ཨ་མི་རི་ཀའི་ལོ་རྒྱུས་ཀྱི་ཟུར་གཅིག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 14 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» འཛམ་གླིང་ལོ་རྒྱུས། »ཨ་མི་རི་ཀའི་ལོ་རྒྱུས་ཀྱི་ཟུར་གཅིག
ཨ་མི་རི་ཀའི་ལོ་རྒྱུས་ཀྱི་ཟུར་གཅིག
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/7/11ལྟ་ཀློག (37564)རྩོམ་ཁུངས: པར་འདེབ།

                                         ཀླུ་སྨྱོན་ཧེ་རུ་ཀ

      མི་ལོ་ལྔ་བཅུའི་ཡར་སྔོན་དུ། ཉིན་མཚན་མི་གཅིག་པའི་འཇིག་རྟེན་ཞིག་ཏུ་ཚེ་གཅིག་ལུས་གཅིག་གིས་བསླེབ་རྒྱུ་ནི་ཧ་ལམ་མ་གཉིད་པའི་རྨི་ལམ་ལྟ་བུར་བརྩི་ཞིང༌། གལ་སྲིད་དེ་འདྲའི་འཇིག་རྟེན་ནས་སླེབས་པའི་མགྲོན་པོ་ཞིག་ཡིན་ཚུལ་སྨྲས་ཚེ། སུ་གཅིག་གི་རྣ་བར་ཡང་འགྲོ་སྲིད་ཀྱི་མ་རེད།
         ཡིན་ན་ཡང༌། ད་ལྟ། སྙིགས་མ་ལྔ་བདོའི་དུས་ཚོད་འདི་ལ། སེམས་ཅན་གྱི་ལས་དབང་གིས་ང་ཚོ་འཚོ་ཞིང་གནས་པའི་ས་གཞི་ཆེན་པོ་འདི་ཡང་ཆུང་དུ་སོང་ནས། སྔོན་ཆད་མི་སླེབས་པའི་འཇིག་རྟེན་དུ་བསླེབ་རྒྱུ་ཡོད་ཅིང༌། སྔོན་ཆད་མ་མཐོང་བའི་ལྟད་མོ་ཡང་མཐོང་རྒྱུ་འདུག དཔེར་ན། ང་རང་གི་ཕ་ཡུལ་ནས་གློག་བརྙན་དང་བརྙན་འཕྲིན་གྱི་བརྒྱུད་ལམ་ནས་མ་གཏོགས་མཐོང་ཐོས་དཀོན་པའི་འཇིག་རྟེན་གཞན་པ་ཞིག་སྟེ། ནུབ་ཕྱོགས་ཨ་མེ་རི་ཀ་ཞེས་པ་འདིར། མི་ལོ་འགའི་སྔོན་ལ་བོད་ཆེན་པོའི་མདོ་སྨད་མང་གཞོང་གི་ཐར་ཤུལ་དགོན་པའི་གླིང་སྟོད་ཀྱི་གྲྭ་ཤག་ཐེབས་ཆག་ཅིག་གི་ནང་དུ་ལྟོ་སྐྱ་གོས་ཧྲུལ་གྱི་གྲྭ་རྐྱང་རྣལ་མའི་འཚོ་བར་རོལ་བའི་ཁོ་བོ། སྟབས་ལེགས་དང་སྟེས་དབང་ཁོ་ན་ཞིག་གིས། ནུབ་ཕྱོགས་རྒྱལ་ཁབ་ཨ་མེ་རི་ཀར་སླེབས་ཤིང༌། ཕ་ཡུལ་གྱི་སྦྲ་ནག་དང་ཁང་སྐྱའི་ཚབ་ཏུ་ཨ་མྱེས་གླང་ཆེན་དང་ཁེ་རབ་དཔག་ཆེན་གྱི་མཐོ་ཚད་དང་མཉམ་པའི་ཁང་བརྩེགས་དང༌། ཕ་ཡུལ་གྱི་གཡག་དང་རྟ་བོང་གི་ཚབ་ཏུ་གློག་ལྟར་མྱུར་བའི་གནམ་གྲུ་དང་ས་འོག་གི་རིམ་པ་དང་བོའི་འགྲུལ་བཞུད་མེ་འཁོར། ཕ་ཡུལ་གྱི་མ་བཅོས་ཤ་མར་གྱི་ཚབ་ཏུ་ལས་སྣོན་བརྒྱ་ཕྲག་བྱས་པའི་ཤ་བྲོ་མེད་དང་མར་མདོག་མེད་སྣ་ཚོགས། ཕ་ཡུལ་གྱི་ཕ་མ་བུ་ཕྲུག་གི་བརྩེ་བའི་ཚབ་ཏུ་ཁྲིམས་ལུགས་ལ་རྒྱབ་རྟེན་བཅོལ་བའི་མི་གཤིས་རྫུན་མ། ཕ་ཡུལ་གྱི་ལྷིང་འཇགས་རྩྭ་ཐང་གི་ཚབ་ཏུ་འུར་ཟིང་གིས་མི་སེམས་སྨྱོན་པར་གཏོང་བའི་སྲང་ལམ་ཆེ་ཆུང༌། དེ་དང་དེ་འདྲའི་ཆ་མེད་རྒྱུས་མེད་ཀྱི་འཇིག་རྟེན་འདིར་རེ་ཞིག་འཚོ་བ་སྐྱེལ་བའི་སྐབས་འདིར། རང་གི་ཕ་ཡུལ་དུ་སྣ་འཛོབས་དུས་དེབ་ཅིག་འདོན་སྤེལ་བྱེད་
བཞིན་ཡོད་ཚུལ་ཤེས་རྟོགས་བྱུང་ཞིང༌། དུས་དེབ་དེ་ལ་དམིགས་པའི་རྩོམ་ཡིག་གི་ཞལ་འདེབས་ཤིག་ཀྱང་དགོས་པའི་སྐུལ་མ་བྱུང་ན་ཡང༌། རང་གིས་ སྔོན་ཆད་བྲིས་པའི་བརྩམས་སྒྲུང་དང་སྙན་ངག་དེ་ཚོ་ནི་ད་ལྟ་མི་གཞན་ཕར་ཞོག་རང་གིས་ཀྱང་ཀློག་མི་འདོད་པའི་ཚོར་བ་ཞིག་གི་ཀློང་དུ་ལུས་ཡོད་ཅིང༌། ཕ་ཡུལ་དུ་ཤེས་རིག་གི་མཐོ་རླབས་རབ་དང་རིམ་པ་ཞིག་འཕྱུར་བཞིན་ཡོད་ཚུལ་ཐོས་པས། སྨྱུ་གུ་ལག་པར་བླངས་ནས་ཅི་ཞིག་འབྲི་དགོས་པ་ཡང་མི་དྲན་པའི་ཚོད་དུ་གདའ། 
     ཡིན་ན་ཡང༌། མིའི་རྣམ་རྟོག་ཅེས་པ་འདི་ནི་རྒྱུ་མཚོའི་རྦ་རླབས་དང་མཚུངས་པར་མཛད་མཐའ་མེད་པ་ཞིག་ཏུ་སྣང་བས། ད་ལྟ་ང་རང་སྡོད་སའི་རྒྱལ་ཁབ་འདིའི་གནས་ཚུལ་རགས་ཙམ་ཞིག་མཚམས་སྦྱོར་བྱས་ཚེ། ཕ་ཡུལ་གྱི་གྲོགས་པོ་རེ་ཟུང་གིས་དགའ་བསུ་མི་བྱེད་ན་ཡང་ཁྲོ་གཉེར་མི་སྡུད་པར་བསམས་ནས། གཤམ་ དུ་རང་གི་མཐོང་ཐོས་རགས་བསྡུས་ཤིག་སྤྱན་བསྟར་ཞུའོ། ། 
    དཔྱད་གཞིའི་ཡིག་རིགས་ལྟར་ན། དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ནས་བརྩམས་ཏེ་དབྱིན་ཡུལ་དང་སི་པན་གྱི་མི་སྐོར་ཞིག་གིས་འཛམ་གླིང་འདིའི་ཆགས་དབྱིབས་ཤེས་འདོད་ཀྱི་བསམ་བློ་འགོག་མེད་ཅིག་གི་རེ་སྐུལ་ལྟར། གྲུ་གཟིངས་ཆེན་པོར་བསྡད་དེ་ཡོ་རོབ་ནས་འགོ་འཛུགས་ཀྱིས་ཨེ་ཤི་ཡའི་ཕྱོགས་སུ་འགྲུལ་བཞུད་བྱས་ཤིང༌། ཁོ་ཚོར་དེང་རབས་ཀྱི་སྐུད་མེད་གློག་གི་བརྡ་འཕྲིན་མ་ལག་མེད་པའི་རྐྱེན་གྱིས། ཨེ་ཤི་ཡའི་ཡུལ་དུ་མ་སླེབས་པར་གླིང་ཆེན་ཨ་མེ་རི་ཀའི་ཡུལ་དུ་སླེབས་པས། གནས་འདིར་ལོ་སྟོང་ཕྲག་གི་སྔོན་ནས་གླིང་ཆེན་ཨེ་ཤི་ཡ་ནས་ཨ་ལ་སི་ཀའི(Alaska)འཁྱག་རོམ་བརྒྱུད་དེ་གནས་འདིར་སླེབས་ནས་འཚོ་བ་སྟབས་བདེ་ཞིག་སྐྱེལ་བཞིན་ཡོད་པའི་འདོད་མའི་མི་རིགས་ཤིག་དང་འཕྲད་ཅིང༌། མི་རིགས་དེའི་གདོང་དབྱིབས་ནི་ང་ཚོ་བོད་མིའི་ངོ་དབྱིབས་དང་ཧ་ཅང་མཚུངས་པ་དང༌། ཁོ་ཚོས་རང་རེའི་བོན་གྱི་ཆོས་ལུགས་ཆོ་ག་རེ་ཟུང་དང་ཤིན་ཏུ་ཆ་འདྲ་བའི་ཆོས་ལུགས་ཀྱི་མཛད་སྒོ་སྤེལ་བ་དང༌། སྐབས་རེར་ཚོ་ཁག་མཉམ་རུབ་ཀྱིས་མཛའ་ འབྲེལ་དང༌། སྐབས་རེར་རྒྱུ་རྐྱེན་ག་གེ་མོའི་དབང་གིས་ཚོ་ཁག་བར་དམར་འཛིང་ཡང་བྱེད་བཞིན་ཡོད། 
    ཡོ་རོབ་ཀྱི་འགྲུལ་བཞུད་པ་དེ་ཚོའི་ཐོག་མའི་དམིགས་ཡུལ་ནི་རྒྱ་གར་གྱི་ཡུལ་དུ་བསླེབ་རྒྱུ་དེ་ཡིན་ཞིང༌། དབྱིན་ཇིའི་སྐད་དུ་རྒྱ་གར་ལ་ཨིན་སྒྲི་ཡ(India)དང༌། རྒྱ་ གར་གྱི་མི་ལ་ཨིན་སྒྲི་ཡན(Indian)ཟེར་བར། འགྲུལ་བཞུད་པ་དེ་ཚོས་གླིང་ཆེན་ཨ་མེ་རི་ཀ་ཐོག་མར་རྙེད་སྐབས། གླིང་ཆེན་འདི་རྒྱ་གར་ཡིན་པ་དང་མི་རིགས་འདི་ཡང་རྒྱ་གར་བ་ཡིན་པར་བསམས་ཏེ་མི་རིགས་འདིའི་མིང་ལ་རེ་སྒྲི་ཨིན་སྒྲི་ཡན(Red Indian)ཞེས་པ། བོད་སྐད་དུ་རྒྱ་གར་བ་དམར་བོ་ཞེས་བཏགས་པ་རེད། མི་རིགས་འདིའི་གདོང་དབྱིབས་དང་ཤ་མདོག་བོད་རིགས་དང་ཆེས་འདྲ་བས། དུས་རབས་འདིའི་ནང་ཐོག་མར་བོད་རིགས་ཁ་ཤས་ཨ་རིར་སླེབས་དུས། ཨ་རི་བ་མང་བོ་ཞིག་གིས་བོད་རིགས་དེ་ཚོ་གླིང་འདིའི་གདོད་མའི་མི་རིགས་ཡིན་པའི་ངོས་འཛིན་མཐའ་གཅིག་ཏུ་བྱས་པ་དང༌། དེའི་དཔང་བོ་ལྟ་བུར། <<བོད་ལྗོངས་ཞིབ་འཇུག>>ཅིག་ཏུ་བཀོད་པའི་མཁས་དབང་ནམ་མཁའི་ནོར་བུའི་དཔྱད་རྩོམ་ཞིག་ཏུ། ཁོང་དང་ཁོང་གི་བུ་གཉིས་ལྷོ་ཨ་མེ་རི་ཀའི་འདོད་མའི་མི་རིགས་འདུས་སྡོད་བྱེད་ས་ཞིག་ཏུ་ཕྱིན་སྐབས། གདོད་མའི་མི་རྣམས་ཀྱིས་ཁོ་གཉིས་ཁོ་ཚོའི་མི་
རིགས་སུ་ནོར་ནས་ཁོ་རང་ཚོའི་ཡུལ་སྐད་ཀྱིས་སྐད་ཆ་དྲིས་པ་ལྟར་རོ། ། 
  དེང་སྐབས། གདོད་མའི་མི་རིགས་འདིའི་མིང་ལ་དབྱིན་སྐད་དུNative Americanནེ་ཁྲེ་ཨ་མེ་རི་ཀན་ཏེ་ཨ་མེ་རི་ཀའི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་ཞེས་འབོད་བཞིན་ཡོད། ཁོ་ཚོས་རྙེད་པའི་མི་རིགས་འདིས་ཐོག་མའི་དུས་དེ་ནས་བརྩམས་ཏེ་གླིང་ གཞན་ནས་སླེབས་པའི་མི་རིགས་དཀར་བོ་འདི་ཚོར་འགོག་རྒོལ་རྒྱུན་ཆད་མེད་པར་བྱས་ཤིང༌། སྐབས་དེའི་མེ་མདའ་སྣ་ཚོགས་ཐོགས་པའི་ཡོ་རོབ་པ་དེ་ཚོས་མི་ རིགས་འདིའི་ས་ཆར་བཙན་འཛུལ་ཐོག་མ་བྱས་པའི་སྐབས་དེ་རང་ནས་བཟུང་སྟེ་ལག་པར་གྲི་དང་མདའ་མདུང་མ་གཏོགས་མེད་པའི་མི་རིགས་ཉམ་ཆུང་འདིར་བཙན་གནོན་དྲག་པོ་རབ་དང་དང་རིམ་པ་ཞིག་བྱས་པ་རེད།
   ཡོ་རོབ་པ་ཚོས་ཐོག་མར་མི་རིགས་འདིའི་ཚོ་ཁག་བར་གྱི་འགལ་བ་བེད་སྤྱོད་ཀྱིས། མི་རིགས་འདིའི་ཚོ་ཁག་བར་དབྱེན་འཀྲུགས་དང༌། མི་ཀླད་ཆུང་སྐོར་ཞིག་བསླུ་བྲིད་ཀྱིས་ཚོ་ཁག་རེ་ཟུང་གི་དཔོན་པོར་བསྐོས་ཏེ་གཤམ་འོག་མི་རིགས་ལ་མགོ་སྒུར་བསླབ་བྱ་རྒྱག་ཏུ་བཅུག་ཅིང༌། ཁོ་ཚོའི་དབང་འོག་ཏུ་བཅུག་པའི་མི་རིགས་འདིའི་མི་གྲངས་ཉུང་དུ་གཏོང་ཕྱིར་མི་ཚོགས་སྡེབ་གསོད་དང༌། གྱོན་ཆས་ཁྲི་ཕྲག་གི་ནང་དུ་སྲོག་འཕྲོག་དུག་རྫས་བྱུགས་ཏེ་རྒྱ་ཁྱབ་ཏུ་བཀྲམས་པས། ལོ་ངོ་འགའི་རིང་ལ་མི་རིགས་ཉམ་ཆུང་འདིའི་མི་འབུམ་ཕྲག་ཙམ་ཞིག་གྱོན་ཆས་ཀྱི་དུག་འགོས་ཏེ་ཤི་བ་རེད། 
   ཡོ་རོབ་པ་ཚོས་དེ་ལྟར་གདོད་མའི་དུས་ནས་ས་འདིའི་བདག་པོ་བསྙོན་དུ་མེད་ པར་གྲུབ་པའི་མི་རིགས་འདི་དབང་འོག་ཏུ་བསྡུས་རྗེས། གྲུ་གཟིངས་ཆེན་པོ་མང་ བོའི་ནང་དུ་ཁོ་ཚོའི་ནང་མི་བུ་ཕྲུག་དང་རྒྱུ་ནོར་དབོར་འདྲེན་གྱིས་ས་གནས་འདིར་ཁྱིམ་གཞི་བརྟན་པོར་བཟུང༌། སྐབས་འདིར་ཡང་མི་རིགས་ཉམ་ཆུང་འདིའི་མི་གྲངས་ལས་འདས་པ་ཞིག་གཡོག་ཏུ་བཀོལ་ནས་སྡུག་བསྔལ་སྣ་ཚོགས་མྱོང་དུ་བཅུག་པ་རེད། 
    དེ་ནས་དུས་རབས་བཅུ་དགུ་བའི་སྐབས་སུ། ཡོ་རོབ་པ་ཚོས་གླིང་ཆེན་ཨ་མེ་རི་ཀའི་ཡུལ་གྲུ་མང་བོ་ཞིག་བཙན་བཟུང་བྱས་ནས། མི་རིགས་ནག་པོ་ཁྲི་ཁ་ཤས་ཤིག་གྲུ་གཟིངས་ཀྱི་ནང་དུ་བཅུག་སྟེ་གླིང་ཆེན་འདིའི་སྟེང་དུ་དབོར་ནས་སྡུག་ལས་སྣ་ཚོགས་བྱེད་དུ་བཅུག་པ་རེད། སྐབས་དེའི་དངོས་བྱུང་གནས་ཚུལ་མཚོན་པའི་གློག་བརྙན་དུ་མཐོང་བ་གཞིར་བཟུང་ནས་བརྗོད་ན། གྲུ་གཟིངས་ཀྱི་འོག་ཁང་གུ་དོག་པོ་མི་བཅུ་ཕྲག་ལས་མི་ཤོང་བ་དེ་འདྲའི་ནང་དུ་རྐང་ལག་ལྕགས་སྒྲོག་གིས་སྦྲེལ་བའི་མི་རིགས་ནག་པོ་དྲུག་ཅུ་ནས་བདུན་ཅུ་ཙམ་རེ་བརྫངས་ནས་ཟླ་བ་རེ་ཟུང་ལ་འགྲུལ་བཞུད་བྱེད་རིང་། མི་མང་བོ་ཞིག་ནི་དབུགས་གཏོང་ལེན་ཡང་མི་ཐུབ་པའི་དཀའ་སྡུག་གི་འོག་ནས་ཚེ་སྲོག་ཤོར་ཞིང༌། མི་རིགས་ནག་པོའི་བུ་མོ་ལོ་གཞོན་རྣམས་ལ་བཙན་གཡེམ་འདྲ་མིན་བྱས་ཏེ་ཕྲུ་གུ་འཁོར་ཏུ་བཅུག་པ། མིའི་རིན་ཐང་ལ་དུད་འགྲོ་ཟོག་གི་འདུ་ཤེས་བཟུང་སྟེ་བྲན་གཡོག་ཉོ་ཚོང་གི་བྱ་སྤྱོད་རྒྱ་ཆེར་སྤེལ་བ་སོགས། མི་རིགས་གཉའ་གནོན་དང་མི་རིགས་རྩ་མེད་ཀྱི་སྲིད་ཇུས་མང་བོ་ཞིག་ལག་ལེན་དུ་བསྟར་བ་རེད། 
   མི་འདི་དག་གླིང་ཆེན་ཨ་རིར་སླེབས་པའི་དུས་ནས་བཟུང་སྟེ། ཟ་མ་དྲི་སྣོམ་ཙམ་ཞིག་ལས་མེད་པར་ལོ་གྲངས་མང་བོར་རྐང་ལག་ལྕགས་སྒྲོག་གིས་སྦྲེལ་བཞིན་ངལ་རྩོལ་སྣ་ཚོགས་བྱེད་དུ་བཅུག་པས། གནས་སྟངས་སྡུག་པོ་དེ་འགོ་བཙུགས་པ་ནས་བརྩིས་པའི་རིང་ཤོས་ལ་ཡང་མི་རེས་ལོ་ལྔ་ནས་བཅུ་ཡན་འཚོ་གནས་མི་ཐུབ་པར་བརྗོད། དེ་དུས་ཀྱི་མིའི་གྲངས་འབོར་ལ་གཞིགས་ཚེ། ཡོ་རོབ་པ་དང་གདོད་མའི་མི་རིགས། མི་ནག་པོ་བཅས་ཀྱི་གྲངས་ཀའི་བར་ཁྱད་ཧ་ཅང་མི་འདྲ་ན་ཡང༌། ཡོ་རོབ་པ་ཚོར་མེ་མདའ་དང་མེ་སྒྱོགས་ཡོད་པས། ཁོ་ཚོའི་བཀའ་དང་དུ་མི་ལེན་མཁན་སུ་ཞིག་ཡིན་ཡང་དམར་གསོད་གཏོང་གི་ཡོད་པས། ཁོ་ཚོ་ལས་གྲངས་འབོར་ལྡབ་བརྒྱ་ཕྲག་གིས་མང་བའི་གདོད་མའི་མི་རིགས་དང་མི་ནག་པོ་རྣམས་ཡོ་རོབ་པ་འདི་དག་གི་ཚེ་གཡོག་ཏུ་མི་སྡོད་ཐབས་མེད་བྱུང༌། 
 གནས་ཚུལ་གཞན་ཞིག་སྟེ། ཡོ་རོབ་པ་དེ་ཚོས་གདོད་མའི་མི་རིགས་དང་མི་ནག་པོའི་རིགས་རྒྱུད་རྣམས་ལ་ཁོ་ཚོའི་ཆོས་ལུགས་བཙན་བསྐྱུར་གྱིས་སྟོན་པ་ཡེ་ཤུའི་རྗེས་སུ་འཇུག་དགོས་པའི་བཙན་གནོན་དྲག་པོ་བཏང་བས། ཆོས་ལུགས་ཀྱི་དོན་རྐྱེན་ཁོ་ནའི་ཁྲོད་དུ་མི་ཁྲི་ཕྲག་གི་ཚེ་སྲོག་ཤོར་ཞིང༌། དངོས་བརྗོད་གློག་བརྙན་ཞིག་ཏུ། མི་ནག་ཕོ་གསར་ཞིག་ཡེ་ཤུའི་མཁན་པོ་ཞིག་གི་བསླུ་བྲིད་ཀྱི་རྒྱ་རུ་ཚུད་ནས་སྐེ་ལ་སྟོན་པ་ཡེ་ཤུ་དམར་གསོད་གཏོང་སའི་རྒྱ་གྲམ་ཞིག་བཏགས་ནས་ཁྱིམ་དུ་ལོག་པས། ཁོའི་ཨ་མས་མོ་རང་གི་བུ་དེས་ཕ་མེས་ཀྱི་ཆོས་ལུགས་བསྐྱུར་བ་ཤེས་ནས་ཁོ་ལ་ཚིག་རྩུབ་དྲག་པོ་བརྗོད་པ་མ་བཟོད་པར། ཕོ་གསར་དེས་ཁོའི་ཨ་མའི་མགོ་བོ་རྒྱུགས་ཆུ་ཞིག་གི་ནང་དུ་བཅུག་ནས་བསད་པ་ལྟ་བུ། ཡ་ང་ཞིང་ཡིད་སྐྱོ་བའི་གནས་ཚུལ་རིམ་བཞིན་བྱུང་ཡོད་པ་རེད། 
   གཞན་ཡང༌། གྲོང་རྡལ་ག་གེ་མོའི་བུད་མེད་སྦྲུམ་མ་ཞིག་གིས་ཡོ་རོབ་པའི་དཔོན་པོ་ཞིག་གི་བཀའ་ལ་མ་ཉན་པས། གྲོང་བརྡལ་དེའི་མང་ཚོགས་བསྐོངས་པའི་དཀྱིལ་དུ། སྦྲུམ་མ་དེ་དམར་ཧྲེང་དུ་ཕྱུངས་ཏེ་ཤིང་སྡོང་ཞིག་ལ་བཏགས་ནས་གདོད་མའི་མི་རིགས་དེ་ཚོར་བཙན་ཤེད་ཀྱིས་མོ་ལ་གཅར་རྡུང་བྱེད་དུ་བཅུག་སྟེ་སྦྲུམ་མ་དང་མོའི་ཁོག་པའི་ནང་གི་ཕྲུ་གུ་གཉིས་མཉམ་དུ་དམར་གསོད་བཏང་བ་ལྟ་བུ། འཇར་པན་བཙན་འཛུལ་བས་རྒྱ་ནག་ཤར་ཕྱོགས་ཀྱི་རྒྱ་མི་རིགས་ལ་བཙན་གནོན་བྱས་པ་དང་ཆ་མཚུངས་པའི་གནས་ཚུལ་བསམ་བརྗོད་ལས་འདས་པ་གྲངས་མེད་ཅིག་བྱུང་འདུག 
   དུས་རབས་ཉི་ཤུ་བའི་འགོ་སྟོད་ཙམ་ནས་བཟུང་སྟེ། ཡོ་རོབ་པ་སྟེ་མི་རིགས་དཀར་བོ་འདི་ཚོས། ཁོ་ཚོའི་ཚེ་གཡོག་ཏུ་བཀོལ་བའི་གདོད་མའི་མི་རིགས་དང་མི་རིགས་ནག་པོའི་སྟེང་ལ་སྤེལ་བའི་གདུག་རྩུབ་ཅན་གྱི་སྲིད་ཇུས་དེར་ཅུང་ཟད་གུ་ཡངས་གཏོང་འགོ་ཚུགས་ནས། ཚེ་གཡོག་པའི་ཕྲུ་གུའི་ཆེད་དུ་སློབ་གྲྭ་དང་ཚེ་གཡོག་པ་ཕོ་གསར་མང་བོ་ཞིག་ཁོ་ཚོའི་རིམ་པ་དམའ་བའི་དམག་མིར་བསྡུ་ལེན་བྱས་ཤིང༌། ཚེ་གཡོག་པ་བུད་མེད་མང་བོར་བཟོ་གྲྭ་དང་ཚོང་ཁང་གི་ལས་ཀ་སྤྲད་པ་སོགས་ལོ་ངོ་བརྒྱ་ཕྲག་གཉིས་ཙམ་གྱི་རིང་ལ་མིའི་ལུས་རྟེན་གྱི་སྟེང་དུ་དུད་འགྲོའི་འཚོ་བ་བསྐྱལ་བའི་མི་རིགས་འདི་གཉིས་ལ་དབུགས་དབྱུང་ཅུང་ཟད་ཅིག་ཐོབ་པ་རེད། སྐབས་འདི་དག་གི་རིང་ལ། ཚེ་གཡོག་པའི་ཁྲོད་ཀྱི་ཤེས་ཡོན་ཅན་མང་བོ་ཞིག་གིས་མི་
རིགས་དཀར་བོ་དག་གིས་ཁོ་བ་ཚོའི་ཆེད་དུ་བཟོས་པའི་རྒྱལ་ཁབ་ཀྱི་རྩ་ ཁྲིམས་དང་ཡུལ་མིའི་ཐོབ་ཐང་གི་དོ་མི་མཉམ་པའི་གནད་དོན་མང་བོ་ཞིག་ཐེར་འདོན་བྱས་པས། མི་རིགས་དཀར་བོའི་དབང་འཛིན་པ་ཚོས་ཚེ་གཡོག་པ་ཤེས་ཡོན་ཅན་སྟོང་ཕྲག་མང་བོ་དམར་གསོད་གཏོང་དགོས་བྱུང་ཞིང༌། ཚེ་སྲོག་མ་ཤོར་བ་དག་ཀྱང་ལོ་ངོ་བཅུ་གྲངས་མང་བོ་དང་ཐ་ན་ཚེ་བཙོན་དུ་སྡོད་དགོས་པ་ཡང་ཧ་ཅང་མང་བོ་ཞིག་བྱུང་འདུག འདི་ནི་རྒྱལ་ཁབ་གསར་བ་མ་བཙུགས་སྔོན་དུ་གོ་མིན་ཏང་གིས་གུང་ཁྲན་ཏང་ཡོན་སྟོང་ཕྲག་མང་བོ་དམར་གསོད་བཏང་བའི་གནས་སྟངས་དང་གཅིག་མཚུངས་རེད།
        མཐའ་མ་དེ་ལ། ནམ་མི་ལངས་ཀ་མེད་ཉི་མས་གཏུགས་ཞེས་པའི་ཁ་དཔེ་ལྟར། ཚེ་གཡོག་པའི་ཁྲོད་ནས་ཤེས་ཡོན་ཅན་དང་ཡིག་རྨོངས་པ་རབ་དང་རིམ་པས་ངོ་རྒོལ་དང༌། དབྱིན་ཇིའི་མི་རིགས་དཀར་བོ་ནང་ཁུལ་ནས་ཀྱང་རིམ་བཞིན་ཚེ་གཡོག་པར་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པའི་ལྟ་ཚུལ་འཛིན་མཁན་སྟོང་ཕྲག་མང་བོ་བྱུང་བས། མི་རྒྱུད་དཀར་བོ་ཡང་ཆབ་སྲིད་ཀྱི་ལྟ་གྲུབ་མ་མཐུན་པར་ཕྱོགས་ཁག་ཆེན་པོ་གཉིས་སུ་གྱེས་ཏེ་དམག་འཁྲུག་ཐེངས་མང་བརྒྱབ་པའི་མཐར། དུས་རབས་ཉི་ཤུ་བའི་དུས་དཀྱིལ་ཙམ་ནས་བཟུང་སྟེ་མི་རིགས་དཀར་བོ་དང་ཚེ་གཡོག་པའི་འགྲོ་བ་མིའི་ཐོབ་ཐང་གཅིག་མཚུངས་ཡིན་ཞེས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མཉམ་མཇུག་མི་བྱེད་ཀ་མེད་བྱུང་བ་རེད། དུས་སྐབས་དེའི་སྔ་རྗེས་སུ། ཨ་རིའི་སྲིད་འཛིན་
ལས་ཐོག་པ་ལིན་ཁོན(Lincoin)གྱིས་གཙོས་པའི་མི་རིགས་གཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ཕྱག་ལས་གནང་མཁན་གྱི་མི་སྣ་སྐོར་ཞིག་གི་ཚེ་སྲོག་ཀྱང་རླབས་ཆེ་བའི་ལས་འགུལ་འདིའི་ནང་དུ་མི་རྒྱུད་དཀར་བོའི་མེ་མདའི་འོག་ཏུ་འགྲོ་དགོས་བྱུང་ཡོད་པ་རེད། ཡིན་ན་ཡང༌། རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་དང་དམག་ཤུགས་དབང་འཛིན་པ་མཐོ་གྲས་ནི་སྔར་བཞིན་མི་རིགས་དཀར་བོ་ཁོ་ནས་བྱེད་བཞིན་ཡོད་ཅིང༌། ལོ་ངོ་བརྒྱ་ཕྲག་གི་མི་རིགས་བར་གྱི་འཁོན་འཛིང་ལ་བརྟེན་ནས༌། སྐབས་རེར་མི་རིགས་དཀར་བོ་དཔུང་སྡེབས་ཀྱིས་ཚེ་གཡོག་པའི་མི་རྒྱུད་དམར་གསོད་དང༌། སྐབས་རེར་ཚེ་གཡོག་པའི་མི་རྒྱུད་མཉམ་རུབ་ཀྱིས་མི་རིགས་དཀར་བོ་དམར་གསོད་གཏོང་བ་སོགས། མི་རིགས་བར་གྱི་རྩོད་རྙོག་རིང་མོ་དེ་ད་དུང་མཇུག་རྫོགས་མེད། གཞན་གདོད་མའི་མི་རིགས་དང་མི་རིགས་ནག་པོའི་ཁྲོད་ནས་མི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་མཁན་དང་རླབས་ཆེ་བའི་སྒྱུ་རྩལ་བ་སོགས་མི་རིགས་ཀྱི་ལས་དབང་དང་ཐད་ཀར་འབྲེལ་བ་ཡོད་པའི་མི་སྣ་ཞིག་གཟེངས་སུ་ཐོན་ཚེ། མི་རིགས་དཀར་བོ་རང་གིས་ཐད་ཀར་རམ། ཡང་ན་མི་རིགས་ནང་ཁུལ་གྱི་ངོ་གཉིས་མའི་རིགས་བེད་སྤྱོད་ཀྱིས་དམར་གསོད་གཏོང་དུ་འཇུག་གི་ཡོད་པ་རེད། 
    དེ་ལྟར་མི་རིགས་དཀར་བོའི་བཙན་འཛུལ་དང་གཉའ་གནོན་གྱི་རྐྱེན་གྱིས། གླིང་ཆེན་འདིའི་གདོད་མའི་མི་རིགས་ཀྱི་ཐོག་མའི་གྲངས་འབོར་ས་ཡ་ཁ་ཤས་ནས་ད་ལྟ་ས་ཡ་གཅིག་ཟིན་མ་ཟིན་ཙམ་ལས་མེད་ཅིང༌། ས་ཆ་གཅིག་ཁོ་ནར་རུབ་སྡོད་བྱེད་མཁན་སྐོར་ཞིག་ཕུད། གཞན་གདོད་མའི་མི་རིགས་ཁ་འཐོར་བ་ཚོའི་སྐད་དང་ཆོས་ལུགས། ཡུལ་སྲོལ་གོམས་གཤིས། གོས་དང་ཆ་ལུགས་སོགས་ནི་རྩ་མེད་དུ་ཡལ་ནས། མི་རིགས་དཀར་བོའི་རིག་གཞུང་གི་རྦ་རླབས་ཀྱིས་གཡེངས་ཏེ་ར་མིན་ལུག་མིན་ཆགས་ནས་ཡོད་པ་དང༌། ཉེ་ཆར་ཨ་རིའི་ཁྲིམས་ཁང་ཞིག་ནས། ལོ་ངོ་བརྒྱ་ དང་ལྔ་བཅུའི་ཡར་སྔོན་དུ་ཁྲིམས་འགལ་གྱི་ནག་ཉེས་བཙུགས་ཏེ་སྐེ་བསྒགས་དམར་གསོད་བཏང་བའི་གདོད་མིའི་མི་སྣ་ཞིག་ལ་ཉེས་པ་མེད་པའི་དཀར་འདོན་བྱས་པ་ནི།
 མི་རོ་སྐམ་པོ་ཆུ་ལ་སྦངས་ནས། ལོ་རྒན་དྲུག་ཅུ་རྩིས་རྒྱག་བྱས་པའི་དཔེ་ལས་མ་འདས་སོ། །དེ་མིན། དུས་རབས་འདིའི་ནང་དུ་ཡང༌། མི་རིགས་ནག་པོ་འབུམ་ཕྲག་མང་བོར་ལས་ཀ་མི་རག་པ་དང༌། མཐོང་ཆུང་གི་རྣམ་འགྱུར་འཛིན་པ་སོགས་ལ་ཡར་རྒྱས་ཀྱི་རྣམ་པ་ཆེན་པོ་ཞིག་ད་དུང་ཐོན་མེད། 
   མི་རིགས་ནག་པོ་ཚོ་ཡང་གནས་སྟངས་དེ་ལས་མ་འདས་པར། ཁོ་ཚོའི་ཕ་མེས་ཀྱི་ཆོས་རྒྱུད་དང་ཆ་ལུགས། སྐད་དང་ཡི་གེ་བཅས་ནི་ནམ་མཁའི་དབྱིངས་སུ་རྒྱས་བཏབ་སྟེ། མི་རིགས་དཀར་བོའི་རིག་གཞུང་གི་གཏིང་དུ་བྱིངས་ནས་ཕྱིར་འོང་ཐབས་མེད་པར་གྱུར་ཟིན། དཔལ་ཡོན་གཉིས་ལྡན་གྱི་རྒྱལ་ཁབ་འདིར། དེང་སྐབས་ད་དུང་གདོད་མའི་མི་རིགས་འདི་སྤྱི་ཚོགས་ལས་ལོགས་སུ་ཕུད་དེ། ཁོ་ཚོ་འདུས་སྡོད་ས་ཁུལ་དུ་ཤེས་ཡོན་དར་སྤེལ་གྱི་རྩ་ཁྲིམས་མེད་པ་དང༌། ཆང་རག་ཚོད་མེད་དུ་བཏུང་ཆོག་པ། (མི་མང་བོ་ཞིག་མི་རིགས་ཉམས་རྒུད་ཀྱི་གནས་སྟངས་ལ་སེམས་སྐྱོ་ནས་་བསམ་བཞིན་ཨ་རག་ཚོད་མེད་དུ་འཐུངས་ཏེ་རང་གི་ཚེ་སྲོག་ཐུང་དུ་གཏོང་བཞིན་འདུག)ཐ་མག་དཀར་ནག་གི་རིགས་བེད་སྤྱོད་གཏོང་རྒྱུར་གུ་ཡངས་ཡོད་པ་སོགས་
མི་རིགས་རྩ་མེད་དུ་འགྲོ་བའི་སྲིད་ཇུས་ཤིག་ད་དུང་ནམ་ གུང་གི་དུག་སྦྲང་ཁྱུ་ཞིག་དང་འདྲ་བར། མི་རིགས་འདིའི་ཚེ་སྲོག་གི་ཁྲག་རྩའི་སྟེང་དུ་གནས་བཅས་ཡོད་པ་རེད། 
   ད་ལྟ། ང་རང་གནས་སྡོད་བྱེད་སའི་ཨ་རིའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་སེ་ཨ་ རོལ(སེ་ཨ་རོལSEATTLEཞེས་པའི་མིང་ཚིག་འདི་ཡང་གདོད་མའི་མི་རིགས་ཀྱི་མེས་པོ་ཞིག་གི་མིང་རེད)གྱི་སྲང་ལམ་དུ། གདོད་མའི་མི་རིགས་རེ་ཟུང་གིས་མདོ་སྨད་ཀྱི་སྒྲ་སྙན་རྡུང་ལེན་ལྟ་བུ་ཞིག་གི་དབྱངས་རྟ་དང་མཉམ་དུ་མི་རིགས་དེའི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་གླུ་རུ་ལེན་པ་ནི། "སྔོན་ཆད། ངའི་ཕ་མེས་ཡང་མེས་ས་འདིའི་བདག་པོ་ཡིན།ད་ལྟ། ངའི་བུ་རབས་ཚ་རྒྱུད་ས་འདིའི་གཡོག་པོ་ཡིན།"

                                                            <<སྤྱན>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45482836
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1