བཟོ་ལས་འབགས་བསླད་ཀྱིས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» ཁོར་ཡུག་སྲུང་སྐྱོབ། »བཟོ་ལས་འབགས་བསླད་ཀྱིས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ།
བཟོ་ལས་འབགས་བསླད་ཀྱིས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/7ལྟ་ཀློག (6790)རྩོམ་ཁུངས: པར་འདེབ།

༄༅། །ཨ་མདོའི་ཨར་འདམ་བཟོ་གྲྭས་ཧོར་གཙང་ས་

ཆར་གནོད་སྐྱོན་ཐེབས་པ་རོབ་ཙམ་གླེང་བ།

 སྐུད་པ།     རྔ་བ།

བརྡ་ཆད་གཙོ་བོ།བཟོ་ལས་འབགས་བསླད་ཀྱིས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ།རང་བྱུང་ཁམས་ཆེན་པོ་བདག་དོན་གྱི་གལ་གནད།

གླེང་གཞི།

          དེ་ཡང་དུས་རབས་ཉེར་གཅིག་པའི་དུས་འགོར་འདིར་འཛམ་གླིང་ཤར་ནུབ་མེད་པར་ཚན་རིག་གི་ལག་རྩལ་གོང་ནས་གོང་དུ་འཕེལ་ཏེ་ཀུན་གྱིས་དེའི་ཕན་གནོད་ཀྱི་ཕྱོགས་གཉིས་ཆ་ནས་ཕན་པ་རྒྱུན་བསྲིངས་དང་གནོད་པ་འགོག་ཐབས་ཀྱི་ལས་ལ་བརྩོན་པའི་སྐབས་འདིར།   རང་རེའི་བོད་ཀྱི་ས་ཁུལ་འགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དོ་དམ་ལེགས་པོ་མ་བྱས་པས། ཉེ་བའི་ལོ་འགའི་རིང་ཆུ་ཀླུང་མང་བོའི་བཞུར་རྒྱུན་ཆད་པ་དང་།    མཐོ་སྒང་གི་སྲོག་ཆགས་དང་སྐྱེ་དངོས་རྩ་ཆེན་རྒྱུན་ཆད་ནས་མིང་ཙམ་ལས་མེད་པ་དང་།    རི་ཐང་ས་ནག་དང་བྱེ་ཐང་དུ་གྱུར་བ་སོགས་ཀྱིས་ཁོར་ཡུག་གི་གནས་བབ་ཧ་ཅང་ཇེ་སྡུག་ལ་འགྲོ་བཞིན་ཡོད་པ་དང་ཆབས་ཅིག་ཨ་མདོའི་ཨར་འདམ་བཟོ་གྲྭས་ཀྱང་དུག་རྫས་ཀྱིས་མཁའ་དབུགས་འབགས་བཙོག་བྱས་པའི་གནོད་སྐྱོན་དང་།     བཟོ་གྲྭ་འདིའི་བཟོ་ལས་པ་གང་མང་ལ་ནད་རིགས་བྱུང་བའི་གནོད་སྐྱོན་ཐེབས་པ་མིག་མཐོང་ལག་ཟིན་གྱིས་རོབ་ཙམ་གླེང་བར་བྱའོ། །

       

དང་བོ། དུག་རྫས་ཀྱིས་མཁའ་དབུགས་འབགས་བཙོག་བྱས་པའི་གནོད་སྐྱོན།

      ང་ཚོས་སྣོད་བཅུད་གཉིས་ཀྱི་ཕན་ཚུན་རྟེན་འབྲེལ་མི་འཕྱུག་ཐབས་སུ་འདས་པའི་ལོ་རྒྱུས་ཀྱི་རྩིག་ལྡེབས་དངོས་སུ་འཇིག་རྟེན་འདིར་ནད་ཡམས་འཁྲུག་རྩོད་བྱུང་བ་དང་།  ས་གཡོ་རི་ཉུལ་སོགས་ཇི་ལྟར་བྱུང་བར་བསམ་གཞིག་བཏང་སྟེ།   ད་ལྟའི་ཁོར་ཡུག་གི་གནས་བབ་དང་ཨར་འདམ་བཟོ་གྲྭ་འདི་ལྟ་བུས་རང་བྱུང་ཁམས་ལ་གནོད་སྐྱོན་ཐེབས་པའི་སྣང་ཚུལ་འདི་དག་སྔོག་འདོན་བྱས་ནས།     མ་འོངས་འབྱུང་འགྱུར་གྱི་འཚོ་བའི་ཁྲོད་དུ་རང་བྱུང་འབྱུང་བཞིའི་གནོད་པ་སེལ་ཐབས་སུ་བརྩོན་དགོས་པ་སྨྲོས་མེད་དུ་གྲུབ་པས་མི་སུ་ཡིན་ཡང་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བཞག་ལ་མཐོང་ཆེན་གྱི་འདུ་ཤེས་ཆགས་དགོས་པ་སྨྲོས་མེད་དུ་འཁུམས།   དེས་ན་རང་བྱུང་ཁམས་ཆེན་པོ་འདི་འདྲ་ཆེ་བས་ང་ཚོས་ཇི་ལྟར་སྲུང་སྐྱོབ་བྱེད་ཅེ་ན།ཐོག་མར་རང་བྱུང་ཁམས་ཆེན་པོའི་ཆར་གཏོགས་རང་ཉིད་འཚོ་སྡོད་ཀྱི་ཁོར་ཡུག་ནས་མགོ་རྩོམ་དགོས་པས།    འདིར་མ་བརྗོད་རང་དབང་མེད་པའི་ཨ་མདོའི་ཨར་ལས་མཐུན་གཉེར་བཟོ་གྲྭ་ལྟ་བུར་མཚོན་ན་སྤྱི་ལོ་ཧོར་གཙང་ས་ཆར་འཛུགས་བསྐྲུན་བྱས་པ་ནས་བཟུང་བཟོ་གྲྭའི་དུག་རྫས་ཀྱི་དུ་བ་ཧ་ཅང་ཆེ་སྟབས་མཁའ་དབུགས་འབགས་བཙོག་ཏུ་བཏང་སྟེ་འདབ་ཆགས་བྱ་ཡི་རིགས་ཀྱི་རྒོད་ཐང་དཀར་ཐང་ནག   བྱ་ཁྲ།  བྱ་གག  བྱ་རོག   ཁྭ་ཏ།   འུག་པ།   སྐྱ་ཀ   འཇོལ་མོ།  བྱེའུ་འཕོང་བ།  བྱ་སྡོང་རྐོ།   བྱེའུ་ནེ་ཕྱེ་རྒྱ་རེས།  ཁ་ལ་ཡུག  ཁུ་བྱུག ཁང་བྱེའུ་སོགས་བྱ་ཡི་རིགས་ཇེ་ཉུང་དུ་སོང་འདུག་པ་མ་ཟད།    ཡུལ་ཕྱོགས་གཞན་ནས་འཕུར་ཡོང་བའི་བྱ་བྱེའུ་ཕལ་མོ་ཆེ་ཡང་དུག་རྫས་ཀྱིས་འབགས་བསླད་བཏང་བའི་དུ་བ་དང་འཕྲད་སྐབས་ཚེ་སྲོག་བཀུམ་པ་ཧ་ཅང་མང་བ་རེད།དོན་ངོ་མ་བཤད་ཡོང་ནའང་རང་རེའི་བོད་ཁུལ་ནི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་གཙང་ཞིང་མཛེས་སྡུག་ལྡན་པའི་འབྱུང་ཁུངས་ལྟ་བུ་ཡིན་པ་ནི་རི་སྐྱེས་འདབ་ཆགས་བག་ཡངས་སུ་རྒྱུ་ཞིང་རྩི་ཤིང་སྨན་སྣས་དྲི་བསུང་འཐུལ་ཏེ་རི་མཐོ་ཆུ་གཙང་གི་ཉམས་དགའི་ཁོར་ཡུག་ཏུ་ངོས་འཛིན་བྱས་པ་བདེན་མོད།      ཨར་ལས་བཟོ་གྲྭ་འདི་ལྟ་བུར་མཚོན་ན་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནའི་ཆེད་དུ་གནས་རི་ཐམས་ཅད་འཕྲུལ་གྱིས་སློག་སྟེ།  རྡོ་གཡའ་མ།  འཛེང་རྡོ། རྫ་རྡོ།  ཆུ་རྡོ།    འགྱུར་རྡོ་སོགས་གཏེར་རྡོ་སྣ་ཚོགས་སྔོག་འདོན་བྱས་ཏེ་འགྱུར་རྫས་ཀྱིས་འབགས་བསླད་བཏང་སྟེ་རྡོ་འཐག་པའི་ཐལ་རྡུལ་དང་སྙིགས་རྫས་རྡུལ་རླུང་བཟོ་གྲྭའི་དུ་བ་དང་འདྲེས་ཚེ་མཁའ་ནས་འབབ་པའི་སྦྲང་ཆར་ཡང་སྐྱུར་ཆར་དུ་གྱུར་བས་རི་ཆུ་ནགས་གསུམ་ལས་རྩི་ཤིང་ནགས་ཚལ་གྱི་རིགས་ལ།  ཙན་དན་དཀར་དམར།  འབྲུ་ཤུག   ཚེར་ཤུག   གསོམ་དཀར་ནག   སྟག་དཀར་དམར།   ཐང་ཤིང་།  རྒྱ་ལྕང་།  སྨྱུག་མ།  སྲ་ཤིང་སོགས་དང་། མེ་ཏོག་གངས་ལྷ།  མེ་ཏོག་སེར་ཆེན།  མེ་ཏོག་པདྨ།  རྩྭ་པདྨ།  ཤིང་པདྨ།  སུག་སྨེལ།  མེ་ཏོག་སུ་རུ་རྒྱལ་མཚན་སོགས་རྩི་ཤིང་མེ་ཏོག་

འབོར་ཆེན་གྱི་སྐྱེ་སྟོབས་ཆུང་དུ་ཕྱིན་པ་མ་ཟད།  རྫས་ཀྱིས་འབགས་བསླད་བཏང་བའི་དུ་བ་དང་སྐྱུར་ཆར་རེག་སྐབས་འདབ་ལོ་སོགས་སྐམ་འགྲོ་བ་མངོན་གྱུར་རེད།     ད་དུང་ས་དེའི་ཆུ་འཐུང་བའི་མི་དང་སྲོག་ཆགས་ཀུན་ལ་གནོད་པ་ཚབས་ཆེན་ཐེབས་འདུག་པ་སྨྲོས་མ་དགོས་ཤིང་།    སྤྱིར་ཧོར་གཙང་ས་ཆར་རྒྱུས་ཡོད་པའི་མི་ཞིག་ཡིན་ཚེ་རྩ་ཆེའི་སྐྱེ་དངོས་དང་རི་སྐྱེས་སྲོག་ཆགས་ཐམས་ཅད་སྐྱེ་འཕེལ་ཐད་ནས་ཇེ་ཉུང་དང་རྩི་ཤིང་ནགས་ཚལ་གྱི་ཐོན་ཁུངས་ལ་བཟོ་ལས་འབགས་བསླད་ཀྱིས་གནོད་པ་ཐེབས་པ་ཧ་སང་བའི་དོན་དག་ཅིག་མ་ཡིན་ནམ།

 

གཉིས་པ། བཟོ་གྲྭ་འདིའི་ལས་བཟོ་བ་གང་མང་ལ་ནད་རིགས་བྱུང་བའི་གནོད་སྐྱོན།

     དེ་ཡང་ཟས་གཙང་ཟ་བ་དང་ཆུ་གཙང་འཐུང་བའི་ས་འདིའི་ཞིང་འབྲོག་དམངས་ཚོགས་ལ་མཚོན་ན་གནའ་ནས་ད་བར་དུ་མཁའ་དབུགས་གཙང་མ་འབྱིན་རྔུབ་བྱས་པས་དེང་རབས་རྫས་ཉེས་ཀྱིས་མ་རེག་པར་གློ་བའི་ཚ་ནད་ལྟ་བུ་གཅིག་ཀྱང་མ་བྱུང་ཡང་།   ཨར་འདམ་བཟོ་གྲྭ་ས་དེར་ཆགས་སྐབས་ཞིང་བ་ཕལ་མོ་ཆེས་འཕྲལ་ལ་ཁེ་བ་འདྲ་བས་རང་གི་ས་ཞིང་མང་བོ་བཙོང་སྟེ་ཕུགས་སུ་གནོད་པ་སྐྱེལ་བ་ནི་དཔལ་འབྱོར་གྱི་ཐོན་ཁུངས་གཞན་དག་མ་འཁྱོངས་སྟབས་ས་འདིའི་མི་མང་བོ་ཨར་འདམ་བཟོ་གྲྭའི་ནང་དུ་གླ་བ་བྱས་ནས་ཡོད་པ་དེ་རེད།   རྒྱུས་ལོན་བྱས་པ་ལྟར་ན།   ཧོར་གཙང་མར་ཐང་སྡེ་བ་དང་། ཡར་ཐང་སྡེ་བ།  མ་ར་སྡེ་བ།  ཙག་ཙག་སྡེ་བ།  བ་ངན་ཚའི་སྡེ་བ་སོགས་ཀྱི་གླ་བ་འགའ་ལ་མཐོ་རིམ་སྲོག་ཆགས་ཀྱི་ཟས་འཇུ་བྱེད་དམ་ཟས་བཅུད་སོགས་རྫས་རིགས་རྙིང་འདོར་གསར་ལེན་སོགས་ལུས་ཀྱི་འདུ་བ་སྙོམ་པོར་བྱེད་པའི་དོན་ལྔའི་ཡ་གྱལ་མཆིན་པ་ལ་དུག་རྫས་འབགས་བསླད་ཀྱི་རེག་པས་མཆིན་ནད་གསར་བ་ཞིག་བྱུང་སྟེ་ད་སྐབས་བཅོས་ཐབས་མེད་པའི་ཚད་དུ་སླེབས་པ་དེ་རེད།   ཡང་གཅིག་བཤད་ན།   བཟོ་རིགས་འབགས་བསླད་འདིས་ཟས་རིགས་ལ་ས་སྟེང་ནས་ཐེབས་པའི་གནོད་སྐྱོན་དང་།  ཟས་རིགས་ལ་ཆུ་ནང་ནས་ཐེབས་པའི་གནོད་སྐྱོན་མཐའ་ཡས་པས་ང་ཚོས་ཁོར་ཡུག་སྲུང་སྐྱོབ་ལ་གཟབ་ནན་གྱིས་ལྟ་ཞིབ་བྱེད་དགོས་པ་ཁ་ཚ་དགོས་གཏུག་ཏུ་འཁུམས་པ་ལགས།ངས་ས་དེའི་མི་ཞིག་ལ་ཨར་འདམ་བཟོ་གྲྭ་འདིས་ཁྱེད་ཅག་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་སྐྱེལ་འདྲེན་བྱས་ཡོང་ངམ་ཞེས་དྲིས་སྐབས།   ཁོས་མགོ་བོ་སྨད་དེ་བཟོ་གྲྭ་འདི་ཆགས་པ་ནས་ང་ཚོས་འཐུང་ཆུ་གཙང་མ་དང་ཐ་ན་སྲང་ལམ་ཐམས་ཅད་དུ་རྡུལ་རླུང་བྱེར་བས་མཁའ་དབུགས་གཙང་མ་ཡང་འབྱིན་པའི་སྐལ་བ་ཕྲ་སོང་ཟེར།   དེར་བལྟས་ན་ཨར་འདམ་བཟོ་གྲྭ་འདིས་ཁོར་ཡུག་ལ་གཏོར་བརླགས་ཅི་ཙམ་བྱས་ཀྱང་མི་འགྲིག་གི་ཟེར་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་པ་ཞིག་མེད་སོང་བ་རེད།   ཨར་འདམ་བཟོ་གྲྭ་འདིས་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་དུག་རྫས་ཀྱིས་འབགས་བསླད་རང་དགར་བྱས་ཀྱང་དེའི་གཉེན་པོའི་རྫས་དངོས་སྔོག་འདོན་གྱི་ཚན་རིག་པ་ཞིག་མེད་སོང་བ་རེད།   ཨར་འདམ་བཟོ་གྲྭ་འདིས་རི་སྐྱེས་སྲོག་ཆགས་དང་མིའི་ཚེ་སྲོག་ལ་གནོད་པ་ཚབས་ཆེན་ཐེབས་ཀྱང་གྲངས་ཉུང་མི་རིགས་ཀྱི་ས་ཆར་ཚེ་སྲོག་ལ་མཐོང་ཆེན་བྱེད་པའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་ས་གནས་ལས་བྱེད་པ་ཞིག་མེད་སོང་བ་རེད།

ཀྱེ་ཀྱེ་ཀློག་པ་བོ་ལགས།   མདོར་ན་དེང་རབས་རྫས་ཉེས་ཀྱིས་འབགས་བསླད་བཏང་བའི་ཁོར་ཡུག་འདིར་འབྱོར་ན་ཁྱོད་ལ་ཚོར་སྣང་ཟབ་མོ་ཞིག་སྟེར་སྲིད།  གལ་ཏེ་ཁྱེད་རང་ཡིད་སྐྱོ་བས་མཆུ་མ་དང་སྐད་ཆ་མགྲིན་པར་བརྣངས་ཡོང་ན་རང་གི་ས་ཆ་ལ་དོ་སྣང་ལེགས་པོ་བྱས་ཏེ་བདག་གིས་གསལ་བརྗོད་ཅིག་འབྲི་མ་ཐུབ་པ་དག་གསོན་ཉམས་ལྡན་པ་ཞིག་འབྲི་བར་འཚལ་ལོ་ཞེས་ས་དེའི་གངས་ལྗོངས་ཤེས་རིག་དཔག་བསམ་ལྗོན་པའི་གླིང་དུ་གདན་ཞུས་དགེ་རྒན་ཙམ་བྱས་པའི་སྐབས་ཤིག་འབྱུང་འགྱུར་འགྲོ་བ་མིའི་རིགས་ལ་ས་ཆ་གང་ཡིན་ཡང་གྲ་སྒྲིག་ཡོད་པའི་ངང་རི་སྐྱེས་ཁོར་ཡུག་སྲུང་སྐྱོབ་བྱས་ནས་གནོད་སྐྱོན་འདི་དག་བཀག་སྡོམ་བྱས་ཏེ་སྣོད་ཀྱི་རྟེན་འབྲེལ་བཟང་བོའི་ཟུངས་ཟད་དུ་མ་བཅུག་པར་བཅུད་ཀྱི་སེམས་ཅན་ལ་བདེ་སྐྱིད་ཅིག་བསྐྲུན་ཐུབ་རྒྱུ་བྱུང་ན་སྙམ་ནས་བྲིས་པའོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
41034929
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1