ཁོར་ཡུག་སྲུང་སྐྱོབ་རྒྱུན་ཤེས། ༼ ལེའུ་གསུམ་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» ཁོར་ཡུག་སྲུང་སྐྱོབ། »ཁོར་ཡུག་སྲུང་སྐྱོབ་རྒྱུན་ཤེས། ༼ ལེའུ་གསུམ་པ།
ཁོར་ཡུག་སྲུང་སྐྱོབ་རྒྱུན་ཤེས། ༼ ལེའུ་གསུམ་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/4ལྟ་ཀློག (3313)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

མཇུག་མཐའི་ཡུལ་ལྗོངས་གཙང་མའི་རེ་འབོད་སྐྱེ་བ་ལྔ་པའི་གཤོག་སྒྲ།

——ཁྲིམས་འགལ་གཏེར་སྔོག་ལ་གདོང་གཏད་ཀྱི་ཁྲིམས་ལུགས་ཤེས་བྱའི་ཀློག་དེབ། 

མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྷན་ཚོགས།

 

ལེའུ་གསུམ་པ། ང་ཚོར་ཕ་གཞིས་སྲུང་བའི་དབང་ཆ་ཡོད།

ཁྲིམས་ལྟར་ལྟ་སྐུལ་གྱི་དབང་ཆ་བེད་སྤྱོད་དགོས།





ཅི་ཞིག་ལ་ཁྲིམས་ལུགས་ཟེར།
ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། ཁྲིམས་ཞེས་བྱ་བ་ཕྱོགས་ལྷུང་མེད། །དྲང་པོ་གནམ་གྱི་ཐིག་ཡིན་པས། །ལས་འབྲས་མངོན་སུམ་སྟོན་པ་དང། །འདྲ་ཕྱིར་སུས་ཀྱང་བསྒྱུར་དུ་མེད། །འགལ་ན་རྒྱལ་པོའི་བུ་ཡང་ཕམ། །བསྲུངས་ན་
གྲོང་གི་དབུལ་པོ་རྒྱལ། །ཞེས་པ་སྔོན་གྱི་ལུགས་གཉིས་ཀྱི་མཁས་དབང་རྣམས་ཀྱིས་བོད་ཀྱི་ཁྲིམས་ལུགས་ལ་བརྟག་དཔྱད་བྱས་པའི་སྡོམ་འབྲས་ཡིན། དེས་ཁྲིམས་ཟེར་བ་ཕྱོགས་ལྷུང་མེད་པ་དབང་ཤུགས་གང་གིས་ཀྱང་བསྒྱུར་དུ་མེད་པ་དཔོན་འབངས་དང་དབུལ་ཕྱུག་འདྲ་མཉམ་ཡིན་པ་དང་། དེ་འདྲའི་ཁྲིམས་དེ་ལྷ་ཆོས་དང་མཐུན་པ་ལས་རྒྱུ་འབྲས་ཀྱི་རྣམ་བཞག་མངོན་སུམ་དུ་སྟོན་པ་ཞིག་ལ་ཟེར།ཁྲིམས་ལ་བསམ་སྦྱོར་གཉིས་ཀར་ཚོད་འཛིན་བྱེད་པའི་ཆོས་ཁྲིམས་དང་། སྦྱོར་བ་ཁོ་ནར་ཚོད་འཛིན་བྱེད་པའི་འཇིག་རྟེན་གྱི་ཁྲིམས་གཉིས་ཡོད་དེ། དེ་ལ་ཆོས་ཁྲིམས་ལྟ་བུ་ནི་ལུས་ངག་ཡིད་གསུམ་གྱི་མི་གཙང་བ་རྣམས་ཚོད་འཛིན་དང་བཀག་སྡོམ་བྱེད་པ་དང་།འཇིག་རྟེན་གྱི་ཆོས་ནི་གཙོ་བོ་ལུས་ངག་གི་སྤྱོད་སྟངས་བཀག་སྡོམ་བྱེད་པའི་ལུགས་སྲོལ་ཡིན། དེ་ལའང་ནང་གསེས་སུ་ཆེ་ས་ནས་རྒྱལ་སྤྱིའི་ཁྲིམས་དང་རྒྱལ་ཁྲིམས། ཆུང་ས་ནས་ཚོ་བའམ་སྡེ་བའི་སྲོལ་ཡིག་དང་ལས་ཁུངས་སོ་སོའི་སྒྲིག་ལམ། ཐ་ན་ཁྱིམ་དང་དུད་ཚང་གི་ཁྲིམས་ཀྱང་ཡོད་པ་རེད། དེ་ལ་མིང་གི་བརྗོད་སྟངས་ལ་ཆོས་དང་། སྲོལ། ལུགས། སྒྲིག་ལམ། ཆིངས་ཡིག ཞལ་ལྕེ་སོགས་ཡོད་དོ། །





ཤེས་བྱའི་སྒྲོམ་བུ།

མི་ཆོས་གཙང་མ་བཅུ་དྲུག །
དཀོན་མཆོག་སྐྱབས་བཟུང་དད་ཅིང་གུས་པས་མཆོད། །ཕ་དང་མ་ལ་དྲིན་གཟོ་བཀུར་སྟི་བྱ། །དྲིན་ཅན་ཡིད་མི་གཅོད་ཅིང་བཟང་ལན་འཇལ། །རྒན་རབས་རྣམས་ལ་མི་རྒོལ་སྨྲས་ན་ཉན། །ལས་སྤྱོད་ཐམས་ཅད་ཡ་རབས་རྗེས་སུ་འབྲང་། །ཆོས་དང་ཡི་གེ་བློར་འཇུག་དོན་ཤེས་བྱ། །རྒྱུ་འབྲས་ཡིད་ཆེས་སྡིག་པའི་ལས་ལ་འཛེམ། །གཞན་ལ་བསམ་ངན་མི་བྱ་ཕན་པ་གདགས། །ཅི་བྱེད་རང་སེམས་དཔང་བཞག་དྲང་པོར་བྱ། །ཟས་དང་ཆང་ལ་ཚོད་ཟིན་ཁྲེལ་འཛིན་བྱེད། །སྐྱིན་པ་བུ་ལོན་ལ་སོགས་དུས་སུ་གཞལ། །བྲེ་སྲང་སོགས་ལ་གཡོ་ཟོལ་སྤང་བར་བྱ། །མ་བཅོལ་ལས་ལ་དོན་མེད་ཁ་གཏོགས་སྤང་། །རང་ཚུགས་བཟུང་ནས་བསྒྱུར་ཁ་ལྕི་བར་བྱ། །མནའ་དང་དམ་བཞག་སྲོག་ལྟར་གཅེས་པར་འཛིན། །

འདིར་སྐབས་སུ་བབས་པ་ལ་ལྟ་སྐུལ་དང་ཁེ་དབང་འགན་སྲུང་གི་ཐད་ནས་གོ་བ་བླངས་ན། ཁྲིམས་ལུགས་ནི་དབང་འཛིན་པའི་དབང་ཆ་ཚོད་འཛིན་བྱེད་ཕྱིར་དར་བ་དང་། དམངས་གཙོ་ཡིས་དབང་ཆ་ལ་བཅས་མཚམས་འཇོག་པའམ་དབང་ཆ་བགོ་བཤའ་བྱེད་པའིལམ་ལུགས་དང་དབང་ཆ་འཁོར་བསྐྱོད་བྱེད་པ་ལ་ལྟ་སྐུལ་བྱེད་པའི་ལམ་ལུགས་ལ་གོ་དགོས་སོ། །དེའང་མར་ཁཱེ་སེའི་རིང་ལུགས་ལྟར་ན། ཁྲིམས་ལུགས་ནི་རྒྱལ་ཁབ་ཅིག་ལ་མེད་དུ་མི་རུང་པའི་གྲུབ་ཆ་བཞིའི་ནང་གི་ཡལ་གྱ་ཞིག་ཡིན་པས། ཐོག་མར་རྒྱལ་ཁབ་ཅིག་འཛུགས་ཚེ་རྒྱལ་ཁབ་དེའི་ངོ་བོ་དང་རང་བཞིན་ཏེ། རྒྱལ་ཁབ་ཀྱི་དབང་ཆ་སུ་ལ་འཐོབ་པ་དང་། དབང་ཆ་བེད་སྤྱོད་ཇི་ལྟར་བྱ་བ་དང་། དབང་ཆ་ལ་ལྟ་སྐུལ་ཇི་ལྟར་བྱ་བ། རྒྱལ་ཁབ་ནང་ནས་སྤྱི་དམངས་ཀྱི་ཐོབ་ཐང་དང་ཁེ་དབང་སོགས་རྩ་བའི་ལམ་ལུགས་གཏན་ཁེལ་པའི་ཁྲིམས་ལུགས་ལ་རྩ་ཁྲིམས་དང་། རྩ་ཁྲིམས་དེ་གཞིར་བྱས་ནས་བྱེ་བྲག་སྤྱི་ཚོགས་ཕྱོགས་ངེས་ཅན་ཞིག་གི་ལམ་ལུགས་གཏན་དུ་ཕབ་པའི་ཁྲིམས་ལུགས་ལ་བཅའ་ཁྲིམས་ཟེར། དཔེར་ན་བསམ་བཞིན་དུ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གཏོར་
བཤིག་དང་། སྤྱི་དམངས་ཀྱི་ལུས་སྲོག་དང་རྒྱུ་ནོར་གྱི་ཁེ་དབང་ལ་གནོད་འཚེ་བཏང་བ་སོགས་ལ་ཉེས་དོན་ཀྱི་བཅའ་ཁྲིམས་དང་། སྤྱི་དམངས་བར་དང་སྤྱི་དམངས་དང་རྩ་འཛུགས་བར་སྤྱི་བཏང་གི་འགལ་ཟླ་དང་རྩོད་གླེང་སོགས་ལ་དམངས་དོན་གྱི་བཅའ་ཁྲིམས་དང་། སྲིད་གཞུང་གིས་སྲིད་གཉེར་བའི་ཐད་ལ་སྲིད་དོན་གྱི་བཅའ་ཁྲིམས་དང་། གཞན་ཡང་གྱོད་གཏུག་ལུགས་ལ་གོ་རིམ་མམ་གཏུག་བཤེར་གྱི་བཅའ་ཁྲིམས་ལྟ་བུའོ། །
    བཅའ་ཁྲིམས་ཀྱི་ནང་དོན་རྣམས་རྩ་ཁྲིམས་ཀྱི་ལམ་ལུགས་དང་རྩ་དོན་ལ་གཏན་ནས་འགལ་མི་ཆོག་སྟེ། རྩ་ཁྲིམས་ཀྱིས་བཀག་པར་བཅའ་ཁྲིམས་ཀྱི་གནང་བའམ། ཡང་ན་རྩ་ཁྲིམས་ཀྱིས་གནང་བ་ལ་བཅའ་ཁྲིམས་ཀྱིས་བཀག་པ་སོགས་
གཏན་ནས་འབྱུང་མི་ཆོག་ཅིང་། བྱུང་ན་རྩ་ཁྲིམས་དང་འགལ་བ་ཡིན་པས་བཅའ་ཁྲིམས་ཀྱི་གོ་ཆོད་དང་ནུས་པ་མེད། དེ་གཉིས་ཤིང་སྡོང་གི་རྩ་བ་དང་ཡན་ལག་ལྟར་ཆགས་པས། རྩ་བ་མེད་ན་དེར་བརྟེན་གྱི་ཡན་ལག་མི་འབྱུང་བ་མཐོང་ཆོས་སོ། །


དང་པོ། ལྟ་སྐུལ་དབང་ཆ་དང་ལྟ་སྐུལ་གྱི་སྒྲིག་གཞི།
ཁྲིམས་ལུགས་ནི་ཁེ་དབང་དང་འོས་འགན་ཟུང་ལྡན་གྱི་ལུགས་སྲོལ་ཞིག་སྟེ། འཇིག་རྟེན་འདིར་ཁེ་དབང་ཁོ་ན་དང་ཡང་ན་འོས་འགན་གཅིག་པུ་ལས་མེད་པའི་ཁྲིམས་ལུགས་ཤིག་གཏན་ནས་མཐོང་ཐོས་མེད། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བཏོན་པའི་སྤྱི་དམངས་ཀྱི་དབང་ཆ་མང་པོའི་ནང་ནས་ལྟ་སྐུལ་དབང་ཆ་ནི་མི་རྣམས་ཀྱིས་རྒྱུན་དུ་སྣང་མེད་དམ་བཏང་སྙོམས་སུ་བཞག་པའི་ཤིན་ཏུ་གལ་ཆེ་བའི་རྩ་ཁྲིམས་ཀྱི་དབང་ཆ་ཞིག་རེད། ཅི་ཕྱིར་ཞེ་ན། ལྟ་སྐུལ་དབང་ཆ་ནི་སྤྱི་དམངས་ཀྱིས་རྒྱལ་ཁབ་བདག་གཉེར་བྱེད་པའི་བརྒྱུད་རིམ་དང་བྱེད་ཐབས་གོ་ཆོད་ཡིན་པ་མ་ཟད། ལྟ་སྐུལ་དབང་ཆ་ནི་སྤྱི་དམངས་ཀྱི་དབང་ཆ་གཞན་དག་ལ་འགལ་རྐྱེན་མི་འབྱུང་བའི་འགན་སྲུང་ནུས་ལྡན་ཞིག་ཀྱང་ཡིན་ལ། ཁྱད་པར་དུ་སྤྱི་དམངས་ཀྱི་ལྟ་སྐུལ་ནི་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པ་གཞན་གྱི་ལྟ་སྐུལ་(དམངས་ཆེན་གྱི་ལྟ་སྐུལ། ཞིབ་དཔྱོད་ཁང་གི་ལྟ་སྐུལ། ཁྲིམས་འཛིན་ལྟ་སྐུལ། གླེང་ཕྱོགས་ལྟ་སྐུལ། སྲིད་འཛིན་ལས་ཁུངས་ནང་གི་ལྟ་སྐུལ་སོགས།)མ་ལག་བསྐོར་ཐུབ་པའི་སྒུལ་ཤུགས་སམ་གསེར་གྱི་ལྡེ་མིག་ལྟ་བུ་ཡིན། དེར་མ་ཟད། རྩ་ཁྲིམས་ལེའུ་གསུམ་པར་རྒྱལ་ཁབ་
ལས་ཁུངས་སོ་སོའི་ཆགས་ཚུལ་དེ་ཡང་མཐར་གཏུག་ན་ལྟ་སྐུལ་གྱི་སྒྲིག་གཞི་ཞིག་ཡིན་ཏེ། དཔེར་ན་མི་དམངས་འཐུས་མི་ཚོགས་ཆེན་གྱིས་སྲིད་གཞུང་དང་ཁྲིམས་ཁང་དང་ཞིང་དཔྱོད་ཁང་ལ་ལྟ་སྐུལ་དང་། ཞིབ་དཔྱོད་ཁང་གིས་སྲིད་གཞུང་དང་ཁྲིམས་ཁང་ལྟ་སྐུལ་དང་། ཁྲིམས་ཁང་གིས་སྲིད་གཞུང་ལ་ལྟ་སྐུལ་བཅས་ལྟ་བུ་དང་། གཞན་ཡང་ལས་ཁུངས་རིགས་འདྲ་སོ་སོའི་གོང་མས་གོང་མར་དང་འོག་མས་འོག་མར་རིམ་གྱིས་ལྟ་སྐུལ་གྱི་འབྲེལ་བས་ཆགས་ཡོད། དེ་འདྲའི་ལྟ་སྐུལ་གྱི་སྒྲིག་གཞིའམ་མ་ལག་དེ་འཁོར་སྐྱོད་དགོས་ན་སྤྱི་དམངས་ཀྱི་ལྟ་སྐུལ་ནི་འཕྲུལ་བགྲོད་རིགས་ཀྱི་མཱ་དཱ་ལྟ་བུ་གྱུར་འདུག་པས་། དེ་བས་སྤྱི་དམངས་ཀྱི་ལྟ་སྐུལ་དབང་ཆ་འདི་དབང་ཆ་སྟེང་གི་དབང་ཆ་དང་། དབང་ཆ་ཁ་ལོ་བསྒྱུར་བྱེད་ཀྱི་དབང་ཆ་ཞེས་འབོད་སྲོལ་ཡོད། མཐར་གཏུག་ནས་བཤད་ན་ལྟ་སྐུལ་ཟེར་བ་ནི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་རང་གི་རྒྱལ་ཁབ་གཉེར་སྐྱོང་བྱེད་པའི་དབང་ཆ་བེད་སྤྱོད་བྱེད་ཐབས་གལ་ཆེན་ཞིག་ཡིན།

གཉིས་པ།
ལྟ་སྐུལ་གྱི་རྨང་གཞི་ནི་དབང་ཆ་དང་། ཕུགས་གཏུག་ས་ནི་ཁྲིམས་ལུགས་དང་། ལྟ་སྐུལ་བྱེད་མཁན་ནི་མི་དམངས་ཡིན།ལྟ་སྐུལ་གྱི་གཞི་རྩ་ནི་དབང་ཆ་ཡིན། རྩ་ཁྲིམས་དོན་ཚན་གཉིས་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཡོངས་རྫོགས་མི་དམངས་ལ་དབང་། དོན་ཚན་གསུམ་པའི་ཚན་པ་གཉིས་པར་རྒྱལ་ཡོང་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚང་མ་དམངས་གཙོས་འདེམ་བསྐོ་བྱེད་པ་དང་། མི་དམངས་ལ་འགན་ཁུར་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས། འདི་ནི་རྒྱལ་ཁབ་ཀྱི་དབང་ཆའི་འབྱུང་ཁུངས་དང་དབང་ཆ་དེ་ལ་ལྟ་སྐུལ་དགོས་པར་རྩ་ཁྲིམས་ཀྱི་གཞི་རྩའི་གཏན་ཁེལ་ཡིན་ལ། དེས་རྒྱལ་ཁབ་དབང་ཆ་ཡི་མི་དམངས་རང་བཞིན་མངོན་ཡོད་ལ། མི་དམངས་ཚོགས་པ་ལས་རྒྱལ་ཁབ་དང་། རྒྱལ་ཁབ་ཀྱི་དབང་ཆ་མི་དམངས་ལས་བྱུང་བ་དང་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་ཚབ་བྱས་པས། མི་དམངས་ལ་འགན་ཁུར་དགོས་པ་དང་མི་དམངས་ཀྱི་ལྟ་སྐུལ་དང་དུ་ལེན་དགོས། དེ་བས་རྒྱལ་ཁབ་ལས་ཁུངས་ཀྱི་དབང་ཆ་ཚང་མ་མི་དམངས་ཀྱིས་གནང་བ་དང་མངགས་བཅོལ་ལས་བྱུང་བས། ལས་ཁུངས་སོ་སོ་དང་དེའི་ལས་བྱེད་པས་མི་དམངས་ཀྱིས་མངགས་བཅོལ་ལྟར་རྒྱལ་ཁབ་བྱ་བཞག་འཛིན་སྐྱོང་བྱ་དགོས། རྩ་ཁྲིམས་ཀྱིས་བཏོན་པའི་དབང་ཆ་གས་བགོ་ལམ་ལུགས་དེ་ཤེས་ནས། སྤྱི་དམངས་ཡོངས་ཀྱིས་རྒྱལ་ཁབ་རང་ཁྱིམ་དུ་བརྩིས་ཏེ་ཁྱིམ་བདག་གི་ཉམས་ཚུགས་ཀྱིས་རང་འགུལ་ངང་རྒྱལ་ཁབ་ཀྱི་བྱ་བཞག་གཉེར་སྐྱོང་བྱ་དགོས་སོ། །

      རྩ་ཁྲིམས་ཀྱིས་བཏོན་པའི་རྒྱལ་ཁབ་ཀྱི་དབང་ཆ་ཡོངས་རྫོགས་མི་དམངས་ལ་དབང་བའི་ལམ་ལུགས་ནི་རང་རྒྱལ་སྤྱི་དམངས་ཀྱི་ལྟ་སྐུལ་དབང་ཆ་བེད་སྤྱོད་བྱེད་པའི་གཞི་རྩ་ཡིན་པས། རིགས་གཞུང་དང་དོན་དངོས་གང་ནས་རྒྱལ་ཁབ་ཀྱི་ཁེ་དབང་དང་མི་དམངས་ཀྱི་ཁེ་དབང་ཡ་བྲལ་དུ་བཏང་བའི་ལྟ་བ་དང་བྱ་སྤྱོད་ཚང་མ་རྩ་ཁྲིམས་ཀྱི་སྙིང་དོན་དང་ལམ་ལུགས་ལ་རྒྱབ་འགལ་སོང་བའི་དཔོན་ཉམས་རིང་ལུགས་འདུ་ཤེས་ཀྱིས་བར་ཆད་ཡིན་པར་ཁོ་ཐག་ཆོད། རྒྱུན་པར་མི་རྣམས་ཀྱི་རྒྱལ་ཁབ་དང་རྒྱལ་ཁབ་ལས་ཁུངས་ཚང་མའི་མིང་གི་ཐོག་མར་མི་དམངས་ཞེས་སྦྱར་སྲོལ་ཡོད་པ་དཔེར་ན། མི་དམངས་སྤྱི་མཐུན་རྒྱ་ཁབ་དང་། མི་དམངས་སྲིད་གཞུང་དང་། མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་སོགས་ལྟ་བུ་ནི་རང་རྒྱལ་ནས་རྒྱལ་ཁབ་དང་དེའི་ལས་ཁུངས་ཚང་མ་མི་དམངས་ལ་དབང་བའི་རྐྱེན་གྱིས་མི་དམངས་ཞེས་པ་དེ་གང་མིང་གི་མགོ་རུ་བཞག་པ་ལས་། ཚིག་མཛེས་པའམ་བརྗོད་བདེ་བའི་ཆེད་དུ་གཏན་ནས་མ་
ཡིན་ནོ། །

     རྩ་ཁྲིམས་ལེའུ་དང་པོ་སྤྱིའི་རྩ་དོན་གྱིས་རྩ་བའི་གཏན་འཁེལ་མ་ཟད། རྩ་ཁྲིམས་ལེའུ་གཉིས་པའི་དོན་ཚན་ཞེ་གཅིག་ནང་དུ་ཆེད་དུ་བཏོན་པ་ནི། རང་རྒྱལ་ནས་སྤྱི་དམངས་ཀྱིས་རྒྱལ་ཁབ་ཀྱི་ལས་ཁུངས་དང་ལས་བྱེད་པ་ལ། སྐྱོན་བརྗོད་དང་བསམ་འཆར་འདོན་པའི་དབང་ཆ་ཡོད་པ་དང་། དེ་དག་གི་ཁྲིམས་འགལ་ལས་འཛོལ་བྱུང་བར་རྒྱལ་ཁབ་ཀྱི་ལས་ཁུངས་ལ་ཞུ་སྦྱོར་དང་གཏུག་བཤེར་ཐེར་འདོན་བྱེད་པའི་དབང་ཆ་ཡོད། འོན་ཀྱང་མ་ཉེས་ཁ་གཡོག་བྱེད་མི་རུང་། སྤྱི་དམངས་ཀྱིས་ཞུ་གཏུག་བྱས་པ་ལ་རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་རྩད་གཅོད་ཡང་དག་བྱེད་པ་ལས་ཉེས་འགེབས་དང་འཁོན་སློག་བྱེད་མི་ཆོག ལས་ཁུངས་དང་ལས་བྱེད་པས་སྤྱི་དམངས་ཀྱི་ཁེ་དབང་ལ་གནོད་འཚེ་དང་གྱོང་གུད་བཟོས་ན། ཁྲིམས་ལྟར་ཚབ་གཙང་ཐོབ་པའི་དབང་ཆ་ཡོད། ཁྲིམས་ལུགས་གང་འདྲ་ཞིག་ཡིན་ཡང་དབང་ཆ་དང་འོས་འགན་གྱིས་གྲུབ་པ་ཡིན་པས། རྩ་ཁྲིམས་ཀྱིས་དབང་ཆ་དང་ལྟ་སྐུལ་མཁན་གྱི་ཐད་ནས་སྤྱི་དམངས་ཀྱི་ལྟ་སྐུལ་དབང་ཆ་གཏན་ཕབ་བྱས་པ་མ་ཟད། འོས་འགན་དང་ལྟ་སྐུལ་བྱ་ཡུལ་གྱི་ཐད་ནས་ཀྱང་སྤྱི་དམངས་ཀྱི་ལྟ་སྐུལ་དབང་ཆ་གཏན་ཕབ་བྱས་ཡོད། དཔེར་ན་རྩ་ཁྲིམས་དོན་ཚན་ཉེར་བདུན་པའི་ཚན་པ་གཉིས་པར་རྒྱལ་ཁབ་ཀྱི་ལས་ཁུངས་དང་ལས་བྱེད་པ་ཚང་མས་ངེས་པར་དུ་མི་དམངས་ལ་རྒྱབ་བརྟེན་དང་རྒྱུན་དུ་མི་དམངས་དང་ཟུང་འབྲེལ་དམ་པོར་བྱེད་དེ། མི་དམངས་ཀྱི་འདོད་བློ་དང་བསམ་འཆར་གཟབ་ཉན་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་ནས་ཧུར་བརྩོན་སྒོས་མི་དམངས་ལ་ཞབས་འདེགས་ཞུ་དགོས། རྒྱལ་ཡོངས་དམངས་ཆེན་དང་ས་གནས་རིམ་པ་སོ་སོའི་དམངས་ཆེན་འདེམ་བསྐོ་བཅའ་ཁྲིམས་དོན་ཚན་ཞེ་གསུམ་པ་དང་རྒྱལ་ཡོངས་དམངས་ཆེན་རྩ་འཛུགས་བཅའ་ཁྲིམས་དོན་ཚན་བཅོ་ལྔ་པ་བཅས་ནས་རང་གིས་འདེམ་ཐོན་བྱུང་བའི་སྐུ་ཚབ་ཀྱི་ཐོབ་ཐང་ཕབ་པ་དང་རྒྱལ་ཡོངས་དམངས་ཆེན་གྱི་སྐུ་ཚབ་ཚོགས་པ་གསུམ་ཡན་དང་སྐུ་ཚབ་ཡོངས་ཀྱི་བཅུ་ཆ་གཅིག་ཡན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་འགོ་ཁྲིད་རྣམས་དང་རྒྱལ་ཁབ་ཀྱི་གཙོ་འཛིན་ཆེ་ཆུང་དང་རྒྱལ་ཁབ་སྲིད་གཞུང་དང་དམག་དོན་ལྷན་ཚོགས་ཀྱི་འགོ་ཁྲིད་དང་རྒྱལ་ཁབ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་འགོ་དཔོན་བཅས་ཀྱི་གོ་གནས་ཕབ་པའི་གྲོས་གཞི་འདོན་ཆོག་པ་རེད། ས་གནས་སོ་སོ་ཡང་དེ་བཞིན་ནོ། །   
   དེ་དག་ནི་སྤྱི་དམངས་ཀྱི་ལྟ་སྐུལ་དབང་ཆ་ལ་རྩ་ཁྲིམས་དང་དེའི་རིགས་མཐུན་གྱི་བཅའ་ཁྲིམས་ཀྱིས་བཏོན་པའི་ཁུངས་དང་ལུང་ཡིན་ལ། རྩ་ཁྲིམས་གཞིར་བྱས་ཏེ་བཅས་པའི་བཅའ་ཁྲིམས་ནང་དུའང་ལྟ་སྐུལ་དབང་ཆ་གཏན་ཕབ་བྱས་ཡོད་པ་དཔེར་ན། སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་དང་སྲིད་འཛིན་ཆོག་གནང་བཅའ་ཁྲིམས་དང་སྲིད་
འཛིན་ཆད་པའི་བཅའ་ཁྲིམས་དང་སྲིད་འཛིན་སྐྱར་གྲོས་བཅའ་ཁྲིམས་སོགས་ཀྱི་དོན་ཚན་དང་པོའི་ནང་དུ། ཁྲིམས་དེ་དག་བཅའ་བའི་དམིགས་ཡུལ་ནི། སྤྱི་དམངས་དང་ཁྲིམས་མི་ཡང་ན་ཚོགས་པ་གཞན་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་། སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་གོ་ཆོད་སྒོས་སྲིད་དོན་གཉེར་སྐྱོང་བྱེད་པར་ལྟ་སྐུལ་བྱེད་ཆེད་ཡིན་ཞེས་དང་། གཞུང་ཞབས་པའི་བཅའ་ཁྲིམས་དོན་ཚན་བཅུ་གཉིས་པའི་ཚན་པ་གསུམ་པ་དང་ཁྲིམས་དཔོན་བཅའ་ཁྲིམས་དོན་ཚན་བདུན་པའི་ཚན་པ་བདུན་པ་དང་ཞིབ་དཔྱོད་པའི་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ཚན་པ་དྲུག་པ་བཅས་ལས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས་པ་གཏན་ཕབ་བྱས་ཡོད་པ་དང་། བདེ་འཇགས་དོ་དམ་ཆད་པའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅུ་བཞི་པ་ལས། སྤྱི་བདེ་ལས་ཁུངས་དང་དེའི་ལས་བྱེད་པས་བདེ་འཇགས་ཀྱི་གྱོད་གཞི་སྒྲུབ་སྐབས་རང་ཤུགས་ཀྱིས་སྤྱི་ཚོགས་དང་སྤྱི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས་ཞེས་དང་། གཞན་ཡང་རྩྭ་ཐང་བཅའ་ཁྲིམས་དང་། ཆུ་བོར་མནོལ་བཙོག་འགོག་བཅོས་བཅའ་ཁྲིམས་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་དང་། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་བཅས་ཀྱི་དོན་ཚན་ལྔ་པ་དང་། ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་དོན་ཚན་དྲུག་པ་དང་། རང་བྱུང་སྐྱེ་དངོས་སྲུང་སྐྱོང་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་ཆུའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་སྲོལ་ཡིག་དོན་ཚན་བདུན་པ་དང་ཆུའི་བཅའ་ཁྲིམས་དོན་ཚན་ཞེ་ལྔ་བཅས་ཀྱི་བཅའ་ཁྲིམས་ནང་དུ་ལས་ཁུངས་དང་མི་སྒེར་གང་དང་སུ་ཡིན་ཡང་ཁོར་ཡུག་དང་ཆུ་མགོ་དང་རྩ་ཐང་དང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་པ་མ་ཟད། དེ་དག་ལ་བཙན་བཟུང་དང་། གཏོར་བཤིག་དང་། མནོལ་བཙོག་བཏང་བའི་བྱ་སྤྱོད་ལ་ལྟ་སྐུལ་དང་།བཀག་འགོག་དང་། ཐེར་འདོན་དང་གཏུག་བཤེར་བྱེད་པའི་དབང་ཆ་ཡོད་ལ། གང་ལ་གནོད་རྐྱེན་ཕོག་པ་ཡིས་ཉེན་ཁ་སེལ་བ་དང་སྐྱིན་ཚབ་སྤྲོད་པའི་རེ་བ་འདོན་ཆོག འདི་དག་ཐམས་ཅད་ནི་སྤྱི་དམངས་ལྟ་སྐུལ་དབང་ཆའི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྱུང་ཁུངས་གཞི་དམ་པ་ཡིན། དེས་ཁྲིམས་ལུགས་འཛུགས་བསྐྲུན་གྱི་སྟེང་ནས་མི་དམངས་གཙོ་དབང་ལམ་ལུགས་མངོན་ཡོད།

གསུམ་པ། ལྟ་སྐུལ་བྱ་ཡུལ་ནི་རྒྱལ་ཁབ་ཀྱི་ལས་ཁུངས་ཚང་མ་ཡིན་ཞིང་། གཙོ་བོ་ནི་སྲིད་གཞུང་རང་ཡིན།
མི་དམངས་ཀྱིས་རྒྱལ་ཁབ་ཀྱི་ལས་ཁུངས་སོ་སོ་ལ་དེ་མཐུན་གྱི་ལས་གཉེར་དབང་ཆ་སྤྲད་ཡོད་པས། སྤྱི་དམངས་ཀྱིས་ལྟ་སྐུལ་བྱ་ཡུལ་ནི་རྒྱལ་ཁབ་ཀྱི་ལས་ཁུངས་ཡོངས་རྫོགས་ཡིན། དེ་དག་ནི་དམངས་ཆེན་དང་དེ་ལས་བྱུང་བའི་སྲིད་གཞུང་དང་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་བཅས་ཡིན་ཞིང་། དམངས་ཆེན་ལ་རྩ་ཁྲིམས་དང་བཅའ་ཁྲིམས་བཅའ་བ་དང་ཁྲིམས་ལུགས་ལྟ་སྐུལ་ཐད་ལ་ལྟ་སྐུལ་དང་།སྲིད་གཞུང་ལ་སྲིད་དོན་ཁྲིམས་གཉེར་ཐད་དང་། ཁྲིམས་ཁང་ལ་འདྲི་གཅོད་བྱ་བ་དང་། ཞིབ་དཔྱོད་ཁང་ལ་ཞིབ་དཔྱོད་དང་གཞུང་གཏུག་ཐད་ལ་ལྟ་སྐུལ་བྱ་དགོས། ལྟ་སྐུལ་བྱ་ཡུལ་བཞི་པོ་འདི་དག་ནང་ནས་སྲིད་དོན་ཁྲིམས་གཉེར་ནི་ཆེས་གལ་ཆེན་ཡིན། ཅི་ཕྱིར་ཞེ་ན། སྲིད་གཞུང་གིས་དཔལ་འབྱོར་དང་ཚན་རིག་ལག་རྩལ་དང་རིག་གནས་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་དང་ཁེ་ཕན་བཅས་དང་འབྲེལ་བའི་ཁྲིམས་ལུགས་ཚང་མ་སྲིད་གཞུང་ལས་ཁུངས་ལ་བརྟེན་ནས་དོན་འབབ་བྱ་དགོས་ལ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་༨༠%་ཡན་སྲིད་གཞུང་ལ་བརྟེན་ནས་ལག་བསྟར་བྱ་དགོས་པ་དང་། ལས་ཁུངས་དང་ལས་བྱེད་པ་ཡང་གཞན་ལས་མང་བ་རེད།
སྲིད་གཞུང་གིས་ལས་དོན་འབོར་ཆེན་དེ་དག་འགྲུབ་ཆེད། ཁྲིམས་ལུགས་ཀྱིས་སྲིད་གཞུང་ལ་ཁྲིམས་ལུགས་ལག་ལེན་བྱེད་པའི་དབང་ཆ་མང་པོ་དང་འགྱུར་ལྡོག་འགྲོ་བའི་གནས་ཚུལ་དང་དོན་རྐྱེན་ཐག་གཅོད་ཐུབ་པའི་རང་དབང་ཆེན་པོ་གཏད་ཡོད། འོན་ཀྱང་སྲིད་གཞུང་གི་དབང་ཆ་ཆེ་ཆུང་གང་འདྲ་ཡང་མི་དམངས་ཀྱིས་གནང་བ་ལས་མེད་པ་དང་། སྲིད་གཞུང་གི་ཁྲིམས་མཐུན་དམིགས་ཡུལ་ནི་མི་དམངས་ཀྱི་དགོས་མཁོ་ལྟར་ལས་དོན་བསྒྲུབ་དགོས་པ་དང་མི་དམངས་ལ་ཕན་བཏག་རྒྱུ་དེ་རེད། སྲིད་གཞུང་གི་བྱ་སྤྱོད་དེ་རིགས་བསྡུ་ན་བདུན་ཡོད་དེ། ༡ སྲིད་འཛིན་ཁྲིམས་བཟོ། ༢ སྲིད་འཛིན་ཆད་པ། ༣ སྲིད་འཛིན་བཙན་ཤུགས། ༤ སྲིད་འཛིན་ཆོག་གནང་། ༥སྲིད་འཛིན་ངོས་ལེན། ༦ སྲིད་འཛིན་གན་རྒྱ། ༧ སྲིད་འཛིན་མཛུབ་སྟོན་བཅས་ཡིན།

བཞི་པ། སྤྱི་དམངས་ཀྱི་ལྟ་སྐུལ་དབང་ཆ་བེད་སྤྱོད་བྱེད་པའི་ཚད་གཞི།
རྩ་ཁྲིམས་ཀྱིས་བཏོན་པའི་དབང་ཆ་བེད་སྤྱོད་དང་འོས་འགན་དོན་གཉེར་གཅིག་འགྱུར་གྱི་ལམ་ལུགས་དེ། སྤྱི་དམངས་ཀྱིས་ལྟ་སྐུལ་དབང་ཆ་བེད་སྤྱོད་བྱེད་པའི་དུས་སུ་ངེས་པར་བརྩི་བསྲུང་དགོས་པའི་རྩ་བའི་ཚད་གཞི་ཡིན། རྩ་ཁྲིམས་དོན་ཚན་ང་གཅིག་པར་སྤྱི་དམངས་ཀྱི་རང་དབང་ཁེ་ཕན་བེད་སྤྱོད་བྱེད་ཚེ། རྒྱལ་ཁབ་དང་ཐུན་མོང་དང་མི་སྒེར་གྱི་རང་དབང་དང་ཁེ་ཕན་ལ་མི་འཚེ་བ་ནི་དེའི་བཅས་མཚམས་ཡིན་ལ། ལྟ་སྐུལ་ཡང་དེ་དང་འདྲ་སྟེ། རྩ་ཁྲིམས་དོན་ཚན་ཞེ་གཅིག་པའི་འོན་ཀྱང་གི་ནང་དོན་རྣམས་དེའི་བཅས་མཚམས་ཡིན་ཏེ། སྤྱི་དམངས་ཀྱིས་ལྟ་སྐུལ་དབང་ཆ་བེད་སྤྱོད་ཚེ་མ་ཉེས་ཁ་གཡོག་བྱེད་མི་ཆོག དེ་བས་སྤྱི་དམངས་ཀྱིས་རྒྱལ་ཁབ་དང་ཐུན་མོང་དང་མི་སྒེར་གྱི་ཁེ་ཕན་གྱི་ཆེད་དུ་ཐབས་ལམ་སྣ་ཚོགས་བཙལ་ཏེ་རང་གི་ལྟ་སྐུལ་དབང་ཆ་མཁོ་སྤྱོད་བྱ་ཆོག་ལ། ཐབས་གང་འདྲ་ཞིག་ཕུད་ཀྱང་ངེས་པར་ཁྲིམས་ལུགས་དང་མཐུན་པ་ཞིག་བྱ་དགོས་ཏེ། དེ་ལྟར་ན་ལྟ་སྐུལ་ཞེས་པའི་སྤྱི་དམངས་ཀྱི་ཕུལ་དུ་བྱུང་བའི་དབང་ཆ་དེའི་གོ་ནུས་ཐོན་ཐུབ་ངེས་རེད།

ལྔ་པ། ལྟ་སྐུལ་དགོས་པའི་རྒྱུ་མཚན།
ཁྲིམས་ཟེར་བ་ནི་ད་བར་མིའི་རིགས་ཀྱིས་བཟོས་པའི་དབང་ཆ་ལ་ལྟ་སྐུལ་དང་ཚོད་འཛིན། དབང་ཆ་དང་འོས་འགན་དོ་མཉམ་བྱེད་ཀྱི་ཐབས་ལམ་ཉག་ཅིག་རེད། དེ་ལོགས་སུ་བཞག་ནས་དེང་རབ་ཅན་གྱི་རྒྱལ་ཁབ་ཅིག་བསྐྲུན་བསམ་པའི་འདུན་པ་ནི་རི་བོང་གི་རྭ་དང་འདྲའོ། །སྤྱི་དམངས་ཀྱི་ཁེ་དབང་རྣམས་འགན་སྲུང་གང་ལེགས་ཐུབ་ཡོད་དང་མེད་པ་ལ། གཙོ་བོ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བཏོན་པའི་ལྟ་སྐུལ་གྱི་དབང་ཆ་དེ་ཁྲིམས་ལྟར་མཁོ་སྤྱོད་བྱས་ཡོད་མེད་ལ་རག་ལས་ཏེ། གལ་ཏེ་ཕྱོགས་གཅིག་ནས་ལྟ་སྐུལ་དབང་ཆ་གང་འཚམས་ཀྱིས་མཁོ་སྤྱོད་བྱེད་པའི་སྤྱི་ཚོགས་ཁོར་ཡུག་མེད་ཅིང་། ཕྱོགས་གཅིག་ནས་སྤྱི་དམངས་རང་ལ་ལྟ་སྐུལ་བྱེད་པའི་འདུ་ཤེས་དང་སྤོབས་དཔའ་མེད་ན། མི་དམངས་ཀྱིས་རྒྱལ་ཁབ་ཀྱི་ལས་ཁུངས་དང་ལས་བྱེད་པ་ལ་གནང་བའི་དབང་ཆ་ཚོད་འཛིན་དང་བཀག་སྡོམ་བྲལ་ཏེ། འགན་དབང་འཆོལ་སྤྱོད་དང་། སྤྱི་དབང་སྒེར་གཉེར་དང་། རྒྱུ་དབང་ཉོ་ཚོང་བཅས་ཀྱི་ཁྲེལ་མེད་ལུགས་མེད་ཀྱིས་རྒྱལ་ཁམས་ཁྱབ་ནས་སྤྱི་དམངས་ཀྱི་ཁེ་དབང་ལ་གནོད་འཚེ་གང་མང་འཐེབ་ཡོང་བར་གདོན་མི་ཟ། དབང་ཆ་ལ་ལྟ་སྐུལ་དང་བྲལ་ཞིང་དཔོན་ཉམས་རིང་ལུགས་དར་ཁྱབ་ཆེ་བའི་རྒྱལ་ཁབ་དང་སྤྱི་ཚོགས་ཁོར་ཡུག་ནང་ནས་མི་མང་ཤོས་ཀྱི་ཁེ་ཕན་ཉུང་ཤོས་ཀྱིས་
དབང་དུ་བསྡུ་ཞིང་གང་འདོད་ཀྱིས་འགལ་རྐྱེན་བཟོ་བ་དེ་ནི་ལོ་རྒྱུས་ཀྱི་མྱོང་ཚོར་དངོས་གནས་རེད། རང་རྒྱལ་ཐོག་མར་ཚུགས་ཟིན་པའི་ཚེར་མི་ཞིག་གིས་ཇི་ལྟར་གུང་ཁྲན་ཏང་གིས་སྲིད་སྐྱོང་ཚེ་ལོ་རྒྱུས་ཐོག་གི་སྲིད་འཛིན་འཁོར་ཡུན་ལས་ལྡོག་ཐུབ་ཅེས་པའི་ལན་དུ།མའོ་ཙེ་ཏུང་བློ་མཐུན་གྱིས་དེ་ནི་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ་ཁོ་ན་ཡིན་ཞེས་གསུངས་མྱོང་། དེ་བས་དཔོན་དབང་ཚོད་འཛིན་དང་ངན་རུལ་སྔོན་འགོག སྲིད་དར་ཡུལ་བདེ་དང་དམངས་འབྱོར་རྒྱལ་ཕྱུག་བཅས་དང་། སྤྱི་དམངས་ཀྱི་ཁེ་དབང་དོན་འབབ་དང་། སྤྱི་ཚོགས་ཀྱི་འདྲ་མཉམ་དང་བདེན་དོན་ལ་འགན་སྲུང་བྱ་བའི་ཕྱིར་དུ། ཐོག་མར་ལྟ་སྐུལ་བྱ་བ་དེ་བདག་གཞན་གཉིས་ཕན་གྱི་ཐབས་ལམ་ཞིག་ཡིན་པ་ཤེས་དགོས་ཏེ། སྤྱི་བཏང་ལྟར་ན་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ལས་གནས་དང་གོ་ས་ཐོབ་རྗེས་རང་གི་གཉེན་ཉེ་དང་དགའ་བཟང་ལ་ཕན་ཅི་ཐོགས་བྱེད་པ་དེ་བསྙོན་དུ་མེད་པར་འཇིག་རྟེན་མི་ཆོས་དང་མཐུན་པའི་བྱ་བ་ཞིག་ཡིན་པར་འདྲ་ཡང་། དོན་དམ་པའི་སྟེང་ནས་མི་དམངས་ཀྱིས་གནང་བའི་སྤྱིར་ཕན་སྒྲུབ་བྱེད་ཀྱི་དབང་ཆ་
དེ་སྒེར་དོན་གཉེར་བྱེད་ཀྱི་ལག་ཆ་རུ་གྱུར་སོང་བར་ཅུང་ཟད་བརྟག་ཅིང་དཔྱད་པས་ཤེས་ཐུབ། དེ་ལྟར་མི་དམངས་ཀྱིས་གནང་བའི་གོ་ས་དང་དབང་ཆ་སྤྱད་དེ་རང་ཕན་གཞན་གནོད་དང་བདག་ཁེ་མི་ཕམ་བཅས་དམ་པའི་ཆོས་དང་རྒྱལ་ཁབ་ཀྱི་ཁྲིམས་ཡུལ་ལུང་གི་སྲོལ་བཟང་ཀུན་དང་མི་མཐུན་པའི་བྱ་བ་མང་ན་མི་ཉིད་གཙོ་བོར་གྱུར་པའི་ཡང་དག་འཕེལ་རྒྱས་ཀྱི་ལྟ་བ་དང་འགལ་ཞིང་། འདྲ་མཉམ་བདེན་དྲང་དང་འཆམ་མཐུན་བདེ་འཇགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་འབྲོག་ཁུལ་གསར་པ་འཛུགས་བསྐྲུན་བྱ་བའི་འགལ་རྐྱེན་ཚབས་ཆེན་དུ་འགྱུར་བར་ཐེ་ཚོམ་མེད། དེ་བས་སྤྱི་དམངས་ཡོངས་ཀྱིས་རབ་ན་རྒྱལ་ཁམས་ཀུན་གྱི་བདེ་སྐྱིད་དང་ཡང་ན་ཡུལ་ཕྱོགས་འགའ་རེའི་དང་། མ་ཐ་ཡང་ཡུལ་སྡེ་རེའི་བདེ་སྐྱིད་ལ་དམིགས་ཏེ་ལྟ་སྐུལ་གྱི་དབང་ཆ་དེ་གང་ཕེར་གྱིས་སྤྱད་རྒྱུ་གལ་ཤིན་ཏུ་ཆེ། གཞན་ཡང་བོད་མི་རིགས་ནི་ནང་ཆོས་ཀྱིས་རྒྱུད་བརླན་པའི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་པས་ལྟ་སྐུལ་བྱ་ཡུལ་ལ་སྙིང་རྗེ་དང་ཕན་འདོགས་ཀྱི་བསམ་པ་བཟང་པོས་ཀུན་ནས་བསླངས་ཏེ། སྒྱིད་མ་ལུག་དཔའ་མ་ཞུམ་པར་གོང་དཔོན་པོའི་བཀའ་ཁྲིམས་མ་འཆུག་པ་དང་འོག་འབངས་ཀྱི་བྱ་སྤྱོད་མ་འཆུག་པར་དཔོན་གྱིས་འབངས་སྐྱོང་ཞིང་འབངས་ཀྱིས་དཔོན་བཀུར་ཏེ། དཔོན་འབངས་ཞེ་
མཐུན་དུས་བདེ་གནས་འཇམ་ཡོང་ཕྱིར་དང་། འཇིག་རྟེན་ཕྱི་མར་ཡང་འོག་ནས་འོག་ཏུ་མི་འགྲོ་བའི་རྒྱུ་བསག་ཕྱིར་མ་ཡིས་བུ་ལྟར་གྱི་ཀུན་སློང་གིས་རྒྱལ་ཁབ་ཀྱི་ལས་ཁུངས་སོ་སོའི་ལས་སྣེ་མཐོ་དམན་བར་གསུམ་ཚང་མ་ལ་བསམ་པ་བཟང་པོས་ལྟ་སྐུལ་ལྷོད་མེད་བྱེད་དེ། དེ་དག་གིས་ཁྲིམས་འགལ་འཆོལ་སྤྱོད་དང་ལས་འབྲས་ཁྱད་གསོད་མི་བྱེད་པར་རྒྱལ་ཁྲིམས་མ་འཆུག་རྒྱུ་འབྲས་མ་བསྣོལ་བར་སྲིད་དོན་གཉེར་བ་དང་མངའ་འབངས་སྐྱོང་བ་དང་སྤྱི་ཕན་བསྒྲུབ་པར་བསྐུལ་ཏེ། རྒྱལ་ཁམས་འདྲ་མཉམ་འཆམ་མཐུན་བདེ་འཇགས་ཡོང་བར་འབད་འབུངས་དང་། མི་རིགས་རང་གི་ཁྱད་ཆོས་ལྡན་པའི་མངོན་ལྐོག་གཉིས་མེད་དང་བསམ་སྦྱོར་གཅིག་མཐུན་གྱིས་རང་རྒྱལ་ཏང་སྲིད་གཉིས་ཀྱིས་ཁྲིམས་ལྟར་སྲིད་གཉེར་ཞིང་དམངས་སྐྱོང་བ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོར་བར་རེམ་འདེགས་བྱ་དགོས།

དྲུག་པ། ལྟ་སྐུལ་དབང་ཆའི་སྔོན་འགྲོ་ནི་དོན་རྟོགས་དབང་ཆ་དང་ལས་ཞུགས་དབང་ཆ་དང་གཏམ་བཤད་དབང་ཆ་གསུམ་ཡིན།
རྒྱལ་ཁབ་སྲིད་གཞུང་གི་སྤྱི་གཉེར་ཝུན་ཅ་པའོ་ཡིས་༢༠༠༩ལོའི་ཟླ་༣པའི་ཚེས་༥་ཉིན་སྲིད་གཞུང་བྱ་བའི་སྙན་ཞུ་ནང་དུ་དབང་ཆ་གསུམ་པོ་དེ་ལ་མཆན་འགྲེལ་བྱས་པ་ནི། མི་དམངས་ལ་སྲིད་གཞུང་གིས་ཅི་བསྒྲུབ་བསམ་པ་དང་ཅི་སྒྲུབ་བཞིན་པའི་དོན་རྟོགས་དབང་ཆ་ཡོད། སྲིད་གཞུང་དང་དེའི་བྱ་སྤྱོད་ལ་བསམ་འཆར་འདོན་པའི་དབང་ཆ་དང་། སྲིད་གཞུང་གི་འཆར་འགོད་ལ་ཧུར་བརྩོན་གྱིས་ཞུགས་པའི་དབང་ཆ་ཡོད། གལ་ཏེ་ཐོགས་འགག་མེད་པའི་དོན་རྟོགས་དང་ལས་ཞུགས་དང་གཏམ་བཤད་ཀྱི་ལམ་སྲང་ཞིག་མེད་ན་སྤྱི་དམངས་ཀྱིས་ལྟ་སྐུལ་གོ་ཆོད་པར་ཞིག་བྱེད་པར་ཤིན་ཏུ་ལས་དཀའ་མོ་རེད། དེ་དང་མཚུངས་པར་སྤྱི་དམངས་ལ་དོན་རྟོགས་དང་ལས་ཞུགས་ཀྱི་གཞི་གདན་མེད་ན་ལྟ་སྐུལ་དེ་དམུས་ལོང་གི་བྱ་བར་འགྱུར་དོགས་ཡོད་པས་ལྟ་སྐུལ་གྱི་དམིགས་ཡུལ་བསམ་ཚོད་ལྟར་འགྲུབ་དཀའ། ཉེ་བའི་ལོ་འགའ་ཚུན་དུ་རང་རྒྱལ་གྱིས་ཁྲིམས་ལུགས་དང་སྲིད་ཇུས་གང་འཚམས་གཏན་དུ་ཕབ་སྟེ་སྤྱི་དམངས་ཀྱིས་དོན་རྟོགས་དང་ལས་ཞུགས་གཏམ་བཤད་དབང་ཆ་མཁོ་སྤྱོད་བྱེད་པར་འགན་སྲུང་བྱས། དེ་ལ་༢༠༠༢ལོའི་ཟླ་བ་༡༠་པར་ལག་ལེན་བྱས་པའི་ཁོར་ཡུག་འགལ་རྐྱེན་ཚད་འཇོག་བཅའ་ཁྲིམས་དང་། ༢༠༠༨ལོའི་ཟླ་བ་༥་པའི་ཚེས་༡་ཉིན་ལག་ཏུ་བསྟར་བའི་སྲིད་གཞུང་དོན་འཕྲིན་ཁྱབ་བསྒྲག་བཅའ་ཁྲིམས་ལྟ་བུའོ། །དེ་བས་སྤྱི་དམངས་ཀྱིས་རང་འགུལ་གྱིས་ཁྲིམས་ལུགས་མཁོ་སྤྱད་དེ་རང་གི་དོན་རྟོགས་དབང་ཆ་དང་ལས་ཞུགས་དབང་ཆ་གཏམ་བཤད་དབང་ཆ་བཅས་ལག་ལེན་བྱ་དགོས། དེའི་ཐད་ཀྱི་ནང་དོན་ཞིབ་ཆ་ལེའུ་བཞི་པའི་ནང་དུ་གསལ།

བདུན་པ། ལྟ་སྐུལ་དབང་ཆ་ལག་ལེན་བྱེད་པའི་བརྒྱུད་ལམ།
    བརྒྱུད་ལམ་དང་པོ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལྟ་སྐུལ།
རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་ནི་རང་རྒྱལ་རྩ་ཁྲིམས་ཀྱིས་འཆར་བཀོད་བྱས་པའི་མི་དམངས་རང་ཆུས་རང་བདག་གི་དབང་ཆ་ལག་ལེན་བྱེད་པའི་རྩ་བའི་བརྒྱུད་ལམ་དང་སྒྲིག་གཞི་ཡིན་ལ། མི་དམངས་ཀྱིས་ལྟ་སྐུལ་དབང་ཆ་ལག་ལེན་བྱེད་པའི་རྩ་བའི་བརྒྱུད་ལམ་ཡང་ཡིན། སྤྱི་དམངས་ཀྱིས་མི་དམངས་འཐུས་མི་ལ་གནས་ཚུལ་བཤད་པ་བརྒྱུད་དེ་རང་གི་བསམ་འཆར་དང་རེ་འདུན་འདོན་ཆོག མི་དམངས་འཐུས་མི་ནི་མི་དམངས་ནང་ནས་ཐོན་པ་དང་མི་དམངས་ཁེ་ཕན་གྱི་ཚབ་བྱེད་མཁན་དངོས་གནས་ཡིན་པས། དེ་ཡིས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་དེ་གཏམ་བཤད་པ་དང་གྲོས་གཞི་འདོན་པ་འདེམ་བསྐོ་དང་དོགས་སློང་དང་ཐོབ་ཐང་ཕབ་པ་དང་དམིགས་བསལ་གནད་དོན་རྩད་གཅོད་བཅས་ཁྲིམས་བཏོན་གྱི་བརྒྱུད་ལམ་ལྟར་ལྟ་སྐུལ་གྱི་དབང་ཆ་སྤེལ་ཆོག མདོ་དབུས་མཐོ་སྒང་ལ་ཆ་མཚོན་ན། ཁོར་ཡུག་དང་ཐོན་ཁུངས་དོ་དམ་དང་བདག་གཉེར་གནས་ཚུལ་ལ་དམིགས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཐོན་ཁུངས་དང་ཁོར་ཡུག་ཐད་ཀྱི་ཁྲིམས་ལུགས་རྣམས་ལག་བསྟར་བྱེད་ཚུལ་ལ་ཆེད་དུ་དམིགས་པའི་ཞིབ་དཔྱོད་དང་རྩད་གཅོད་བྱེད་པ་དང་། ཐོན་ཁུངས་དང་ཁོར་ཡུག་གི་ཁྲིམས་ལུགས་ལག་ལེན་ཁྲོད་ཀྱི་གནད་དོན་རྣམས་བསམ་
འཆར་དང་གྲོས་གཞི་འདོན་ཏེ། ཐོན་ཁུངས་དང་ཁོར་ཡུག་གི་བཅའ་ཁྲིམས་ལག་བསྟར་ཡང་དག་པར་ཡོང་བར་སྐུལ་འདེད་དང་སྤྱི་དམངས་ཀྱི་ཁེ་དབང་སྣ་ཚོགས་དོན་དབབ་ཡོང་བར་ཁག་ཐེག་བྱ་དགོས། དེ་ཡང་རང་རྒྱལ་ནས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་དང་ས་གནས་སོ་སོའི་དོན་ཆེན་འཆར་འགོད་དང་རིམ་པ་སོ་སོའི་འགོ་དཔོན་འདེམ་བསྐོ་དགོས་པ་ལ། ལོ་ངེས་ཅན་མཚམས་ནས་འཐུས་མི་ཐེངས་རེ་འདེམ་བསྐོ་བྱ་བ་དེ་རྒྱུ་ངོ་བུ་གདོང་དང་གཞན་ཟེར་གྱི་རྗེས་སུ་མ་ཤོར་བར་ཡུལ་སྡེ་ཀུན་ལ་ཕན་པའི་མི་ཞིག་ཅི་ནས་ཀྱང་འདེམ་དགོས་ཏེ། ཇི་སྐད་དུ། གང་ལ་རྒྱུ་འབྲས་མི་བསྣོལ་ཞིང་། །སྤྱི་ལ་སྙོམས་པའི་སེམས་ཡོད་པ། །དེ་འདྲ་དཔོན་དུ་བསྐོས་གྱུར་ན། །གྲོང་དང་གྲོང་ཁྱེར་དག་ཏུ་བདེ། །ཞེས་པ་དེ་བོད་སྲིད་སྐྱོང་རིག་གནས་ནང་དུ་མངོན་པའི་འགོ་དཔོན་གྱི་རྩ་བའི་ཚད་གཞིའམ་ངེས་པར་ལྡན་དགོས་པའི་མ་གཞིའི་ཡོན་ཏན་རེད། གལ་ཏེ་འཐུས་མི་འདེམ་པ་དེ་འཆུག་ན་མཐར་ཐུག་རིམ་པ་སོ་སོའི་འགོ་དཔོན་འདེམ་པའང་འཆུག་དོགས་ཡོད། འདེམས་བསྐོ་ནི་སྤྱི་དམངས་ཀྱི་དབང་ཆ་གཙོ་བོ་ཞིག་ཡིན་ཀྱང་མི་རྣམས་ཀྱིས་མ་བརྟག་མ་དཔྱད་པར་གྲགས་པའམ་གཞན་ཟེར་གྱི་རྗེས་སུ་བསྙེགས་ནས་དབང་ཆ་དེ་ཡང་ནས་ཡང་དུ་ཆུད་ཟོས་བཏང་རྗེས་འགྱོད་སྣང་དང་ལྐོག་ཁ་བྱེད་པ་ནི་རང་ཚུགས་ཤོར་བའི་ལས་ཀའོ། །

མི་དམངས་འཐུས་མིས་ལྟ་སྐུལ་དབང་ཆ་ལག་ལེན་བྱས་པའི་དཔེར་བརྗོད།
ཐོབ་ཐང་ལེན་པའི་དཔེར་བརྗོད། ༡༩༩༢ལོའི་ཟླ་བ་༡༡་ལ་ཧྲིན་ཤིས་ཞིང་ཆེན་ཏཱ་ཐང་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་ནས་ལྟ་སྲུང་ལས་དོན་དམ་འཛིན་མ་བྱས་པའི་དབང་གིས་སྲོག་ཆད་བཅད་པའི་མི་༤་དང་ཚེ་བཙོན་བྱས་པའི་མི་༦་ལྟ་སྲུང་བྱེད་མི་མེད་པའི་གླགས་བཙལ་ཏེ་བྲོས་སོང་བ་ལ། ༡༩༩༣ལོའི་ཟླ་བ་༥པའི་ཚེས་༦་ཉིན་གྲོང་ཁྲེར་དེའི་མི་དམངས་འཐུས་མི་ཚོགས་ཆེན་སྟེང་ནས་འཐུས་མི་༢༢༤་ཡིས་ཁྲིམས་ཁང་གི་ཁྲིམས་དཔོན་ཡོན་ཀྲང་གི་གོ་གནས་ཕབ།

དོགས་བསླངས་པའི་དཔེར་བརྗོད།༢༠༠༠ལོར་ཀོན་ཏུང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ཧྥོ་ཧྲན་འཐུས་མི་ཚོགས་པའི་འཐུས་མི་༢༠་ཡིས་ས་ཆ་ཞིག་གི་ཁོར་ཡུག་མནོལ་བཙོག་སོང་བར་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་སྡེ་ཁག་ལ་དོགས་འདྲི་སློང་པ་དེས། ལས་ཁུངས་དེའི་འགོ་ཁྲིད་ཆེ་ཆུང་གཉིས་ལས་གནས་བརྗེས་པ་དང་གོ་གནས་ཕབ་པ་རེད།
བརྡས་ཆོད་ཀྱི་དཔེར་བརྗོད།༢༠༠༢་ལོར་རྒྱལ་ཡོངས་དམངས་ཆེན་གྱི་ཨུ་ཡན་ཀྲང་གཞོན་པ་ཁྲེང་གསུ་ཝེ་ཡིས་གང་ན་བརྡས་ཆོད་གློག་ཆས་ཡོད་པ་དེར་བློར་མི་འབབ་པ་མང་བ་དང་། ལག་པ་འཕྱར་ནས་བརྡས་ཆོད་བྱས་ན་ཕལ་ཆེར་བློར་མི་འབབ་མཁན་མེད་ཅེས་གསུངས་པ་དང་། ༢༠༠༡ལོའི་ཟླ་བ་༢པའི་ཚེས་༤ཉིན། ཧྲིང་ཡཱང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གྲོང་ཁྱེར་དེའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་གྲོས་ཆོད་སྐབས་བརྡ་ཤོག་འཕངས་འབྲས་ལ། བློ་བབ་པ་༢༡༨དང་། བློ་མ་བབ་པ་༡༦༢དང་། དབང་ཆ་བེད་མ་སྤྱད་པ་༩༡་བྱུང་བས། དེ་རྗེས་ཁྲིམས་ཁང་དེའི་ཁྲིམས་གཙོ་དང་ཁྲིམས་གཙོ་གཞོན་པ་གཉིས་གོ་གནས་ཕབ་པ་དང་། ལས་བྱེད་པ་༡༣་ལའང་ཆད་པ་ཕོག ༢༠༠༤་ལོའི་ཟླ་བ་༣་པར་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་འཐུས་མི་ཐཱང་ཧཱེ་པཱོ་ཡིས་སྐབས་རྗེས་མ་ནས་བརྩམས་ཏེ་བརྡས་ཆོད་འཕྲུལ་ཆས་བཀོལ་དགོས་པའི་གྲོས་གཞི་བཏོན།
༢༠༠༥ལོའི་ཟླ་བ་༣་པའི་ཚེས་༨་ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་པ་ཐེངས་གསུམ་པའི་གྲོས་ཚོགས་ཐོག་ནས་གྲོས་ཚོགས་འདེམ་བསྐོ་བྱེད་ཐབས་བརྡས་ཐག་བཅད་དེ་བློ་འབབ་མིན་དང་དབང་ཆ་བེད་མི་སྤྱོད་པ་གང་ཡིན་རུང་ངེས་པར་འདེམ་ཤོག་སྟེང་དུ་རི་མོ་འབྲི་དགོས་པ་བྱས།

དམིགས་བསལ་གནད་དོན་ཞིབ་དཔྱོད་ཀྱི་དཔེར་བརྗོད།༢༠༠༠ལོར་འཐུས་མི་རྣམས་ཀྱི་རེ་འདུན་ལྟར་ཨན་ཧེའུ་ཞིང་ཆེན་དམངས་ཆེན་གྱིས་ཝང་ལུན་ཚེ་གྱོད་དོན་དམིགས་བསལ་ཞིབ་དཔྱོད་བྱས་པས་ལོ་མང་རིང་མ་ཉེས་ཁ་ཡོག་བྱས་པའི་མི་དེ་དཀར་སར་བཏོན།

     བརྒྱུད་ལམ་གཉིས་པ། གླེང་ཕྱོགས་ཀྱི་ལྟ་སྐུལ།
འདི་ནི་སྤྱི་དམངས་ཀྱིས་སྐྱོན་བརྗོད་དང་བསམ་འཆར་འདོན་པའི་ལྟ་སྐུལ་ཐབས་ལམ་གོ་ཆོད་ཅིག་ཡིན། སྤྱི་དམངས་ཀྱི་ཡིག་འཕྲིན་དང་། གློག་སྐྱེལ་འཕྲིན་ཡིག་དང་། ཁ་པར་གཏོང་པ་དང་ངོ་གཏུག་ནས་སྐད་ཆ་བཤད་པ་སོགས་བརྒྱུད་དེ་གསར་འགྱུར་འཕྲིན་ཟམ་ལས་ཁུངས་ལ་གནས་ཚུལ་དང་བསམ་འཆར་བཏོན་ཏེ་གླེང་ཕྱོགས་ཀྱི་ལྟ་སྐུལ་སློང་ཆོག་སྟེ། དཔེར་ན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་གནད་འགག་འདྲི་གླེང་ལེ་ཚན་ལ་རྒྱལ་ཡོངས་ནས་ཉིན་རེར་ཁ་པར་༥༠༠དང་། ལག་འཕྲིན་འཕྲིན་ཐུང་༥༠༠ཡན་དང་། གློག་སྐྱེལ་འཕྲིན་ཡིག་༡༠༠༠ཡན་དང་། ཡིག་འཕྲིན་༣༠༠ཡན་འབྱོར་བཞིན་པ་དེས་གསར་འགྱུར་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་འདོན་སྤེལ་ཐུབ་པ་བྱས། གལ་ཏེ་ཁྱོད་ལ་ཁོར་ཡུག་དང་ཐོན་ཁུངས་དང་ཁེ་དབང་འགན་སྲུང་ཐད་ཀྱི་གསར་འགྱུར་དང་སྐད་ཆ་ཡོད་ན་དུས་སུ་གསར་འགྱུར་འཕྲིན་ཟམ་ལས་ཁུངས་ལ་ཤོད་དང་། དེས་སྤྱི་ཚོགས་ཡོངས་ཀྱིས་ལྟ་སྐུལ་བསླངས་ནས་སྲིད་གཞུང་གིས་ཐོན་ཁུངས་དང་ཁོར་ཡུག་ཁྲིམས་ལུགས་ཡང་དག་གིས་ལག་བསྟར་བྱེད་པར་བསྐུལ་འདེད་ཐུབ། དེ་བས་གསར་འགྱུར་འཕྲིན་ཟམ་དེ་ཁྱོད་རང་གི་ཁེ་དབང་འགན་སྲུང་བྱེད་པའི་གྲོགས་པོ་གྱིས་དང་།

   བརྒྱུད་ལམ་གསུམ་པ། གཏུག་བཤེར་གྱི་ལྟ་སྐུལ།
གཏུག་བཤེར་ཟེར་བ་ནི་ཉེས་དོན་དང་དམངས་དོན་དང་སྲིད་དོན་བཅས་ཀྱི་གཏུག་བཤེར་བཅའ་ཁྲིམས་ལྟར་འགན་འཛོལ་དབང་འཕྲོག་གནོད་བསྐུར་གྱོང་བཟོས་སོགས་ཁྲིམས་འགལ་གྱི་མི་སྣ་དང་བྱ་སྤྱོད་ལ་ཞུ་སྦྱོར་དང་ཐེར་འདོན་ཡང་ན་ཐད་ཀར་གཏུག་བཤེར་བྱེད་དེ། རྒྱལ་ཁབ་དང་ཐུན་མོང་དང་མི་སྒེར་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ལྟ་སྐུལ་གྱི་བརྒྱུད་ལམ་ཞིག་རེད། དེའི་ནང་ནས་ཉེས་དོན་གྱོད་གཞི་ལ་ཉེས་པ་ཆེས་ཡང་བ་རང་གིས་གཏུག་བཤེར་ཆོག་པ་ལས་གཞན་རྣམས་སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ཁང་ལ་ཐེར་འདོན་བྱེད་དེ་ཉེས་ཆད་གཅོད་པར་བསྐུལ་བ་དང་། དམངས་དོན་དང་སྲིད་དོན་གྱི་གྱོད་གཞི་ནི་མི་སྒེར་དང་རྩ་འཛུགས་ཀྱིས་ཐད་ཀར་ཁྲིམས་ཁང་ལ་གཏུག་བཤེར་བྱེད་ཆོག་ལ། འོན་ཀྱང་སྲིད་དོན་གྱོད་གཞིའི་གྱོད་ཡ་སྲིད་གཞུང་ཡིན་པར་ངེས་བརྟན་ཡིན།འདིའི་ནང་དོན་ཞིབ་ཆ་ལེའུ་བཞི་པའི་ནང་དུ་གསལ།

  བརྒྱུད་ལམ་བཞི་པ། སྲིད་འཛིན་སྐྱར་གྲོས་ཀྱི་ལྟ་སྐུལ།
སྲིད་འཛིན་སྐྱར་གྲོས་ཟེར་བ་ནི། མི་སྒེར་དང་རྩ་འཛུགས་གང་གིས་སྲིད་འཛིན་ལས་ཁུངས་ཀྱི་ཐག་གཅོད་བྱས་པར་བསམ་འཆར་ཡོད་ཚེ་། དེའི་གོང་གི་སྲིད་འཛིན་ལས་ཁུངས་ལ་གཏུག་སྟེ་ཡང་སྐྱར་ཐག་གཅོད་ཞུ་བའི་ལམ་ལུགས་ཤིག་སྟེ། དེ་ནི་སྲིད་འཛིན་ནང་ཁུལ་གྱི་ལྟ་སྐུལ་ལམ་ལུགས་ཤིག་གོ། །

གོང་དུ་བཤད་པའི་ལྟ་སྐུལ་གྱི་བརྒྱུད་ལམ་ཚང་མ་འཁོར་བསྐྱོད་དང་གོ་ཆོད་ཡོང་བ་ལ། སྤྱི་དམངས་ཀྱི་ལྟ་སྐུལ་ནི་ལྟ་སྐུལ་ཡོངས་ཀྱི་གཞི་རྩ་ཡིན་པས། དེར་སྤོབས་སེམས་དང་དཔའ་མི་ཞུམ་པར་འབད་འབུངས་བྱ་དགོས། །

  བརྒྱུད་ལམ་ལྔ་པ། མང་ཚོགས་ཀྱི་ལྟ་སྐུལ།
རང་རྒྱལ་གྱི་རྩ་ཁྲིམས་དོན་ཚན་ཞེ་གཅིག་པས་བཏོན་པའི་སྤྱི་དམངས་ལྟ་སྐུལ་གྱི་དབང་ཆ་བེད་སྤྱོད་ལུགས་གཉིས་ཡོད་དེ། གཞན་གཅིག་ནི་བསམ་འཆར་དང་སྐྱོན་བརྗོད་བྱེད་པ། གཅིག་ནི་ཞུ་གཏུག་དང་ཐེར་འདོན་བྱེད་པ་ཡིན། སྔ་མ་ནི་རྒྱལ་ཁབ་ལས་ཁུངས་དང་ལས་བྱེད་པ་ལ་སྤྱི་བཏང་གི་བསམ་འཆར་དང་སྐྱོན་བརྗོད་ཡིན་ལ། ཕྱི་མ་ནི་རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱེད་པའི་ཁྲིམས་འགལ་ལས་འཛོལ་གྱི་བྱ་སྤྱོད་ལ་ཞུ་གཏུག་དང་ཐེར་འདོན་བྱས་ནས་ཁྲིམས་ལྟར་འགན་ཁུར་རྩད་གཅོད་བྱེད་པ་དེ་ཡིན། དེ་ནས་རྩ་ཁྲིམས་སྟེང་གི་ལྟ་སྐུལ་ནི་རྒྱལ་ཁབ་ལས་ཁུངས་དང་ལས་བྱེད་པར་ཡིན་པ་ང་ཚོས་གསལ་ཐུབ། སྐྱེ་ཁམས་ཚོར་བ་ཤིན་ཏུ་རྣོ་བའི་མདོ་དབུས་མཐོ་སྒང་ནས་ཁྲིམས་འགལ་གཏེར་སྔོག་དོན་རྐྱེན་མང་དུ་བྱུང་དང་འབྱུང་བཞིན་པ་འདི། ཚད་ངེས་ཅན་ཞིག་གི་སྟེང་ནས་རྒྱལ་ཁབ་ཀྱི་ལས་ཁུངས་དང་ལས་བྱེད་པས་མི་དམངས་ཀྱིས་མངགས་བཅོལ་བྱས་པའི་ལས་འགན་མ་ཕེར་པའམ་ཐ་ན་ཁྲིམས་འགལ་འགན་འཆོལ་བྱས་པའི་རྗེས་འབྲས་རེད། དེ་བས་མང་ཚོགས་རྣམས་ལྷག་པར་དུ་ས་གནས་དེའི་སྡོད་དམངས་ཀྱིས་རང་གི་ཉེ་འཁོར་ནས་འབྱུང་བཞིན་པའི་ཁྲིམས་འགལ་གཏེར་སྔོག་བཀག་འགོག་བྱེད་པ་ནས་བརྩམས་ཏེ། ཁྲིམས་མཐུན་གྱི་ཐབས་ལམ་སྣ་ཚོགས་མཁོ་སྤྱོད་ནས་སྤྱི་དམངས་ཀྱིས་ཁེ་དབང་འགན་སྲུང་དང་ལྟ་སྐུལ་གྱི་གོམ་པའི་འདེགས་འཇོག་དང་པོ་འདི་ནས་སྤོ་ཐུབ་པར་བྱ་དགོས། །
ཤེས་བྱའི་སྒྲོམ་བུ།
གཏེར་ཁ་སྔོག་འདོན་ལ་ཡུལ་སྡེའི་རྒོལ་གཏད་གྱི་དབང་ཆ་གང་དག་ཡོད་ཅེ་ན། ༡མི་ལུས་ཁེ་དབང་། གཏེར་སྔོག་བྱ་བས་ཡུལ་སྡེའི་སྡོད་དམངས་ལ་ལུས་ཕུང་དང་ཚེ་སྲོག་ལ་གནོད་འཚེ་མི་ཡོང་བའི་ཁེ་དབང་། ༢རྒྱུ་ནོར་གྱི་ཁེ་དབང་། ཞིང་ས་དང་རྩྭ་སའི་བེད་སྤྱོད་དབང་ཆ་དང་ཞིང་ཕྱུགས་ཀྱི་དབང་ཆ། ༣ཁོར་ཡུག་གི་ཁེ་དབང་། ཡུལ་སྡེའི་སྡོད་དམངས་ལ་དྭངས་གཙང་བདེ་ཐང་གི་འཚོ་བའི་ཁོར་ཡུག་དགོས་ཏེ། ཁ་དབུགས་དང་ཆུ་དང་མཚོ་མཚེའུ་དང་ས་གཞི་དང་གཏེར་ཁ་དང་ནགས་ཤིང་དང་རྩྭ་ཐང་དང་རི་སྐྱེས་སྲོག་ཆགས་དང་རང་བྱུང་རྗེས་ཤུལ་དང་མི་བཟོས་རྗེས་ཤུལ་དང་རང་བྱུང་སྲུང་སྐྱོང་ས་ཆ་དང་མཛེས་ལྗོངས་གནས་མཆོག་བཅས་སོ། ༤དོན་རྟོགས་ཀྱི་ཁེ་དབང་། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་རྒྱལ་ཁབ་དང་ཚོང་ལས་དང་མི་སྒེར་གྱི་གསང་དོན་མ་གཏོགས་ཀྱི་དོན་རྟོགས་པའི་དབང་ཆ། ༥གཏམ་བཤད་ཀྱི་ཁེ་དབང་། ཡུལ་སྡེའི་སྡོད་དམངས་ལ་རང་གི་ལྟ་ཚུལ་དང་བསམ་འཆར་འདོན་པའིདབང་ཆ།༦ལས་ཞུགས་ཁེ་དབང་། འཆར་འགོད་དང་འཛུགས་སྐྲུན། གཏེར་སྔོག་སོགས་ཀྱི་ཁོར་ཡུག་འགལ་རྐྱེན་ཚད་འཇོག་ལས་དོན་ལ་ཞུགས་
པའི་དབང་ཆ། ༧ལྟ་སྐུལ་གྱི་དབང་ཆ། སྤྱི་དམངས་ཀྱིས་ཁྲིམས་འགལ་གཏེར་སྔོག་ལ་ཁྲིམས་ལྟར་ཐད་ཀར་ལྟ་སྐུལ་དང་ཐད་འགོག་བྱེད་དབང་ཡོད་པ་མ་ཟད། ཞུ་སྦྱོར་དང་ཐེར་འདོན། གཏུག་བཤེར་སོགས་བརྒྱུད་དེ་རྒྱལ་ཁྱབ་ཀྱི་ལྟ་སྐུལ་མ་ལག་འཁོར་བར་བསྐུལ་ཏེ་གཏེར་སྔོག་གནོད་སྤྱོད་འགོག་པའི་དབང་ཆ།



གང་ན་བཟའ་བཏུང་ཡོད་དེར་རྒྱུག །
དགོས་པའི་བྱ་བ་བཅོལ་ཡང་འབྲོས། །
གཏམ་དང་བཞད་གད་ཤེས་ན་ཡང་། །
མཇུག་མ་མེད་པའི་ཁྱི་རྒན་ཡིན། །

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qnft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41356478
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1