༄༅། ། རྩྭ་ཐང་གི་དུས་བཞིའི་རོལ་དབྱངས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »༄༅། ། རྩྭ་ཐང་གི་དུས་བཞིའི་རོལ་དབྱངས།
༄༅། ། རྩྭ་ཐང་གི་དུས་བཞིའི་རོལ་དབྱངས།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/7/5ལྟ་ཀློག (1909)རྩོམ་ཁུངས: པར་འདེབ།

                                                    ཨ་མགོན། ༼རྨ་ཆུ༽

                              དབྱར་ཁ།

དབྱར་ཁ་བསླེབས་བྱུང་།  དབྱར་གྱི་སྒེག་མོས་སྔོ་ལྗང་གི་འཕྱོར་ལྭ་གྱོན་ནས། དྲིན་ཕ་མའི་བྱམས་བརྩེ་བསྣམས་ཏེ།  རི་ལུང་ཐང་གསུམ་མེད་པར་བསླེབས་བྱུང་། 

དྭངས་གསལ་གྱི་རྫ་ཆབ་བསིལ་མའི་སྙན་གླུའི་ཁྲོད་ན།  གསེར་མིག་ཉ་མོས་འཁྱུག་རྩལ་ངོམ་ལ།  དྭངས་གཙང་གི་མཚོ་དང་མཚེའུ་རྫིང་ཡང་སྔོ་བསང་ནམ་མཁའི་མདངས་དང་མཚུངས་སྟབས།  མཐོན་མཐིང་མཁའ་དབྱིངས་ན་རྒྱུ་བའི་ཆུ་འཛིན་དཀར་པོ་དེའང་ངང་ངུར་དང་ལྷན་དུ་གར་དུ་རྩེན་ལ།  གཡང་དཀར་ལུག་ཁྱུ་དང་བསྡོངས་ནས་རམ་དཀར་རྩྭ་ཡི་མངར་ཁ་མྱོང་། 

ཨ།  དབྱར་གྱི་སྒེག་མོ། ཁྱེད་ཀྱིས་སྦྲང་ཆར་གྱི་བདུད་རྩི་འཇོ་བས། མཐའ་ཡས་པའི་རྩྭ་ཐང་ལ་བདེ་སྐྱིད་ཀྱི་མེ་ཏོག་ལྷུག་ལྷུག་ཏུ་གྲོལ་བས།  ཤྭ་རྐྱང་མ་བུས་རྩེད་བྲོ་རྡུང་གིན་རི་སྐྱེས་སྣ་ཚོགས་ཀྱི་སེམས་པ་དྲོ་སོང་།  ད་དུང་བྱ་དང་བྱེའུས་གྲེ་འགྱུར་ཁྲོད་ན་ཕྱེ་ལེབ་སྒེག་མོས་གར་སྟབས་ལ།  རྐང་དྲུག་བུང་བས་རམ་འདེགས་བྱས་སོང་ཨང་། 

     ཨ།  དབྱར་གྱི་སྒེག་མོ།  ཁྱེད་ཀྱིས་སྐྱེ་འགྲོ་ཀུན་ལ་མཛེས་སྡུག་གི་ལང་ཚོ་གསར་བ་བསྣན་པས།  རྫི་བུ་གཞོན་ནུའི་གླུ་གཞས་དང་ཁུ་བྱུག་སྔོན་མོའི་གྲེ་འགྱུར་ཀློང་ན་འབྲི་དང་མཛོ་མོའི་ནུ་ཁ་གང་བ་ཁྱེད་ཀྱི་དྲིན་དང་།  མར་དང་ཆུར་བའི་དོ་བོ་རྩིག་པའང་ཁྱེད་ཀྱི་དྲིན་ཡིན་པ་མ་ཟད།  ཞོ་དང་འོ་མའི་ཆར་ཆུ་བྲུག་པའང་ཁྱེད་ཀྱི་དྲིན་ནོ།།

     ཨ།  དབྱར་གྱི་སྒེག་མོ།  འབྲི་མོའི་བཞོ་དབྱངས་འདི་ཁྱེད་ཀྱི་བསྟོད་གླུ་ཡིན་ལ།  འོ་མའི་མངར་ཁ་འདི་ཁྱེད་ཀྱི་ཞིམ་མངར་དང་།  སྦྲང་དཀར་རྩམ་པ་འདི་ཁྱེད་ཀྱི་ལྷག་བསམ་ཡིན།  ད་དུང་གཡང་དཀར་ལུག་ཁྱུ་འདི་ཁྱེད་ཀྱི་བྱམས་བརྩེ་དང་།  མཐིང་སྨུག་སྦྲ་ཆུང་འདི་ཡང་ཁྱེད་ཀྱིས་བསྐྲུན་པའི་བདེ་སྐྱིད་ལགས་པས།  ང་རང་ནམ་ཡང་ཁྱེད་ཀྱི་མཛེས་སྡུག་ལ་དགའ་འོ།།

                                སྟོན་ཀ

སྟོན་ཀ་བསླེབས་བྱུང་།   སྟོན་གྱི་ནམ་མཁའ་སྔོ་ཞིང་དྭངས་པས་སྤྲིན་དཀར་གྱི་ཕུང་པོ་སྔར་ལས་དཀར་ཞིང་མཛེས་ལ།  ཁྲུང་ཁྲུང་དཀར་མོ་ཤར་གཉིས་སུ་བསྟར་ཕྲེང་སྒྲིག་སྟེ་ལྷོ་ཕྱོགས་སུ་སྐྱོད་པ་ནི།  བེེཌཱུརྱའི་ས་གཞི་རུ་མེ་ཏོག་དཀར་པོ་ཚོམ་བུར་བཞད་པ་ལ།  དཀར་མཛེས་ཕྱེ་ལེབ་སྒེག་མོ་ཁྱུ་ཞིག་གིས་འཕུར་ལྡིང་གར་ལ་རོལ་བ་དང་ཀུན་ནས་མཚུངས་ཨང་།  

ཨ།  སྟོན་གྱི་རྒྱལ་མོ།  ཁྱེད་ཀྱིས་ཉི་ཟེར་གྱི་མདངས་ལ་འཁུ་བའི་གོས་ཆེན་གྱི་ན་བཟའ་གྱོན་ནས་མཐའ་ཡས་པའི་རྩྭ་ཐང་ལ་གསེར་མདོག་གི་མཛེས་སྡུག་བསྣན་པས།  གསེར་མདོག་གི་དུས་ཚིགས་འདིར་གསེར་ལས་དཀོན་པའི་ལེགས་སྐྱེས་གནང་སྟེ།  རྟ་ནོར་ལུག་གསུམ་ལ་ཤ་ཤེད་རྒྱས་ཤིང་།  གསེར་མདོག་གི་འབྲི་མར་སེར་པོས་སྦྲ་ཁྱིམ་གྲུ་བཞིར་བདེ་སྐྱིད་བསྐྲུན་སོང་བས། འབྲོག་དམངས་ཀྱི་དགོད་སྒྲ་དེའང་ཁྱེད་ལ་གཏོར་བའི་སྙན་ཚིག་གི་མེ་ཏོག་ལགས། 

ཨ།  སྟོན་གྱི་རྒྱལ་མོ།  ཁྱེད་ཀྱིས་འཁྱག་ཤུར་ཤུར་གྱི་བསིལ་རླུང་གི་ཀི་རིང་ཞིག་གིས་གནས་འདིའི་དུས་བྱ་རྣམས་དཀྲོགས་ཏེ་ལྷོ་ཕྱོགས་སུ་འཕུར་འགོ་བརྩམས་ནའང་ཕྱིར་མིག་གི་བདེ་མོའི་ཁྲོད་ན་ཁྱེད་ལ་སྨོན་པའི་ཞེན་ཆགས་ལྕི་བས། ཁྱེད་ཉིད་ནམ་ཡང་ཁོ་ཚོ་དང་ང་ཚོའི་སེམས་པའི་དྲན་ཤིང་ལོ་མ་ཡིན།  གསེར་མདོག་ཉི་མ་ཡིན། ཅིའི་ཕྱིར་ཞེ་ན། ཁྱེད་ཀྱིས་ང་ཚོའི་རེ་བའི་ལྗོན་པར་བདེ་སྐྱིད་ཀྱི་འབྲས་བུའི་འཁུར་གྱིས་བརྒྱན་ཕྱིར།  རང་ཉིད་ཀྱི་ཡོད་ཚད་གསེར་དུ་བསྒྱུར་ནས་སྐྱེ་དགུ་ཡོངས་ལ་མཁོ་དགུ་སྩོལ་བས།  ཁྱེད་ཉིད་བྱམས་སེམས་ཀྱི་བདག་མོ་ལགས་སོ།། 

ཨ་སྟོན་གྱི་རྒྱལ་མོ།  ང་ཚོ་ནམ་ཡང་ཁྱེད་ཀྱི་མཛད་འཕྲིན་ལ་མོས་ཤིང་།  ཁྱེད་ཀྱི་ལྷད་མེད་ཀྱི་གསེར་མདོག་གི་དུས་ཚིགས་ལ་དུངས་པས།  ཁྱེད་ཉིད་ལྷག་པར་དྲན་ངེས།

                             དགུན་ཁ།

དགུན་ཁ་བསླེབས་བྱུང་། ཉི་མའི་བརྩེ་བ་ལྷོ་ལ་བསྲིངས་པས་གྲང་ལྷགས་འུར་འུར་ལྡང་ནས་ས་གཞི་ཙག་གིས་བསྡམས།  རྩི་དོ་སྐྱ་བོས་སྨྲེ་སྔགས་ཁྲོད་ན་ཕྱུགས་རྫི་རྒན་པོའི་འུར་ཆ་རྣ་ལ་གཟན་པས་སྒོ་ཕྱུགས་རྟ་ནོར་ལུག་གསུམ་ཀྱི་སེམས་པ་འཁྱག་པས་བསྡམས་ལ། སྤང་ལྗོངས་སྔོན་མོའི་རྒྱན་དུ་གྱུར་བའི་སྦྲ་ནག་དེ་ཡང་ལྷགས་རླུང་གི་འུར་སྒྲར་སུན་སྣང་གིས་རེ་ཞིག་དབེན་གནས་སུ་ཡིབ་པ་ལའང་འདྲ་བྱུང་།

སྐྱ་ཐེར་ཐེར་ཡོད་པའི་ས་ཁང་དང་ལྕི་ཁང་གི་ཕུག་ན་འབྲོག་ཁྱིམ་རེ་རེས་ཨོང་བའི་མེ་དྲོད་ཀྱི་བདེ་བས་བཟི་འདུག མཐའ་འཁོར་ན་འཁྱིལ་བའི་གནག་ཕྱུགས་ཀྱིས་གྲང་ལྷགས་ལ་འགྲན་པའི་ཚུལ་གྱིས་སྣ་ཁུང་ལས་དྲོད་རླངས་བར་མེད་དུ་བཏང་བ་འདྲ། ལྷས་འདབས་ཀྱི་སྒོ་ཁྱི་རྒྱ་བོས་མཚན་སྨག་གིས་འདེད་བཞིན་པའི་སྐར་ཚོགས་ལ་རྨུག་གིན་འདུག་པས། དགུན་གྱི་སྲས་མོ་བྲེལ་འཚུབ་ངང་རབ་དཀར་ཁ་བའི་དགུན་སློག་མཐུག་པོ་ཞིག་གིས་མཐོ་སྒང་གི་རི་ལུང་ཐང་གསུམ་མེད་པར་གཡོག་བྱུང་པས། རེ་ཞིག་ས་གཞི་ཐམས་ཅད་དུང་མདོག་གི་འཇིག་རྟེན་ཞིག་ཏུ་གྱུར་ལ། ལྷུང་ལྷུང་དལ་གྱིས་འབབ་པའི་རྨ་ཀླུང་དལ་འགྲོ་རིང་མོ་སོགས་ཆུ་བོ་དང་ཆུ་ཕྲན་དག་ཀྱང་སྨྲ་བརྗོད་མེད་པར་འཁྱག་པའི་མལ་ཐུལ་མཐུག་པོ་ཞིག་གི་སྦུབས་ན་གཉིད་དུ་ཡུར་ཞིང་ཆུ་བོར་དར་ཟམ་བསྐྲུན་ཏེ་སྐྱེ་འགྲོ་ཀུན་ལ་འགྲོ་འོང་སྟབས་བདེ་རེ་བཟོ་བཞིན་འདུག

                                དཔྱིད་ཀ

དཔྱིད་ཀ་བསླེབས་བྱུང་། དཔྱིད་ཀྱི་བུ་མོས་མུ་མཐའ་མེད་པའི་ས་མཐོའི་ཡུལ་གྲུ་ཀུན་ལ་འཕྲིན་བཟང་སྐྱེལ་ནས།  དགུན་གསུམ་ཙག་གིས་བསྡམས་པའི་རི་བོས་ཕྱིང་ཞྭ་ཕུད་བྱུང་ལ།  ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན་དང་རྨ་ཀླུང་དལ་འགྲོ་རིང་མོས་ཀྱང་། དགུན་ཀྱི་འཁྱག་རོམ་ལས་ཐར་ཏེ་དཔྱིད་ཀྱི་བུ་མོར་བསྟོད་གླུ་ལེན་བཞིན་ནོར་འཛིན་སྒེག་མོའི་ལྟོ་བར་དྭངས་གཙང་གི་དར་ཀྱི་སྐ་རགས་བཅངས་པ་དང་གཉིས་སུ་མ་མཆིས།

   ཨ་དཔྱིད་དཔལ་བུ་མོ།  ཁྱེད་ཀྱིས་འཇམ་མཉེན་གྱི་ལག་ཟུང་གི་གར་སྟབས་དང་འདྲ་བའི་དྲོ་འཇམ་གྱི་བསིལ་རླུང་དལ་གྱིས་གཡུགས་པས།  མཐོ་སྒང་གི་སྐྱེས་དངོས་ཀུན་ལ་ཚེ་སྲོག་གི་རེ་བ་གསལ་བ་བསྣན་བྱུང་ལ།  མཐོ་སྒང་ལ་རིང་ནས་དུངས་པའི་གཞས་པ་དང་གར་བའི་ཚོགས་ཏེ་དུས་བྱ་རྣམས་མགྲོན་དུ་བསུས་པས། མཐོ་སྒང་གི་འཚོ་རྟེན་ཏེ་འབྲོང་གཡག་དར་མའི་རྭ་ཁ་གོར་སོང་ལ། འབྲི་མོ་མ་བུའི་བརྩེ་བའང་མངར་བྱུང་། 

ཨ། དཔྱིད་དཔལ་བུ་མོ།  ཁྱེད་ཀྱི་བསིལ་འཇམ་གྱི་རླུང་བུས་གཡང་དཀར་ལུག་གི་བལ་ཁ་འཇམ་ནས།  འབའ་འབའ་ལུ་གུ་ལ་རྩེད་ར་ཞིག་གནང་རྐྱེན། སྐྱེ་བོ་ཀུན་ལ་ཡང་ཆུང་བྱིས་དུས་སུ་འབའ་འབའ་ལུ་གུ་འཚོས་པའི་གཏམ་རྒྱུད་ཡང་བསྐྱར་སེམས་ངོགས་སུ་དཔྱིད་མགོའི་མེ་ཏོག་གི་ཚུལ་གྱིས་བཞད་དུ་བཅུག་སོང་།

   དཔྱིད་དཔལ་བུ་མོ།  ཁྱེད་ཀྱིས་སྐྱེ་འགྲོ་ཀུན་ལ་རེ་བ་དང་དབུགས་དབྱུང་བསྩལ་བས།  ང་ཁྱེད་ཀྱི་གཡོ་མེད་ཀྱི་ལྷག་བསམ་ལ་དགའ་ཞིང་དུངས་སོ།།

                                                         ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
a70e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41556417
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1