་སིལ་བུར་གྱུར། ལྷ་ས་གཙུག་ལག་ཁང་དང་བསམ་ཡས་གཙུག་ལག་ཁང་གཉིས་ལ་བཤས་ར་བྱས་པ་སོགས་ཉམས་རྒུད་ཆེན་པོ་བྱུང་བར་གྲགས་སོ།
          བསྟན་པ་ཕྱི་དར་སྐབས་བོད་རབ་བྱུང་དང་པོའི་མེ་འབྲུག་སྤྱི་ལོ་༡༠༧༦ལོའི་ཡམ་མས་སུ་མངའ་རིས་ཟངས་དཀར་གྱི་སྒྲ་སྒྱུར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་མདོལ་ཆུང་སྐོར་དཔོན་བྱ་བ་དང་མཉམ་དུ་གཙུག་ལག་ཁང་དེར་ཉམས་གསོ་གནང་བར་གསལ། ཡང་སྔར་གཙུག་ལག་ཁང་དེའི་རྒྱ་ཕིབས་རྫ་གཡམ་ཡིན་པས་རྗེས་མངའ་རིས་གུ་གེའི་རྒྱལ་བོ་རིའུ་སྨལ་གྱིས་ཇོ་བོ་ཤཱཀྱ་མུ་ནེ་བཞུགས་པའི་ལྷ་ཁང་གི་ཡང་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་ཐོག་མར་ཕུབ་བར་གྲགས། རྗེ་སྒམ་པོ་ཚུལ་ཁྲིམས་སྙིང་པོས་སྤྱི་ལོ་༡༡༦ལོར་ཁྱམས་ར་བར་བསྐོར་བ་སོགས་ཀྱི་ཐོག་རྩིག་པ་རི་མོ་སོགས་ཞིག་གསོ་གནང་བར་འཁོད། བོད་རབ་བྱུང་གསུམ་པའི་ཤིང་ལུག་སྤྱི་ལོ་༡༡༧༥ལོར་གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པས་བདག་གཉེར་དང་གཙུག་ལག་ཁང་གཉིས་སུ་དཀོར་གཉེར་མངགས་གཏོང་མཛད་པ་སོགས་གསལ། དེ་ནས་ཡོན་རྒྱལ་རབས་སྐབས་ཚལ་པ་ཁྲི་དཔོན་རིམ་ཅན་གྱིས་གཙུག་ལག་ཁང་ཉམས་གསོ་དང་ལྷག་པར་མིང་རྒྱལ་རབས་ཁྲི་ལོ་ཧུང་ཝུ་པའི་དུས་དཀྱིལ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གིས་སྐབས་དེའི་བོད་ཀྱི་དབང་འཛིན་སྡེ་སྲིད་ཕག་མོ་གྲུ་པར་ཞུ་སྐུལ་གྱིས་གཙུག་ལག་ཁང་དེར་ཉམས་གསོ་གཞི་རྒྱ་ཆེ་ཙམ་གནང་བ་དང་སྦྲགས་བོད་རབ་བྱུང་བདུན་པའི་ས་གླང་སྤྱི་ལོ་༡༤༠༩ལོར་ལྷ་ས་གཙུག་ལག་ཁང་གི་ཤཱཀྱ་མུ་ནེར་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་གསེར་གྱི་དཔྲོག་ཞུ་ཐོག་མར་གསོལ་ནས་ཇོ་བོ་ཤཱཀྱ་མུ་ནེ་ཞེས་སྙན་པའི་མཚན་གྱི་བ་དན་ས་གསུམ་ན་འཕྱར། ལོ་དེར་རང་གི་བོད་ཟླ་དང་པོར་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་འཇམ་མགོན་རྒྱལ་བ་གཉིས་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་གནས་པ། དེ་འཛིན་བསྟན་པའི་སྲོག་ཟུངས་ཆེན་པོ་གང་ས་ན་བཞུགས་པ་རྣམས་གདུལ་བྱའི་དོན་དུ་བསྐལ་པ་རབ་འབྱམས་ཞིང་གི་དུས་སྙེད་དུ་འཚོ་ཞིང་བཞེས་པ། མཐའ་དབུས་ཀྱི་སྐྱེ་རྒུ་མཐའ་དག་གནས་སྐབས་རྫོགས་ལྡན་ཕན་བདེའི་དགའ་སྟོན་ལ་ལོངས་སྤྱོད་ཅིང་། རིང་བོར་མི་ཐོགས་པར་བྱང་ཆུབ་སྙིང་བོའི་གོ་འཕང་ལ་བདེ་བླག་ཏུ་རེག་པར་འགྱུར་བ་བཅས་གཙོ་བོར་འཛིན་པའི་ལྷ་སའི་སྨོན་ལམ་ཆེན་མོ་དང་། བཅོ་ལྔ་མཆོད་པ་ཞེས་དགེ་འདུན་ཁྲི་ཕྲག་གིས་མཆོད་པ་འབུལ་བའི་སྲོལ་གཏོད་མཛད། གཙུག་ལག་ཁང་གི་ཤར་བྱང་གཡུང་དྲུང་ཁུག་ཏུ་རྡོ་སྐས་ཀྱི་མགོར་རྗེ་ཙོང་ཁ་བའི་སྐུ་ང་འདྲ་མ་གསར་བཞེངས་མཛད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བས་ཆོས་སྲིད་གཉིས་ལྡན་གྱི་སྲིད་དབང་བཟུང་སྐབས་གཙུག་ལག་ཁང་དེར་གཞི་རྒྱ་ཆེ་བའི་ཉམས་གསོ་གནང་། དེ་ཡང་ཐོག་མར་བོད་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ་༡༦༩༢ལོ་ནས་རབ་བྱུང་བཅུ་གཅིག་པའི་ཤིང་བྱ་སྤྱི་ལོ་༡༦༩༥ལོའི་བར་གཙུག་ལག་ཁང་གི་ཁྱམས་ར་ཆེན་མོ་དང་། གཞུང་སྒོ་ཕྱི་མའི་སྒོ་མཆོར་སོགས་རྒྱས་སྐྲུན་མཛད་པ་མ་ཟད་ལོ་དེ་རང་ལ་《ལྷ་ལྡན་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང་》ཞེས་བྱ་བ་གསར་རྩོམ་མཛད། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་སྐབས་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་བཀོད་འདོམས་མཛད་དེ་གཞི་རྒྱ་ཆེ་བའི་ཨར་སྐྲུན་གནང་བ་སོགས་འཁོད་ཡོད་པ་དང་། རྗེས་སུ་མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་དང་བཅུ་གསུམ་པ་བཅས་ཀྱིས་གང་ས་ཅི་ཐད་ནས་ཉམས་གསོ་གནང་བ་སོགས་འཁོད་འདུག
        མི་ལོ་ཆིག་སྟོང་གསུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པའི་གཙུག་ལག་ཁང་དེའི་རྩིག་པ་གས་སྐྱོན་དང་། ཤིང་ཆ་འབུས་ཟོས་པ་དང་། རུལ་བ། ཀ་རིང་དང་ཀ་གདུང་སོགས་ཉེན་ཚབས་ཆེ་བ་སྨོས་ཅི། ལྷག་པར་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་ནང་གཏོར་སྐྱོན་ཚབས་ཆེན་ཕོག་ནས་སྐུ་གསུང་ཐུགས་རྟེན་ཕལ་མོ་ཆེ་གཏོར་སྐྱོན་དང་བོར་བརླག་སོང་། རྗེས་སུ་སྲིད་ཇུས་ཇེ་ལེགས་སུ་སོང་སན་རྒྱལ་ཁབ་ཀྱི་ཐུགས་ཁུར་གཟབ་བཞེས་ཀྱིས་འགྲོ་གྲོན་སྒོར་ཁྲི་ཕྲག་དུ་མ་བཏང་ནས་ལས་བྱེད་འགན་འཁུར་མི་སྣ་དང་། ཆོས་ལུགས་མི་སྣ། ལག་རྩལ་མི་སྣ་བཅས་ཀྱི་དཀའ་སྤྱད་འོག་ཉམས་གསོ་ཇེ་ལེགས་བྱུང་ནས། ད་ཆ་གཙུག་ལག་ཁང་དེ་ལྷ་ས་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་བརྗིད་ཆགས་ཤིང་གསེར་འོད་ཆེམ་མེར་གནས་ཡོད་ཅིང་། དད་ལྡན་རྣམས་ཀྱི་ཕྱག་དང་མཆོད་འབུལ་ཞུ་ཡུལ་གཙོ་བོ་དང་། རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་གནང་ཡུལ། ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱི་མེད་དུ་མི་རུང་བའི་གལ་འགངས་ཆེ་བའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཡིན་ནོ། 
         བོད་ཀྱི་ས་དབྱིབས་སྲིན་མོ་གན་རྐྱལ་དུ་བསྡད་པ་ལྟ་བུ་ཡོད་པ་དེར་མཐའ་འདུལ་དུ་ལྷ་ཁང་བཏབ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yr6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41584778
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1