བོད་ཀྱི་གསོ་བ་རིག་པའི་རྨང་གཞི་འབྱུང་བཞིའི་སྐོར་རགས་ཙམ་དཔྱད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཕྲོད་བསྟེན། འཛེམ་བྱ། »བོད་ཀྱི་གསོ་བ་རིག་པའི་རྨང་གཞི་འབྱུང་བཞིའི་སྐོར་རགས་ཙམ་དཔྱད་པ
བོད་ཀྱི་གསོ་བ་རིག་པའི་རྨང་གཞི་འབྱུང་བཞིའི་སྐོར་རགས་ཙམ་དཔྱད་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/7/7ལྟ་ཀློག (3603)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                                                                          ཚེ་རིང་དོན་གྲུབ།

སྨན་པ་རྣམས་ཀྱི་མི་ཤེས་སུ་མི་རུང་བའི་བོད་ཀྱི་གསོ་བ་རིག་པའི་རྩ་དོན་ནི་འབྱུང་བ་བཞི་ཡིན་ཅིང་། དེ་དག་ལ་བརྟེན་ནས་ལུས་ནད་གཉེན་པོ་གསུམ་བདག་ཉིད་གཅིག་ཏུ་འབྲེལ་ཡོད་པ་སྟེ། འབྱུང་བ་དེ་དག་ཕན་ཚུན་སྐབས་སུ་གནོད་བྱ་གནོད་བྱེད་དུ་གྱུར་ནས་ལུས་ལ་བརྟེན་ནས་ནད་འབུང་རྒྱུ་ཡོད་པ་དང་། ནད་འབྱུང་བ་དེ་གཉེན་པོ་སྨན་ལ་བརྟེན་ནས་ཞི་བར་བྱེད་རྒྱུ་ཡོད་པ། ནད་ཞི་ནས་ནད་མེད་བདེ་བར་གནས་རྒྱུ་ཡོད་པ་བཅས་ཚང་མ་འབྱུང་བཞིའི་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བའི་རྒྱུ་མཚན་དང་རྟེན་དང་རྟེན་པའི་འབྲེལ་བ་ལས་བྱུང་བ་ཤ་སྟག་ཡིན་པས་སྨན་བཅོས་ལག་ལེན་དངོས་ཀྱི་ཐོག་ནས་ཀྱང་རླུང་མཁྲིས་བད་ཀན་གསུམ་གྱིས་སྤྱི་ཁོག་ཕུབ་ཅེས་པའི་རྩ་དོན་དེ་ལག་བསྟར་བྱེད་དགོས་པ་ཡིན་ནོ།

 བོད་ཀྱི་གསོ་བ་རིག་པའི་རྩ་དོན་འབྱུང་བཞིའི་སྐོར་རགས་ཙམ་གླེང་བ་བྱ་བ་ལ། དང་པོ་འབྱུང་བའི་མཚན་ཉིད་དང་། གཉིས་པ་ཕྱི་ནང་འབྱུང་བ་གཉིས་ཟུང་དུ་འབྲུལ་ཚུལ། གསུམ་པ་འབྱུང་བས་ནང་གི་ལུས་ཁམས་གྲུབ་ཚུལ་བཅས་རྣམ་པ་གསུམ་གྱི་སྒོ་ནས་བརྗོད་པར་བྱ་བ་ཡིན། 

དང་པོ། འབྱུང་བའི་མཚན་ཉིད། 

འབྱུང་བ་ཞེས་པ་ནི་ས་ཆུ་མེ་རླུང་ནམ་མཁའ་ལྔ་སྟེ་འདུས་བྱས་ཀྱི་ཆོས་ཐམས་ཅད་ཐོག་མར་སྐྱེ། བར་དུ་གནས། མཐའ་མར་འཇིག་པར་བྱེད་པའི་དངོས་པོ་ཐམས་ཅད་འཕེལ་འགྲིབ་བྱེད་པའི་རྒྱུའི་གཙོ་བོ་མིག་གི་སྤྱོད་ཡུལ་ལས་བརྒལ་བ་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་དང་ནང་བཅུད་ཀྱི་སེམས་ཅན་གྱིས་བསྡུས་པའི་ལུས་ཁམས་ཀྱི་ཕུང་པོ་རྣམས་གྲུབ་པར་བྱེད་པའི་རྫས་ཤིན་ཏུ་ནས་ཕྲ་བ་དེ་བརྗོད་ཅིང་དེའང་གཟུགས་ཀྱི་ཆུང་མཐའ་རྡུལ་ཕྲ་རབ་དེ་ཉིད་ལ་ཟེར་བ་ཡིན། རྒྱ་ནག་གི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་དག་པ་གསེར་གྱི་མདོ་ཐིག་ལས། དང་པོ་སྲིད་ནས་རབ་དུ་ཆགས། །ཐ་མ་འཇིག་ཀྱང་འབྱུང་བས་འཇིག །འབྱུང་བ་བྱ་བའི་དབང་པོ་ཆེ། འགྲོ་བ་རིགས་དྲུགས་སེམས་ཅན་གྱི། རྐྱེན་དང་རྒྱུ་དང་ས་བོན་རྣམས། ཞེས་དང་། སྟག་ཚང་ལོ་ཙྭ་བས། སྣོད་བཅུད་བརྟན་གཡོའི་དངོས་པོ་ཀུན།   ས་ཆུ་མེ་རླུང་ནམ་མཁའ་བཅས། །འདི་དག་ལ་བརྟེན་འབྱུང་བའི་ཕྱིར། འབྱུང་བ་ཞེས་སུ་བཤད་པ་ཡིན། །ཞེས་གསུངས་པ་ལྟར་རོ།།

གཉིས་པ། ཕྱི་ནང་འབྱུང་བ་གཉིས་ཟུང་དུ་འབྲེལ་ཚུལ། 

རང་ཅག་བོད་ཀྱི་མེས་པོ་ཚོས་འཚོ་གནས་དང་འཕེལ་རིམ་གྱི་དགོས་མཁོར་གཞིགས་ནས་འབྱུང་བའི་རིགས་པ་ངེས་པ་དོན་གྱིས་རྟོགས་ཡོད་པ་ནི། ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང་ལས། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་འདི་ནམ་མཁའ་སྟོང་པ་མཐའ་ལས་འདས་པ་ཞིག་ཡོད་པ་ལས། རླུང་གི་དཀྱིལ་འཁོར་ཁ་དོག་སྔོ་སྐྱ་ཤིན་ཏུ་སྲ་བ། རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་དང་། རྒྱར་གྲངས་མེད་པ་ཅིག་ཆགས་སོ། ཞེས་གསུངས་པ་བཞིན། རང་ཅག་རྣམས་འཚོ་སྡོད་བྱེད་ཡུལ་གྱི་སའི་གོ་ལ་འདི་ཐོག་མར་ཆགས་པའི་སྐབས་སུ་བར་སྣང་སྟོང་པའི་དབྱིངས་ན། ཕྱོགས་བཅུ་སོ་སོ་ནས་རླུང་ལངས་པ་ཕན་ཚུན་ཤུགས་ཆེན་པོས་བརྡབ་ཅིང་འཕུལ་བ་ལ་བརྟེན་ནས་རྡོ་རྗེས་ཀྱང་གཞིགས་པ་མི་ནུས་པའི་སྲ་ཞིང་ཤིན་ཏུ་འཐས་པའི་རླུང་གི་དཀྱིལ་འཁོར་ཆགས། དེའི་སྟེང་དུ་ནམ་མཁའ་སྤྲིན་སྟུག་པོ་ཆགས་པ་ལས་ཆར་གྱི་རྒྱུན་འབབ་པར་རླུང་གིས་བསྐྱོར་བའི་ཆུའི་ཕུང་པོ་ཆེན་པོ་གནས་པ་དེ། རླུང་གིས་བསྲུབས་པའི་རྐྱེན་གྱིས་དེའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་ཆགས། དེའི་སྟེང་དུ་སྔར་བཞིན་ཆར་གྱི་རྒྱུན་བབས་པས་ཕྱིའི་རྒྱ་མཚོ་ཆེན་པོར་གྱུར་པ་དེ་ལ་རིམ་བཞིན་མཚམས་མཚམས་སུ་རླུང་ལངས་པས་ཉེ་བར་བསྲུབས་པའི་རྐྱེན་གྱིས་ཁམས་ཀྱི་བྱེ་བྲག་རབ་འབྲིང་ཐ་གསུམ་བྱུང་བ་ལས། ཁམས་རབ་ལ་རིན་པོ་ཆེའི་རང་བཞིན་ཅན་གྱི་རྡོའི་རིགས་རྣམས་དང་། ཁམས་འབྲིང་བ་ལ་གསེར་དངུལ་ལ་སོགས་ལྕགས་རིགས་རྣམས་དང་། ཁམས་ཐ་མ་ལས་སྐམ་ས་ཆེན་པོ་འདི་དག་བྱུང་བར་བཤད་ཅིང་། རླུང་མེ་ཆུ་སའི་དཀྱིལ་འཁོར་ཆེན་པོ་བཞི་ལྡན་གྱི་སའི་གོ་ལ་དང་། དེ་བཞིན་ཏུ་ཉི་ཟླ་རྒྱུ་སྐར་ལ་སོགས་པའི་འཇིག་རྟེན་ཁམས་ཀྱི་དངོས་པོ་འདི་དག་ཐམས་ཅད་ཐོག་མར་ཆགས་པའི་འགོ་བརྩམས་པ་ནས། སྐད་ཅིག་གཉིས་པ་མི་གནས་པ་མི་རྟག་པ་འགྱུར་བའི་རང་བཞིན་ཡིད་ཏེ། དེའང་རིམ་བཞིན་འཕེལ་ཞིང་རྒྱས་པ་སྟེ་ཆགས་པའི་གནས་སྐབས་དང་། ཟད་ཅིང་རྒུད་པ་སྟེ་འཇིག་པའི་གནས་སྐབས་གཉིས་ཀྱིས་ཕྱི་སྣོད་འཇིག་རྟེན་ཁམས་ཀྱི་དངོས་པོ་ཐམས་ཅད་ངོ་བོ་ཕན་ཚུན་བསྒྱུར་ཞིང་ཡོད་པའོ། དེའི་ཕྱིར་ན་ཕྱི་འཇིག་རྟེན་ཁམས་འདི་ལ་རང་བཞིན་གྱི་ངོ་བོ་མི་འདྲ་བ་དང་། རྣམ་པ་མི་འདྲ་བ། ནུས་པ་མི་འདྲ་བ། བྱེད་ལས་མི་འདྲ་བ་བཅས་ཀྱི་དངོས་པོ་མི་འདྲ་བ་སྣ་ཚོགས་ཞིག་ཡོད་པ་དེ་དག་ཐམས་ཅད་མདོར་བསྡུས་ན་འབྱུང་བ་བཞི་ཡིས་སྐྱེད་པ་ཤ་སྟག་གོ། དཔལ་དུས་ཀྱི་འཁོར་ལོ་ལས། ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་གནས་འཇིག་གསུམ་དང་ནང་བཅུད་ཀྱི་སེམས་ཅན་གྱི་སྐྱེ་རྒ་ན་འཆི་སོགས་ཀྱང་འབྱུང་བས་བྱེད་པར་གསུངས་ལ། དེ་ནི་ཐོག་མར་འབྱུང་བ་རྣམས་ཕན་ཚུན་གཅིག་གྲོགས་གཅིག་གི་བྱས་ཏེ་གྲུབ། བར་དུ་ཤེད་མཉམ་གྱི་ཚུལ་དུ་གནས། ཐ་མར་གཅིག་གཤེད་གཅིག་གིས་བྱས་ཏེ་སོ་སོར་འབྲལ་ནས་སྲོག་འདོར་བ་ནི་ཆོས་ཉིད་དོ། ཞེས་གསུངས་པ་ལྟར་རོ།།

གསུམ་པ། འབྱུང་བས་ནང་གི་ལུས་ཁམས་གྲུབ་ཚུལ། 

དང་པོ། འབྱུང་བས་མི་ལུས་གྲུབ་ཚུལ།

རང་ཅག་རྣམས་ཀྱི་རྒྱུན་དུ་བརྗོད་པའི་འབྱུང་བའམ་ས་ཆུ་མེ་རླུང་ནམ་མཁའ་དེ་ལ་བརྟེན་ནས་སྲིད་པའི་འཁོར་ལོ་འདི་བྱུང་ཞིང་། དེས་ལས་ཀྱང་འགྲོ་བ་རྣམས་ཀྱི་འཚོ་རྟེན་དུ་འགྱུར་བའི་དངོས་པོ་རྣམས་འབྱུང་བ་ཡིན་ལ། དངོས་པོ་དེ་དག་གི་བཀོལ་སྤྱོད་བདག་པོར་འགྱུར་བ་འགྲོ་བ་མིའི་རིགས་བྱུང་བ་ཞིག་ཡིན་ཕྱིར་དེ་གསུམ་གཅིག་ལ་གཅིག་རྟེན་དུ་འགྱུར། དེ་ཡང་རྒྱུད་ལས། ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད། ཆུ་ལུས་ཁྲག་དང་ལྕེ་རོ་རླན་པ་སྐྱེད། མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད། རླུང་ལས་དབུགས་དང་པགས་པ་རེག་བྱ་སྐྱེད། མཁའ་ལས་བུ་ག་རྣ་བུ་སྒྲ་སྐྱེད་འགྱུར། གོམས་པའི་བྱ་བ་ལ་འཇུག་སྣང་བ་མཆེད། རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པས་ལུས་སུ་གྲུབ། ཞེས་དང་། དཔལ་དུས་ཀྱི་འཁོར་ལོ་ལས། ཇི་ལྟར་ཕྱི་རོལ་ཇི་བཞིན་ལུས། དེ་ལྟར་ལུས་ལ་དེ་བཞིན་གཞན། ཞེས་དང་། ཇི་ལྟར་ཕྱི་རོལ་ཇི་བཞིན་ནང་། 

།ནང་བཞིན་ཕྱི་རོལ་དག་ཀྱང་གནས། ཞེས་གསུངས་པ་ལྟར་རོ།

 གཉིས་པ། འབྱུང་བ་འཁྲུགས་ནས་ནད་སྐྱེད་ཚུལ། 

བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་དམིགས་བསལ་གྱི་ཁྱད་ཆོས་ནི་འབྱུང་བ་བཞི་ཡིན་ཅིང་གསང་ཅན་མེས་པོ་བློ་གྲོས་ཅན་རྣམས་ཀྱི་ཐོག་མར་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་བྱེད་ཡུལ་གྱི་རང་བྱུང་ཁམས་ཀྱི་ས་གཤིས་དང་གནས་འབབ་ལ་དཔྱིས་སུ་ཕྱིན་པའི་ཤེས་རྟོགས་གནང་ཐོག་རིམ་བཞིན་རང་སོ་སོའི་ཡུལ་ལུང་གྱི་ཁྱད་ཆོས་ལ་གཞིགས་ནས་དཔལ་འབྱོར་དང་རིག་གནས་སོགས་ཀྱི་སྒོ་དུ་མ་ནས་བསྐྲུན་པ་ཞིག་ཡིན། དེ་ཡང་རགས་པའི་དབང་དུ་བྱས་ན་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་དུས་བཞི་ཁམས་ལྔའི་འབྱུང་བའི་འཕོ་འགྱུར་ལ་གཞིགས་ནས་ནང་བཅུད་ཀྱི་སེམས་ཅན་གྱི་འབྱུང་བའི་འཕེལ་ཟད་འཁྲུགས་གསུམ་ཤེས་ཐུབ་པ་ཡིན་ཏེ། ཕྱི་རྒྱུད་རྩ་མདོ་ལས། དུས་བཞི་ཁམས་ལྔའི་འབྱུང་བ་བརྩི་བ་ནི། དང་པོ་དུས་དོན་ཁམས་དང་རྩ་རུ་སྦྱར། །ཞེས་གསུངས་པ་ལྟར་རོ། འབྱུང་བ་འཁྲུགས་ནས་ནད་སྐྱེད་ཚུལ་སྐབས་ཀྱི་ནད་ཞེས་པ་ནི་ལུང་ཅན་རྣམས་ཀྱི་རྒྱུད་ལ་ཟུག་རྔུ་སྟེར་བར་བྱེད་པ་སྟེ། འབྱུང་བཞི་འཁྲུགས་པའི་འབྲས་བུ་ཞིག་ལ་ཟེར། སྤྱིར་མིའི་ལུས་ཁམས་འདི་ལ་རང་བཞིན་ལྷན་སྐྱེས་སུ་གནས་པའི་ངོ་བོ་འབྱུང་བ་བཞི་པོ་དེ་དག་རྣམ་པ་རླུང་མཁྲིས་བད་ཀན་གྱི་ཚུལ་དུ་གནས་ཏེ། རྣམ་པར་མ་གྱུར་པ་རང་བཞིན་ཐ་མལ་དུ་གནས་པ་དེ་ནི་ལུས་ཀྱི་ཟུངས་དང་ནད་ཀྱི་རྒྱུར་བྱེད་ལ། གལ་ཏེ་རྣམ་པར་གྱུར་ནས་ལུས་ཀྱི་ལྡང་ཚད་ཆ་མ་སྙོམས་པར་འཕེལ་ཟད་འཁྲུགས་པ་གང་ཡང་རུང་བ་ཞིག་ཏུ་གྱུར་ན། རླུང་མཁྲིས་བད་ཀན་གསུམ་པོ་དེ་དག་ནད་ཀྱི་ངོ་བོ་སྟེ། ལུས་དང་སྲོག་ལ་གནོད་ཅིང་གདུང་བ་བསྐྱེད་པར་བྱེད་དོ། ཟབ་དོན་ཐིག་ལེ་བསྟན་པའི་ལེའུ་ལས། ཆུ་མེ་རླུང་གསུམ་ནད་ཡིན་ཏེ། ཞེས་དང་། བཤད་རྒྱུད་འཕེལ་འགྲིབ་ནད་ཀྱི་ལེའུ་ལས་ཀྱང་། འོན་ཀྱང་ཉེས་པ་གསུམ་ལས་ནད་མི་འདའ། །གནོད་བྱ་བཅུ་ལས་ནད་ཀྱི་གནས་མི་འདའ་ཞེས་དང་། རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོས། ནང་དུག་གསུམ་རྣམ་རྟོག་སེམས་ཀྱི་ནང་། ཕྱི་རླུང་མཁྲིས་བད་ཀན་ལུས་ཀྱི་ནད། ཐབས་མཁས་པ་ཐུགས་རྗེའི་སྨན་གྱིས་གསོས། ཞེས་དང་། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། དེ་ལྟར་ས་ཆུ་མེ་རླུང་གིས། །འབྱུང་བ་བཞི་དང་ནད་མཁྲིས་རླུང་། བད་ཀན་དེ་ལྟར་འདུས་ནད་བཞི། ཞེས་དང་། བྱང་པ་རྣམ་རྒྱལ་གྲགས་བཟང་གིས། མི་ལུས་ལ་ལྷན་སྐྱེས་སུ་གནས་པའི་འབྱུང་བའི་ཆ་རྣམས་འཕེལ་ཟད་འཁྲུགས་གསུམ་དུ་མ་གྱུར་པ་རང་བཞིན་སྙོམས་པོར་གནས་ན་ནད་མེད་པ་དང་དེ་ལས་ལྡོག་ན་ནད་ཅན་དུ་འགྱུར་རོ། ཞེས་དང་། རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོས། ནད་འབྱུང་བའི་རྒྱུ་གཙོ་བོ་ནི་ལུས་ལ་གནས་པའི་འབྱུང་བའི་ཁམས་རྣམས་འཁྲུགས་པའོ། དེར་བརྟེན་ནང་གི་དུག་གསུམ་ཀྱང་འཁྲུགས་ནས་ནད་འབྱུང་ངོ་། ཞེས་གསུང་སོ། 

གསུམ་པ། འབྱུང་བས་གཉེན་པོ་སྐྱེད་ཚུལ། 

འཛམ་གླིང་གོ་ལ་ཧྲེལ་པོའི་སྟེང་འབྱུང་བ་བཞི་ལས། མ་གྲུབ་པའི་ཟས་སྨན་ཅི་ཡང་ཡོད་མ་ཡིན་ཏེ། ཕྱི་རྒྱུད་སྔོ་སྦྱོར་གྱི་སྡེ་ཚན་བསྟན་པའི་ལེའུ་ལས།   སྐྱེས་ཚད་མཐོང་ཚད་སྨན་དུ་མ་འཁོལ་ན། །ནུས་ལྡན་དཀོན་པས་བཙལ་དུ་ག་ལ་རྙེད། ཅེས་དང་། ཡང་རྒྱུད་ལས། སྔོ་མི་སྐྱེ་བའི་ཡུལ་ནི་གཅིག་ཀྱང་མེད། དེ་ལ་གཅེས་པའི་ཡན་ལག་བདུན་ལྡན་དགོས། ཞེས་དང་། བྲམ་ཟེ་ཤེས་རབ་ཀྱིས། ས་སྟེང་སྨན་དུ་མ་གྱུར་གང་ཡང་མེད། །རྒྱལ་པོ་གཙོ་བོ་རྒྱན་གྱིས་བརྒྱན་པ་འདྲ། །ས་སྟེང་དུག་ཏུ་མ་གྱུར་གང་ཡང་མེད། །དུག་སྦྲུལ་ཚེར་མའི་འོབས་སུ་ཚད་པ་འདྲ། སྨན་ཡང་དུག་ལ་དུག་ཀྱང་སྨན། གཏོང་ཤེས་སྨན་གྱི་མཆོག་ཡིན་ཏེ།

 མ་ཤེས་སྲོག་གི་དུག་ཏུ་འགྱུར། ཞེས་དང་། གཡུ་ཐོག་པའི་སྙིང་པོ་བསྡུས་པའི་ལག་ལེན་གསལ་པའི་སྒྲོན་མེ་ལས། གཞན་ཡང་སྣོད་བཅུད་སྟོང་པ་ཀུན། སྨན་དུ་མ་གྱུར་གང་ཡང་མེད། །ནད་གཞི་དང་ནི་སྨྱོག་པའི་ཚུལ། །གླང་པོ་རོལ་ཏུ་ཞུགས་པའི་ཚུལ། སྐུ་དང་གྲིབ་མའི་ཚུལ་དུའོ། ཞེས་གསུངས་པ་ལྟར། དེ་ལྟར་འབྱུང་བ་འཕེལ་ཟད་འཁྲུགས་གསུམ་གྱི་གཉེན་པོར་གྱུར་པ་སྨན་གྱི་རིགས་སུ་གྱུར་པ་ཐམས་ཅད་ཀྱང་རང་རྒྱུད་འབྱུང་བ་བཞི་ལས་སྐྱེས་པ་ཁོ་ན་ཡིན་ཏེ། བཤད་རྒྱུད་ལས། རྟེན་ནི་འབྱུང་བ་ལྔ་ལས་སྐྱེ་འགྱུར་ཏེ། །ས་ཡིས་གཞི་རྟེན་ཆུས་རླན་མེ་ཡིས་དྲོད། རླུང་གིས་བསྐྱེད་བྱེད་ནམ་མཁས་གོ་ཕྱེ་བས། དེས་བསྐྱེད་གྱུར་ཀྱང་ཤས་ཆེན་རོ་གཅིག་མིན། ས་ཆུ་མེ་ས་ཆུ་མེ་ཆུ་དང་རླུང་། མེ་རླུང་ས་རླུང་གཉིས་ཀྱིས་རོ་དྲུག་སྐྱེད། །ས་སྨན་ལྕི་བརྟན་བརྟུལ་འཇམ་སྣུམ་ལ་སྐམ། མཁྲང་ལ་བརྟས་དང་སྡུད་བྱེད་རླུང་ནད་སེལ། །ཆུ་སྨན་སླ་བསིལ་ལྕི་བརྟུལ་སྣུམ་ལ་མཉེན། བརླན་ཞིང་འཇམ་ལ་སྡུད་བྱེད་མཁྲིས་ནད་སེལ། མེ་སྨན་ཚ་རྣོ་སྐམ་རྩུབ་ཡང་སྣུམ་གཡོ། དྲོད་སྐྱེད་སྨིན་ཅིང་མདོག་བྱེད་བད་ཀན་སེལ། །རླུང་སྨན་ཡང་གཡོ་གྲང་རྩུབ་སྐྱ་ལ་སྐམ། །སྲ་ཞིང་བསྐྱོད་དང་ཁྱབ་བྱེད་བད་མཁྲིས་སེལ། །ནམ་མཁའ་འབྱུང་བཞིའི་སྨན་ལ་སྤྱི་ཁྱབ་སྟེ། ཁོང་སྟོང་ཡང་པའི་གོ་འབྱེད་འདུས་ནད་སེལ། དེ་བས་དངོས་དང་སྦྱར་བའི་དབང་གྱུར་ལས། །ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན། །གྱེན་འདྲེན་སྨན་ནི་མེ་དང་རླུང་ཡིན་ཏེ། །ཐུར་འགྲོ་ས་དང་ཆུ་ལས་འབྱུང་བའི་ཕྱིར། ཞེས་གསུངས་པ་ལྟར། སྤྱིར་དངོས་པོ་ཐམས་ཅད་འབྱུང་བ་བཞི་ཡིས་སྐྱེད་པ་ཡིན་པས་འདིར་སྨན་གྱི་རིགས་ཐམས་ཅད་ཀྱང་འབྱུང་བ་བཞིས་སྐྱེས་པ་ཡིན་ལ། འབྱུང་བ་རྣམས་ཕན་ཚུན་གཅིག་ཏུ་འདུས་པའི་ཚེ་ཤས་ཆེ་ཆུང་གི་དབང་གིས་རོ་དང་ནུས་པ་མི་འདྲ་བ་རེ་འབྱུང་གི་ཡོད་དོ། ས་དང་ཆུ་ལས་རོ་མངར་བ། ས་དང་མེ་ལས་སྐྱུར་བ། ས་དང་རླུང་ལས་སྐ་བ་སྟེ་ས་དང་བསྡེབས་པ་ལས་གསུམ། དེ་ནས་ཆུ་དང་མེ་ལས་ལན་ཚྭ། ཆུ་དང་རླུང་ལས་ཁ་བ་སྟེ་ཆུ་དང་བསྡེབས་པ་གཉིས། མེ་དང་རླུང་ལས་ཚ་བ་སྟེ་རོ་དྲུག་པོ་དེ་དག་གིས་འབྱུང་ཁམས་འཁྲུགས་པའི་རྐྱང་པ་དང་། ལྡན་པ། འདུས་པ་གསུམ་གྱི་ནད་རྣམས་སེལ་ཞིང་ལུས་ཀྱི་འབྱུང་བ་རྣམས་ཆ་སྙོམས་པོར་བྱེད་ཅིང་ཡོད་པ་སྟེ། ས་དང་བསྡེབས་པ་ལས་བྱུང་བའི་རོ་གསུམ་པོ་དེ་ལྡན་པའི་རོ་ཡིན་སྟབས། མངར་བས་རླུང་མཁྲིས་གཉིས་སེལ་ཞིང་། སྐྱུར་བས་བད་རླུང་གཉིས་སེལ། སྐ་བས་བད་མཁྲིས་གཉིས་སེལ། ཆུ་དང་བསྡེབས་པ་གཉིས་དང་མེ་དང་བསྡེབས་པ་གཅིག་སྟེ་གསུམ་པོ་དེ་དག་ནི་རྐྱང་པའི་རོ་ཡིན་པས། ལན་ཚྭས་རླུང་སེལ། ཁ་བས་མཁྲིས་པ་སེལ། ཚ་བས་བད་ཀན་སེལ། དེ་ལྟར་རྐྱང་པ་དང་། ལྡན་པ་གཉིས་ཀྱི་རོལ་དྲུག་པོ་དེས་རྐྱང་པ་དང་ལྡན་པའི་རོ་གསུམ་པོ་དེ་དག་ལྷན་གཅིག་ཏུ་འདུས་པས་འདུས་པའི་ནད་སེལ་བར་བྱེད་དོ། 

བཞི་པ། འབྱུང་བས་རྣམ་འགྱུར་གྱི་ནད་རྣམས་བཅོས་ཚུལ། 

གངས་ཅན་བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པ་དེ་ཡང་རྒྱལ་ཁབ་སྤྱི་དང་མི་རིགས་གཞན་དང་འདྲ་བར་རང་སོ་སོའི་འཚོ་སྡོད་བྱེད་ཡུལ་གྱི་འཁོར་ཡུག་དང་འཚོ་བ་དངོས་ཀྱི་ཁྲོད་ནས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་བརྡར་ཤ་བླངས་ཏེ་རང་སོ་སོའི་ས་བབས་དང་། གནམ་གཤིས་འཚོ་བའི་གོམས་འདྲིས་ལ་བརྟེན་ནས་ས་གཞི་རི་མོའི་ཆགས་ཚུལ་དང་འགྱུར་བ་ལ་སོགས་པར་དཔྱད་ཞིབ་བྱེད་པ་དང་། གནད་དོན་དེ་དག་རང་བྱུང་ཁམས་ཀྱི་ཆོས་ཉིད་གཞིར་བཟུང་ཐོག་བོད་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་དང་མཐུན་པའི་སྒོ་ནས་སྲིད་པའི་ཁམས་ཀྱི་བྱ་དངོས་ཐ་དག་ལ་ངོས་འཛིན་པའི་ཐབས་ལམ་དེ་ནི་བོད་ཀྱི་གསོ་རིག་པ་ལས་བརྗོད་པའི་འབྱུང་བ་བཞི་ཅེས་པ་དེ་ཡིན་ལ། བོད་མི་རིགས་ཀྱི་ས་གཞི་རི་མོའི་གྲུབ་ཚུལ་ཐད་གོ་བ་ལེན་ཐབས་བྱེད་པའི་རང་བྱུང་གི་ཚན་རིག་ཞིག་ཀྱང་ཡིན།    

བོད་ཀྱི་གསོ་བ་རིག་པའི་ནད་བཅོས་རྩ་འཛིན་ནི་རྒྱ་ཆད་ཕྱོགས་ལྷུང་གི་མིག་མདུན་དུ་འཆར་བའི་རྣམ་འགྱུར་གྱི་ནད་ཁོ་ནར་བློས་མི་འཛིན་ཅིང་། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཀྱི་ཆོས་ཉིད་ཇི་ལྟ་བ་བཞིན་མཁྱེན་པར་བྱས་ཏེ་ཐོག་མར་མི་ན་བ་གནས་པར་འདོད་པ་དང་། ན་བ་གསོ་བར་བྱེད་པའི་ཐབས་གཉིས་སུ་དབྱེ་ཡོད་ལ། འབྲས་བུ་རྣམ་འགྱུར་གྱི་ནད་ཅེས་པ་འདི་ལ་ཡང་གཉིས་ཡོད་དེ། ཕྱི་ལུས་ཀྱི་ནད་དང་ནང་སེམས་ཀྱི་ནད་གཉིས་ལས་དང་པོ་ཕྱི་ལུས་ཀྱི་ནད་ནི། འབྱུང་བ་བཞི་ལས་གྲུབ་པའི་ཉེས་པ་རླུང་མཁྲིས་བད་ཀན་གསུམ་དེ་རང་སོ་སོའི་ལྡང་ཚད་ལས་འཕེལ་ཟད་འཁྲུགས་གསུམ་དུ་འགྱུར་ཡོད་པ་ཞིག་ཡིན་ཏེ། ལྷུན་ལྡིང་འགྱུར་མེད་ཀྱིས། དེས་ན་འབྱུང་བ་སྙོམས་ལས་ནད་མེད་དང་། འཕེལ་ཟད་འཁྲུགས་པས་ནད་ཀུན་འབྱུང་བས་ན། འབྱུང་བཞི་འཕེལ་ཟད་སྙོམས་པར་བྱེད་པ་འདི། བཅོས་ཐབས་ཀུན་གྱི་རྩ་བ་མ་ཡིན་ནམ། ཞེས་གསུངས་པ་ལྟར་རོ། གཉིས་པ་སེམས་ཀྱི་ནད་ནི། བཤད་རྒྱུད་འཕེལ་གྲིབ་ནད་ཀྱི་ལེའུ་ལས། ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ། བདག་མེད་དོན་མི་རྟོགས་པས་མ་རིག་ཅེས། ཞེས་དང་། ཀུན་བཏུས་ལས། མ་རིག་པ་གང་ཞེ་ན་ཁམས་གསུམ་པའི་མི་ཤེས་པ་སྟེ་ཆོས་རྣམས་ལ་ལོག་པར་ངེས་པ་དང་། ཐོ་ཚོམ་དང་། ཀུན་ནས་ཉོན་མོངས་པ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། ཞེས་གསུངས་ཏེ་རང་ཡུལ་ལ་རྨོངས་པའི་རྣམ་པ་ཅན་དང་བྱེད་ལས་ཉོན་མོངས་གཞན་སྐྱེས་པའི་སེམས་བྱུང་ཞིག་གོ།   ཞེས་དང་། རྒྱལ་སྲས་ཞི་བ་ལྷས། འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་མ་རིག་སྟེ། ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། །རྒྱུ་དང་རྐྱེན་ལས་སྐྱེ་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང་། དེ་ནི་སྟོན་པས་མ་རིག་གསུངས། ཅེས་དང་། དཔལ་ལྡན་རྒྱུད་བཞི་ལས། ཁྱད་པར་རྒྱུ་ནི་རིགས་ལས་བྱུང་བའི། འདོད་ཆགས་ཞེ་སྡང་གཏི་མུག་དུག་གསུམ་ལ། །འབྲས་བུ་རླུང་མཁྲིས་བད་ཀན་ཉེས་པ་སྐྱེད། ཅེས་དང་། ཉེ་རྒྱུ་རླུང་དང་མཁྲིས་པ་བད་ཀན་གསུམ། རྣམ་པར་མ་གྱུར་ནད་ཀྱི་རྒྱུར་འགྱུར་ལ། རྣམ་འགྱུར་མ་སྙོམས་ནད་ཀྱི་ངོ་བོ་ཡིན། ཞེས་དང་། ཐམས་ཅད་མཁྱེན་པ་ཀརྨ་པས། རྒྱུ་ནི་སེམས་ཉིད་ཐོག་མེད་པ། རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཀྱང་། །དེ་ཉིད་མ་འགགས་རོལ་བ་ལས། །ངོ་བོ་སྟོང་ལ་རང་བཞིན་གསལ། །རྣམ་པ་འགག་མེད་ཅིས་ཡང་འཆར། དེ་ཉིད་རང་གི་རང་མ་རིག། །ཅེས་དང་། སེམས་ནི་གཙོ་བོ་རྣམ་རིག་སྟེ། །མིག་དང་རྣ་བ་སྣ་དང་ལྩེ། །ལུས་དང་ཡིད་ཀྱི་རྣམ་ཤེས་ཏེ། །རྣམ་ཤེས་ཚོགས་དྲུག་ཅེས་བཤད་དོ། དྲུག་པོ་དེ་ཡི་ནང་ནས་ཀྱང་། །ཡིད་ཀྱི་རྣམ་ཤེས་གཙོ་བོ་སྟེ། །སྒོ་ལྔའི་རྣམ་པར་ཤེས་པ་རྣམས།   །ཡུལ་ལ་སྤྲོ་དང་བསྡུ་བ་དང་། ཡུལ་གྱི་སྤུ་རིས་འབྱེད་པ་དང་། བཟང་ངན་ལེགས་ཉེས་སྤྱོད་པ་དང་། ཕན་གནོད་བླང་དོར་བྱེད་པ་དང་། ཀུན་རྟོག་པིར་གྱིས་ལས་ཀྱི་གཟུགས། རྣམ་མང་འབྲི་བར་བྱེད་པོ་ནི། །ཡིད་བློ་འདི་ཉིད་ཡིན་ཕྱིར་རོ། ཅེས་གསུངས་པ་ལྟར་སེམས་ཁམས་རིག་པའི་ཆ་ནས་འབྱུང་རྐྱེན་འཚོལ་ཐབས་བྱས་ཏེ་མཐར་གཏུགས་ཀྱི་རྒྱུ་མཚན་ཇི་མ་ཇི་བཞིན་རྟོགས་ཐུབ་པ་ཡིན། དོན་དུ་བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པ་ལས་རྣམ་འགྱུར་གྱི་ནད་རྣམས་བཅོས་ཚུལ་ནི་གསོ་རིག་ཀུན་གྱི་གཞུང་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་ལས་གསུངས་པ་བཞིན་ཟས་སྤྱོད་སྨན་དཔྱད་བཞི་ཡི་སྒོ་ནས་གོ་རིམ་ལྟར་བཅོས་དགོས་པ་ཡིན་ལ།

 མདོར་ན་བོད་ཀྱི་གསོ་བ་རིག་པའི་རྩ་དོན་ནན་གྱིས་བརྗོད་ན། དཔལ་ལྡན་རྒྱལ་བཞིའི་མཇུག་དོན་ཡོངས་གཏད་ལེའུ་ལས། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨོན་ཡང་འབྱུང་བཞིའི་ངོ་བོ་ཉིད། ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། ཞེས་གསུངས་པའི་བོད་ཀྱི་གསོ་བ་རིག་པའི་མན་ངག་འཁྲུལ་གྱི་ལྡེ་མིག་ནི་ཕྱི་ནང་འབྱུང་བའི་རང་བཞིན་ཡིན་པས་ན་ལུས་དང་། ནད། གཉེན་པོ་དང་བཅས་པ་འབྱུང་བ་བཞིའི་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བ་ཞིག་ཡིན། དེ་བས་ན་འབྱུང་བ་དེ་དག་ཕན་ཚུན་སྐབས་སུ་གནོད་བྱ་གནོད་བྱེད་དུ་གྱུར་ནས་ལུས་བརྟེན་ནས་ནད་འབྱུང་རྒྱུ་ཡོད་པ་དང་། ནད་བྱུང་བ་དེ་གཉེན་པོ་སྨན་ལ་བརྟེན་ནས་ཞི་བར་བྱེད་རྒྱུ་ཡོད་པ། ནད་ཞི་ནས་ནད་མེད་བདེ་བར་གནས་རྒྱུ་ཡོད་པ་བཅས་ཚང་མ་འབྱུང་བཞིའི་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བ་ལས་བྱུང་བ་ཤ་སྟག་ཡིན། དེ་བས་གངས་ལྗོངས་བོད་ཀྱི་གསོ་བ་རིག་པའི་ཕྱག་ལས་གནང་མཁན་ཞིག་ཡིན་ཕྱིན་ཐོག་མར་བོད་ཀྱི་གསོ་བ་རིག་པའི་རྩ་བའི་རིག་གཞུང་གི་ཁ་ཕྱོགས་དང་། དགོས་པ། རང་བཞིན་བཅས་ཤེས་ཐུབ་པ་བྱེད་རྒྱུ་མ་ཟད་རྒྱུ་མཚན་དེ་དག་ལ་གཞིགས་ནས་དངོས་པོའི་མཚན་ཉིད་ཡོང་དག་པར་རྟོགས་ཐུབ་པར་གནང་ཏེ་ཐུན་མོང་མ་ཡིན་པའི་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་དང་། ཞིབ་མཇུག་བྱས་ཏེ་སྔོན་མཐོན་གྱི་རིགས་གཞུང་དེ་དག་མི་རབས་ནས་མི་རབས་བར་རྒྱུན་ཆད་མེད་པར་དར་སྤེལ་གཏོང་དགོས་པ་ཡིན་ནོ།

                                                                                 <<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qnft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41282385
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1