སོག་པོའི་ཆོས་འབྱུང་བསྡུས་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 7 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» ནང་བསྟན་གྲུབ་མཐའ། »སོག་པོའི་ཆོས་འབྱུང་བསྡུས་པ།
སོག་པོའི་ཆོས་འབྱུང་བསྡུས་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/11ལྟ་ཀློག (6830)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྡོ་རྗེ་སྨོན་ལམ།

ཇི་སྐད་དུ། རྒྱལ་སྲས་ཆེན་པོ་སློབ་དཔོན་ཞི་བ་ལྷས།  འགྲོ་བའི་སྡུག་བསྔལ་སྨན་གཅིག་བུ།། བདེ་བ་ཐམས་ཅད་འབྱུང་བའི་གནས།།  བསྟན་པ་ཞེས་གསུངས་པ་ལྟར། ཁམས་གསུམ་གྱི་འགྲོ་བ་མཐའ་དག་གི་སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་པའི་སྨན་གཅིག་བུ།མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་ལ། འདི་ལྟ་བུའི་བསྟན་པ་ཇི་ལྟར་ཡིན་ཞེ་ན། གཞལ་ལ་མི་འཚེ་ཞིང་སྡིག་པ་མི་དགེ་བའི་ལས་ལས་རྣམ་པར་ལྡོག་པ་ཡང་དག་པར་དགེ་པའི་ཆོས་ཕུན་སུམ་ཚོགས་པས་སྐྱེས་པར་བསྐྱེད་ལ། རྣམ་པ་གཅིག་ཏུ་རང་གི་སེམས་རྒྱུད་འདུལ་བའི་ཐབས་སུ་འགྱུར་བ་ཤ་སྟག་ཡིན་ཏེ། མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཞེས་བྱ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་ཁམས་འདིར་ཇི་ལྟར་འབྱུང་བའི་ཚུལ་བརྗོད་པ་ལ། ཆོས་འབྱུང་རྣམས་སུ་འཛམ་བུ་གླིང་བའི་མི་རྣམས་ཀྱི་ཚེ་ལོ་དཔག་མེད་ནས་བྲི་སྟེ་བཞི་ཁྲི་ལ་ཐུག་པའི་ཚེ་སངས་རྒྱས་འཁོར་བ་འཇིག་བྱོན། སུམ་ཁྲིའི་ཚེ་གསེར་ཐུབ་བྱོན། ཉི་ཁྲིའི་ཚེ་འོད་སྲུང་བྱོན། ཚེ་ལོ་བརྒྱ་བ་སྙིགས་མ་ལྔ་བདོ་བའི་ཚེ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཤྰཀྱ་ཐུབ་པ་འདི་ཉིད་གཟིགས་པ་ལྔ་ཡི་སྒོ་ནས་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་བྱོན་ནས་ཆོས་ཀྱི་འཁོར་ལོ་རིམ་པ་རྣམ་གསུམ་བསྐོར་བར་མཛད་དོ།། ཤྰཀྱའི་རིགས་བརྒྱུད། ཡུམ་སྟེ་ལྔ་ལོའོ།། དེ་ལྟར་ཡིན་པར་ཐབས་མཁས་ཐུགས་རྗེ་དང་། ཐུབ་རྣམས་སྤངས་རྟོགས་མར་གསུངས་སོ།། སྙིགས་མ་ལྔ་ནི་ཚེ་དུས་ལྟ་བ་སེམས་ཅན་ཉོན་མོངས་པའོ།། ཚེ་དང་དུས་ཀྱི་སྙིགས་མས་དགེ་བའི་ཕྱོགས་རྒུད་པར་བྱེད། སེམས་ཅན་གྱི་སྙིགས་མས་གཟུགས་སྟོབས་བློ་བརྩོན་འགྲུས་བསམ་གཏན་ཉམས་པར་བྱེད་པས་སྙིགས་མའི་རྒུད་པ་ཞེས་བྱའོ།། ཚེ་ལོ་བརྒྱ་བ་ཡན་ཆད་ལོངས་སྤྱོད་ཀྱི་འབྱོར་བ་ཆེ་བས་ཡིད་འབྱུང་བར་དཀའ་ལ། ལོ་བརྒྱ་བ་མན་ཆད་ན་སྙིགས་མ་ལྔ་ཧ་ཅང་བདོ་བས་མི་ཁོམ་པར་སྣང་བས་དེ་དག་གི་སྐྱོན་མེད་པས་སྐྱེ་དགུ་གདུལ་སླ་བར་གྱུར་པའི་དུས་ཚེ་ལོ་བརྒྱ་བར། འཛམྦུ་བྲིཀྴའི་ལྗོན་པས་མཚན་པའི་ཞིང་དབུས་འགྱུར་འཆང་གི་ཡུལ་འདིར་གཤེགས་སོ་མཛད། བདག་ཅག་གི་སྟོན་པ་མཉམ་མེད་ཤྰཀྱའི་རྒྱལ་པོ་འདི་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་མོས་པ་དང་མཐུན་པར་སྤྲུལ་སྐུའི་མཛད་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མཛད་པ་ནི། མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་པར།། འགྲོ་ལ་ཕན་པ་སྣ་ཚོགས་དག། མཉམ་དུ་མཛད་པའི་སྐུ་དེ་ནི།། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད།། ཅེས་གསུངས་པ་ལྟར་རོ།། དེ་ནས་བསྟན་པ་འཛིན་སྐྱོང་སྤེལ་པར་མཛད་པ་བསྟན་པའི་གཏན་རབས་བདུན་ངོས་བཟུང་ཚུལ། ཕྲན་ཚགས་ལས། ལེགས་པར་གསུངས་མཛད་ཐུབ་པའི་དབང་པོ་དང་། འོད་སྲུང་ཀུན་དགའ་ཤ་ན་གོས་ཅན་དང་། ཉེ་སྦས་ངྷི་ཏི་ཀ་དང་ནག་པོ་བ།། ལེགས་མཐོང་ཆེན་པོ་སྟོན་པའི་གཏད་རབས་བདུན།། ཞེས་དང་། གཞན་ཡང་སྟོན་པ་མྱ་ངན་ལས་འདའ་ཁར་སྒྲ་གཅན་འཛིན་ལ་སོགས་པའི་དགྲ་བཅོམ་པ་བཅུ་དྲུག་ལ། འཛམ་བུའི་གླིང་དུ་ངའི་བསྟན་པ་མ་ནུབ་ཀྱི་བར་ཏུ་ཁྱེད་རྣམས་ཀྱང་མྱ་ངན་ལས་མི་འདའ་བར་ངའི་བསྟན་པ་སྐྱོང་དགོས་ཞེས་བཀའ་ཕབ་པ་ལྟར། ཁོང་རྣམས་ཀྱང་འཛམ་བུའི་གླིང་གི་གནས་མི་འདྲ་བ་བཅུ་དྲུག་ལ་བཞུགས་ནས་བསྟན་པ་དར་ཞིང་སྤེལ་བར་མཛད་པ་ཡིན་ནོ།།ཞེས་བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་པའི་ཆོས་འབྱུང་དང་། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བརྩམས་པའི་བོད་སོག་ཆོས་འབྱུང་།རྣམ་གྲངས་ཀུན་བཏུས་ཚིག་མཛོད་རྣམས་ལས་གསུངས་སོ།། རྐང་གཉིས་ཀྱི་གཙོ་བོ་ཉི་མའི་གཉེན་གྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་ཁམས་སུ་དར་བ་སྤྱིའི་རྣམ་བཞག་མདོར་བསྡུས་པའོ།། དེ་ནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་བྱང་དང་པོ་གངས་ལྗོངས་སུ་བསྟན་པ་དར་ཚུལ་དང་། བྱང་གཉིས་པ་ཆེན་པོ་ཧོར་གྱི་ཡུལ་དུ་བསྟན་པ་དར་ཚུལ་གཉིས་ལས། དང་པོ་བོད་དུ་བསྟན་པ་དར་ཚུལ་ལ་སྔ་དར་དང་། ཕྱི་དར་གཉིས་ཡོད་དེ། དང་པོ་ནི་བོད་ཀྱི་རྒྱལ་བོའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་གྱི་རྒྱལ་རབས་ཉི་ཤུ་རྩ་དྲུག་གི་རིང་སངས་རྒྱས་བསྟན་པའི་མིང་ཙམ་ཡང་མ་བྱུང་ལ། དེ་ནས་ཀུན་ཏུ་བཟང་པོའི་སྤྲུལ་བ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་རྒྱལ་པོའི་ཕོ་བྲང་གི་སྟེང་དུ་དཔང་སྐོང་ཕྱག་རྒྱའི་གླེགས་བམ་དང་། གསེར་གྱི་མཆོད་རྟེན་སོགས་ནམ་མཁའ་ལས་བབས་པ་ཚིག་དོན་མི་ཤེས་ཀྱང་། མཚན་གཉན་པོ་གསང་བར་བཏགས་ནས་མཆོད་དེ་དམ་བའི་ཆོས་ཀྱི་དབུ་བརྙེས་སོ།།  རྒྱལ་པོའི་རྨི་ལམ་དུ་མི་རབས་ལྔ་ན་འདིའི་དོན་ཤེས་པ་འབྱུང་ཞེས་ལུང་བསྟན་པ་བཞིན། དེ་ནས་མི་རབས་ལྔ་བ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ་བློན་པོ་ཐོན་མི་སམྦྷཌ་རྒྱ་གར་ཏུ་བརྫངས་ཏེ་རིག་གནས་ལ་མཁས་པར་སྦྱངས་ནས། ན་ག་རའི་ཡི་གེ་ལ་དཔེ་བྱས་ནས་མགོ་ཅན་གྱི་གཟབ་དང་། ཝརྟུལའི་ཡི་གེ་ལ་དཔེ་བྱས་ནས་མགོ་མེད་ཀྱི་གཤར་གཉིས་བཟོས་ཏེ་ཡི་གེའི་སྲོལ་འབྱེད་པར་མཛད་དོ།། ཇོ་བོ་རྣམ་གཉིས་སྤྱན་དྲངས། གཙུག་ལག་ཁང་ཆེན་པོ་བཞེངས། སངས་རྒྱས་ཕལ་པོ་ཆེ་ལ་སོགས་པ་ཆོས་མང་པོ་བོད་སྐད་དུ་བསྒྱུར་ཏེ། བསྟན་པའི་སྲོལ་བཏོད་པ་ཡིན་ནོ། འཇམ་དབྱངས་རྣམ་འཕྲུལ་ཏུ་གྲགས་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་མཁན་ཆེ་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པ་བཤེས་གཉེན་དུ་མ་གདན་དྲངས་པ་ལ་བསྟེན་ནས་ངུར་སྨིག་རྒྱལ་མཚན་བཟུང་བའི་རབ་བྱུང་དུ་མ་འཕེལ། སྐད་གཉིས་སྨྲ་བའི་ལོ་ཙྭ་བ་མང་པོ་བྱུང་བས་མོད་རྒྱུད་དགོངས་འགྲེལ་དུ་མ་བསྒྱུར། མཁན་ཆེན་ཞི་བ་འཚོས་དམ་པའི་ཆོས་འདུལ་བ་ནས་བཟུང་སྟེ་དབུ་མའི་བར་གྱི་བཤད་པའི་ཁུར་བསྣམས་ཏེ་འཆད་གཉན་དར་བར་མཛད།སློབ་དཔོན་པདྨ་སོགས་ཀྱིས་སྣོད་ལྡན་འགའ་ཞིག་ལ་གསང་སྔགས་ཀྱི་གདམས་པ་གནང་བས་གྲུབ་པ་ཐོབ་པའི་སྐྱེ་བུ་ཡང་འགའ་ཞིག་བྱུང་། དེ་ནས་ཕྱིས་སུ་རྒྱ་ནག་ནས་ཧྭ་ཤང་མ་ཧྰ་ཡ་ན་ཞེས་པ་བོད་དུ་འོངས་ནས། མི་དགེའི་རྣམ་པར་རྟོག་པ་ལྟ་ཞོག། དགེ་བའི་རྣམ་པར་རྟོག་པ་ཡང་འཁོར་བར་འཆིང་བྱེད་ཡིན། གསེར་སྒྲོག་དང་ལྕགས་སྒྲོག་གང་གིས་བཅིངས་ཀྱང་། ཁྱད་པར་མེད་པ་དང་མཚུངས་པས་མི་ཡང་ཡིད་ལ་མི་བྱེད་པ་ཁོ་ནས་གྲོལ་བར་འགྱུར་རོ།། ཞེས་པའི་སྨྲ་བ་ངན་པ་དང་། ལྟ་བ་ལོག་པ་བསྟན་པས་བོད་ཐམས་ཅད་དེའི་རྗེས་སུ་ཞུགས་པས། ལྟ་སྤྱོད་རྣམ་དག་འཛིན་པ་ཉུང་བར་གྱུར་ལ། དེ་ལ་ཆོས་རྒྱལ་གྱིས་ལྟ་ངན་སུན་འབྱིན་པའི་ཕྱིར་དུ། མཁས་པའི་དབང་བོ་ཀ་མ་ལ་ཤྰི་ལ་སྤྱན་དྲངས་ཏེ་ཧྭ་ཤང་རྩོད་པས་ཕམ་པར་བྱས་ནས་ལྟ་སྤྱོད་རྣམ་པར་དག་པ་སླར་ཡང་གསལ་བར་བྱས་སོ།། མངའ་བདག་ཁྲི་རལ་བ་ཅན་གྱི་རིང་ལ་པཎྡི་ཏ་ཛི་ན་མི་ཏྲ་ལ་སོགས་པ་མཁས་པ་དུ་མས་དམ་པའི་ཆོས་བོད་དུ་བསྒྱུར་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་སྤེལ་བར་མཛད་དོ།། བསྟན་པ་སྔ་དར་གྱི་དུས་སུ་རྒྱལ་པོ་ཁྲི་སྲོང་གིས་ད་ཕྱིན་ཆད་ལྟ་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ལྟར་བྱ་དགོས་ཤིང་། ཧྭ་ཤང་གི་ལུགས་ལྟར་བྱེད་ན་ཆད་པས་གཅོད་དོ་ཞེས་དྲིལ་བསྒྲགས་པར་བཤད་པས། དབུ་མ་བའི་ལྟ་བ་ཉིད་དར་ཆེ་བ་ཡིན་ནོ།། དེ་ནས་གླང་དར་མ་རྒྱལ་སར་འཁོད་ནས་སངས་རྒྱས་ཀྱི་བསྟན་པ་བོད་དུ་ལྷག་མ་མེད་པར་བསྣུབས་སོ།། དེ་ཡང་དབུས་གཙང་གཙོ་བོར་བྱས་ནས་བཤད་པ་ཡིན་གྱི། མདོ་ཁམས་སུ་མདོ་སྔགས་བཤད་རྒྱུན་དང་སྡོམ་གསུམ་གྱི་རྒྱུན་སྔོན་ནམ་དར་བ་ནས་མ་ཆད་པར་ཡོད་ཚུལ་ཞིག་གསུངས་པས་ཁྱབ་ཆེ་བ་མ་ཡིན་པར་སེམས་ཏེ། དབུས་གཙང་ལ་བཤད་པ་ནི་ཤ་སྟག་ཡིན་ནོ།། བསྟན་པ་སྔ་དར་དང་ཕྱི་དར་གང་ཡིན་ཀྱང་། སངས་རྒྱས་ཀྱི་བསྟན་པའི་གཞི་མ་དར་པའི་ཆོས་འདུལ་བ་ཡིན་པའི་དབང་གིས་སྡོམ་རྒྱུན་དང་འདུལ་བའི་ལག་ལེན་དར་ཚུལ་གྱི་སྒོ་ནས་བཞག་པ་ཡིན་པར་སྣང་ངོ་།། འདི་ནི་ཤིན་ཏུ་བསྡུས་པ་ཡིན་པས་རྒྱས་པར་ཤེས་འདོད་ན་ཞིབ་པར་ཆོས་འབྱུང་རྣམས་ལས་ཤེས་པར་བྱའོ།། རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་པ་འདི་ཡན་ཆད་བོད་ཀྱི་སོ་ཐར་གྱི་བསྟན་པ་ལ་སྔ་དར་དང་།  སྔགས་ལའང་གསང་སྔགས་རྙིང་མ་ཞེས་གྲགས་སོ།། གཉིས་པ་བསྟན་པ་ཕྱི་དར་བྱུང་བའི་མགོ་འཛིན་ས་ནི (སྤྱི་ལོ་༡༧༨)ལོར་ཡིན་པསར་བསྟན་རྩིས་ལ་མཁས་པ་འབྲོམ་སྟོན་གྱི་བཞེད་པ་ཡིན་ནོ་ཞེས། ཤིང་བཟའ་རིན་པོ་ཆེས་གསུངས་སོ།། གླང་དར་མས་བསྟན་པ་བསྣུབས་པའི་དུས་སུ་དཔལ་གྱི་རི་ན་བཞུགས་པའི་མཁས་པ་རྣམ་གསུམ་གཙང་རབ་གསལ། གཡོ་དགེ་འབྱུང་། དམར་ཤཀྱྰ་མུ་ནེ་གསུམ་འདུལ་མངོན་གྱི་དཔེ་ཆ་དྲེའུ་ཁལ་གཅིག་ཁྱེར་ནས་བྲོས་ཏེ། བྱང་ལམ་བརྒྱུད་ནས་ཧོར་ཡུལ་དུ་བྱོན། རེ་ཞིག་བཞུགས་ཀྱང་སྐད་ཀྱིས་བསྟན་པ་སྤེལ་མ་ནུས་པར་མདོ་སྨད་དུ་བྱོན། བླ་ཆེན་པོ་དགོངས་པ་རབ་གསལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། བོད་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་མི་བཅུ་འོངས་ནས་བླ་ཆེན་ལས་སྡོམ་པ་བླངས། དེ་རྣམས་བོད་དུ་ཐོན་ནས་སྡོམ་པ་སྤེལ་བས། སངས་རྒྱས་བསྟན་པའི་མེ་རོ་སྨད་ནས་གསོས་ཏེ། སླར་ཡང་བསྟན་པ་དར་བའི་མགོ་ཚུགས་ཏེ་རིམ་གྱིས་འཕེལ་ནས་དབུས་གཙང་གི་ཕྱོགས་ཐམས་ཅད་དགེ་འདུན་གྱི་སྡེས་བཀང་སྟེ་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཏོ།། ད་ནི་རང་ཅག་རྣམས་ཀྱི་དགེ་ལྡན་བསྟན་པའི་བདག་པོ་རྗེས་བདག་ཉིད་ཆེན་པོའི་རྗེ་འབྲང་། དགེ་ལུགས་པའི་རིང་ལུགས་འཛིན་མཁན་ཡིན་པས། དེའི་རྒྱུ་མཚན་དང་། བྱུང་ཁུངས་ཤེས་པར་འདོད་པ་ནི་ཐེ་ཚོམ་མེད། དེས་ན་དགེ་ལུགས་པའམ། དགའ་ལྡན་པ་ཞེས་པ་ནི་གདན་སའི་མིང་གིས་བཏགས་ཏེ། རྗེ་རིན་པོ་ཆེས་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་པ་ལ་བརྟེན་ནས། རྗེའི་ལུགས་ལ་དགའ་ལྡན་པའི་ལུགས་ཞེས་པའམ། དགེ་ལུགས་པ་ཞེས་འབོད་པ་རྒྱུན་ཆགས་པ་ཡིན་ནོ།། སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་གདུང་ཚོབ་ཡབ་རྗེ་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ་དེ་ཉིད་སྔོན་རྒྱལ་བ་དབང་བོའི་ཏོག་གི་སྤྱན་སྔར་མ་དག་པའི་ཞིང་དུ་ལུས་སྲོག་ལ་མི་ལྟ་བར་རྒྱལ་བ་དགྱེས་པའི་ལམ་བཟང་རྒྱས་པར་བྱེད་པའི་དམ་བཅའ་མཛད་པ་དང་། སླར་ཡང་བདག་ཅག་གི་སྟོན་པ་འཇིག་རྟེན་དུ་བྱོན་པའི་དུས་སུ་སྟོན་པ་ལ་ཤེལ་དཀར་གྱི་ཕྲེང་བ་ཕུལ་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་པ་རྣམས་རིམ་བཞིན། མཁས་གྲུབ་ཆོས་རྗེ་དགེ་ལེགས་དཔལ་བཟང་། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པས་གསུངས་པ་ལྟར་རོ།། སྔོན་རིང་མོ་ཞིག་ནས་རྒྱལ་བ་དུ་མའི་སྤྱན་སྔར་རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་རླབས་པོ་ཆེ་ཡང་དང་ཡང་དུ་མཛད་པའི་མཐུ་ཡོངས་སུ་སྨིན་པར་གྱུར་པ་ན། དགེ་བཅུ་ཚང་བའི་ས་ཆ་ཤར་ཙོང་ཁ་ཞེས་གྲགས་པའི་ལྗོངས་འདིར། རབ་བྱུང་དྲུག་པའི་བགྲང་བྱའི་ཉག་མ་སོ་གཅིག་པ་མེ་མོ་བྱའི་ལོ་སྟེ། (༡༣༥༧)ལོར་སྐུ་བལྟམས་པར་རྗེའི་རྣམ་ཐར་ངོ་མཚར་ནོར་བུའི་ཕྲེང་བ་ལས་གསུངས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོ་འཇིག་རྟེན་ཁམས་འདིར་བྱོན་པ་ནི། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱོན་པ་དང་ཆོས་མཚུངས་པ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི།། སངས་རྒྱས་མཛད་པ་བྱེད་པར་འགྱུར།། ཞེས་ལུང་བསྟན་པ་དང་། མཁས་གྲུབ་རིན་པོ་ཆེས། ཐུབ་བསྟན་པདྨའི་ཚལ་ལ་འཇིག་རྟེན་འདིར།། ཁྱོད་ནི་རྒྱལ་བའི་ཉི་མ་ཇི་བཞིན་ཞེས།། མི་ཕམ་མགོན་པོས་ཁྱོད་ལ་མངོན་སུམ་དུ།། དབུགས་དབྱུང་མཆོག་ཏུ་བསྔགས་ལ་གསོལ་འདེབས།། ཞེས་དང་། འཇམ་དབྱངས་ཆོས་རྗེས། སླར་ཡང་སྟོབས་བཅུ་མངའ་བ་གཤེགས་པ་བཞིན།། རྒྱལ་བའི་མཛད་པ་སྒྲུབ་པར་ལུང་བསྟན་པ།། ཞེས་གསུངས་པའི་ཕྱིར་རོ།།  རྗེ་བདག་ཉིད་ཆེན་པོས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་སྒོ་ནས་ཐུབ་པའི་བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པར་བྱེད་པའི་བཀའ་དྲིན་གྱིས་ནོར་འཛིན་གྱི་ཁྱོན་ཐམས་ཅད་ཁྱབ་པར་མཛད་པ་ཁོ་ནར་ངེས་པ་ལགས།   རྒྱུ་མཚན་དེའི་ཕྱིར་མཁས་གྲུབ་སྨྲ་བའི་ཉི་མས།  མཐའ་ཡས་སྨོན་ལམ་སྟོབས་མངའ་ཐབས་ཀྱིས། འབད་མེད་ལྷུན་གྲུབ་མཐའ་ཡལ་ཡས་གདུལ་བྱའི་ཚོགས།།རྒྱལ་བ་དགྱེས་པའི་ལམ་ལ་ཁྲིད་མཛད་པ།། འཇིག་རྟེན་ཀུན་གྱི་སྐྱབས་ལ་གསོལ་བ་འདེབས།། ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་སློང་གིས།། ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་པའི་ཚེ།། བསླབ་གསུམ་ལུང་རྟོགས་རྒྱལ་པའི་དམ་ཆོས་ཀུན།། ཁྱོད་ཀྱིས་ཉིན་མོར་མཛད་ལ་གསོལ་པ་འདེབས།། ཞེས་དོན་ལ་གནས་པའི་བསྔགས་བརྗོད་མེ་ཏོག་དད་པའི་སྙིམ་པས་འཐོར་བར་མཛད་པའོ།། རྗེའི་རིང་ལུགས་རྒྱས་པར་མཛད་པའི་དྲིན་ཅན་བླ་མ་རྣམས།། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། རྒྱལ་བ་རྗེ། འདུལ་འཛིན་པ། མཁས་གྲུབ་རྗེ། འཇམ་དབྱངས་ཆོས་རྗེ། བྱམས་ཆེན་ཆོས་རྗེ། རྗེ་ཤེར་རབ་སེངྒེ། པཎ་ཆེན་དགེ་འདུན་གྲུབ་སོགས་ཐོག་དྲངས་སྟེ་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས། གསེར་མདོག་ཅོད་པན་འཆང་བའི་ལུགས་སྲོལ་དྲི་མ་མེད་པའི་བདུད་རྩིའི་ཆར་གྱིས་ཕན་བདེ་དཔལ་འབྱོར་གྱི་ལོ་ཏོག་འཕེལ་བར་བྱས་ནས་ལུས་ཅན་ཀུན་གྱི་ཚོགས་རྣམས་ཚིམ་བར་མཛད་པ་ལགས་སོ།།

བྱང་གཉིས་པ་ཧོར་ཡུལ་དུ་བསྟན་པ་ཇི་ལྟར་དར་བའི་ཚུལ་བརྗོད་པ་ལ། མདོ་ལས། ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་འདི། ཡུལ་དབུས་ནས་ཝ་ར་ནྰ་སིལ་འབྱུང་བར་འགྱུར་རོ།། དེ་ནས་བྱང་ཕྱོགས་སུ་འབྱུང་བར་འགྱུར་རོ།། བྱང་ཕྱོགས་ནས་བྱང་ཕྱོགས་ཀྱི་ཕྱོགས་དེ་ཉིད་དུ་རྒྱས་པར་འགྱུར་རོ།།  ཞེས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པའི། བྱང་དང་པོ་དབུས་གཙང་དང་། བྱང་གཉིས་པ་ཧོར་ཡུལ་དུ་སྦྱར་བ་ཡིན་ཏེ། རྒྱལ་དབང་ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོ་སོགས་མཁས་པ་དུ་མས། བྱང་དང་པོ་བོད་ཡུལ་སྤྱི་དང་བྱང་གཉིས་པ་ཧོར་ཡུལ་དུ་སྦྱར་ཡང་རུང་བར་གསུངས་ཏེ། ཡང་ཨརྱ་ལྕང་ལུང་པཎྡི་ཏ་ཆེན་པོས། ཤྰཀྱའི་རྒྱལ་པོའི་དཔལ་གྱི་མགུར་མཆོག་ལས། ཐུབ་བསྟན་རིན་ཆེན་བྱང་ནས་བྱང་ཕྱོགས་སུ།། དར་བར་ལུང་ཟིན་ཆེན་པོ་ཧོར་ཡུལ་ཞེས།། གྲགས་པ་ལྷ་ཡུལ་ན་ཡང་གླེང་བ་ཞེས།། ཞེས་གསུངས་པ་ལྟར་རོ།། ཧོར་ཡུལ་འདིར་རྒྱ་གར་གྱི་པཎྡི་ཏ་སོགས་བྱོན་ནས་བསྟན་པའི་སྲོལ་ཕྱེ་བའི་ལོ་རྒྱས་མི་འདུག་པས། ཆོས་ཀྱི་ཐོག་མ་བོད་ནས་བྱུང་བ་ཡིན་ལ་དེ་ཡང་དང་བོ་བྱུང་བ་ནི། ས་སྐྱ་བའི་ཆོས་ལུགས་ཡིན་ཏེ། ལྕང་སྐྱ་རོལ་བའི་རྡོ་རྗེས། དཔལ་ལྡན་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་ནི།། གདུལ་བྱའི་དབང་གིས་འཇིག་རྟེན་སྐྱོང་བའི་ལྷ།། ཨེ་ཅེན་ཇིང་གེར་རྒྱལ་པོ་ཞེས་གྲགས་པའི།། ཕོ་ལྷ་ཡབ་ཡུམ་ཞེས་བྱའི་བསྔགས་པ་ལྟར།མཁས་པ་དམ་པ་དུ་མས་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་དུ་གསུངས་པའི། སྟོབས་ཀྱི་འཁོར་ལོས་བསྒྱུར་བ་པོག་ཏོ་ཚང་གི་སེ། བོད་དུ་བྱོན་ནས་མངའ་རིས་སྐོར་གསུམ།དབུས་གཙང་རུ་བཞི། ལྷོ་ཁམས་སྒང་གསུམ་ཐམས་ཅད་དབང་དུ་བསྡུས། སྐབས་འདིར་གཙང་དུ་མི་སྣ་བཏང་སྟེ། ས་ཆེན་ཀུན་དགའ་སྙིང་པོ་ལ་འབུལ་ནོད་སོགས་བགྱིས་ཤིང་མཆོད་ཡོན་དུ་གྱུར། སླད་ནས་སོག་ཡུལ་དུ་གདན་འདྲེན་པའི་ཞུ་བ་ཕུལ། རྟེན་གསུམ་འགའ་ཞིག་གདན་དྲངས། དེ་ལ་བརྟེན་ནས་སོག་པོ་ཐམས་ཅད་བསྟན་པ་ལ་དད་པར་གྱུར་ཏེ། དཀོན་མཆོག་མཆོད་པའི་མགོ་ཚུགས་དགེ་བསྙེན་སོགས་ཀྱི་སྡོམ་པ་ལེན་པའམ་བྱུང་ནས་བསྟན་པའི་དབུ་བརྙེས་སོ།། ཞེས་བཤད་པ་ནི་ངེས་དོན་གྱི་མཧྰ་པཎྡི་ཏ་ཐུའུ་བཀྭན་ཆོས་ཀྱི་ཉི་མ་དང་། མཆོག་སྤྲུལ་རིན་པོ་ཆེ་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཆོས་འབྱུང་རྣམས་སུ་ཡོད་པ་ནི་མི་འགྱུར་རྡོ་རྗེའི་ཚིག་གོ།། དེང་སང་འགའ་ཞིག་གིས་ཆིང་གེ་སི་རྒྱལ་པོ་འཇིག་རྟེན་པའི་ལྷ་འབའ་ཞིག་བརྟེན་བགྱི་དཀོན་མཆོག་མཆོད་མཁན་མ་ཡིན་པར་སྨྲ་བ་རྣམས་ལ་ཚད་ལྡན་གྱི་གཞུང་དང་ཆོས་འབྱུང་སོགས་ལ་གཟིགས་རྟོག་མཛད་ན་བཀའ་དྲིན་ཆེ་ཞེས་གུས་པས་ཞུའོ།།  རབ་བྱུང་བཞི་བའི་མེ་ཡོས་ལོར་ཆོས་རྒྱལ་ཆིང་གེ་སི་བོད་དབུས་སུ་བྱོན་ནས་དམ་པའི་ཆོས་ཀྱི་དབུས་བརྙེས་ཏེ། ཆོས་སྲིད་ཉི་ཟླ་ཟུང་གི་འོད་སྣང་ཕྱོགས་འདིར་རྒྱས་ཤིང་། ཧོར་ཡུལ་ཕན་བདེའི་དགའ་སྟོན་ལ་རྟག་ཏུ་སྤྱོད་པའི་རྟེན་འབྲེལ་གྱི་མགོ་བརྩམས་པ་དང་།  སླད་མོར་སའི་མཐོང་ས་ཆེན་པོར་དཔལ་འབྱོར་མངོན་པར་མཐོ་བའི་ཆེན་པོ་ཧོར་གྱི་ཡུལ་འདིར་མཁས་གྲུབ་པཎ་ཆེན་ཕེབས་པའི་དང་བོ། འཇམ་མགོན་ས་སྐྱ་པཎྡི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད་ཡིན་ལ། ཡུལ་འདིར་དཔལ་ས་སྐྱ་བའི་ཆོས་རྒྱུན་ཐོག་མར་བྱུང་བ་དང་བཙུན་པ་རྣམས་དབུས་གཙང་དུ་སློབ་གཉེར་ལ་འགྲོ་བའི་སྲོལ་དར་བས་བོད་དུ་སློབ་གཉེར་ཚད་ལྡན་བགྱིས་ཏེ་སྲོག་ཡུལ་དུ་འོངས་ནས་བཤད་སྒྲུབ་ཅི་རིགས་ཀྱིས་བསྟན་པ་འཛིན་ཅིང་སྤེལ་བར་བྱེད་ནུས་པ་མང་པོ་བྱུང་ཞིང་། དབུས་གཙང་དང་མདོ་ཁམས་ཅི་རིགས་ནས་སྐྱེས་ཆེན་དམ་པ་སྔ་ཕྱིར་མང་དུ་བྱོན་པ་ལ་བརྟེན་ནས། དེང་སང་གི་དུས་སུ་ཧོར་གྱི་ཡུལ་གྲུ་ཐམས་ཅད་གཙུག་ལག་ཁང་དང་། དགེ་འདུན་གྱི་སྡེས་གང་ཞིང་། མཚན་ཉིད་ཀྱི་བཤད་གྲྭ་ཡང་དར་ནས་བསྟན་པ་རིན་པོ་ཆེ་འཕེལ་ཞིང་རྒྱས་པར་གྱུར། རང་ཅག་ཡོངས་ཀྱི་ལྷ་སྐལ་གསང་བདག་མིའི་དབང་པོས་གན་འོག་གི་སྐྱེ་འགྲོ་སྤྱི་དང་ཁྱད་པར་ཧོར་གྱི་འགྲོ་བ་མཐའ་དག་གཅིག་ཏུ་བརྩེ་བའི་སྒོ་ནས་བྱང་ཕྱོགས་འཛིན་མའི་ལྷ་ལམ་ཡངས་པོར་བསྟན་པའི་ཉིན་བྱེད་འདྲེན་པར་བྱས་ཏེ་ཡུལ་ཕྱོགས་མཐའ་དག་དཀར་བོ་དགེ་བའི་འོད་ཀྱིས་སྣང་བར་མཛད་ཅིང་འགྲོ་ཀུན་ཕན་བདེའི་ལེགས་ཚོགས་བླ་ན་མེད་པའི་དཔལ་ལ་འགོད་པ་འདི་དག་ནི་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ།།  རི་བོ་དགེ་ལུགས་པའི་བསྟན་པ་དར་བ་ནས་བཟུང་སྟེ། ཞྭ་སེར་གྱི་བསྟན་པ་དྲི་མ་མེད་པ་འདི་ཁོ་ན་གཙོ་བོར་མཆོད་ཅིང་བསྟེན་ནས་ལེགས་ཚོགས་བདུད་རྩིའི་ཆར་གྱིས་ཕན་བདེ་ལོ་ཏོག་འཕེལ་བར་བྱས་ནས་ལུས་ཅན་ཡོངས་ཀྱི་ཚོགས་རྣམས་ཚིམ་བར་བྱེད་ཅིང་རྫོགས་ལྡན་གསར་བའི་དགའ་སྟོན་གྱིས་དུས་ཀུན་ཏུ་རོལ་བར་ངེས་པ་ཡིན་ནོ།། ཁྱད་པར་དུ་རྒྱལ་དབང་ཕྱག་ན་པད་དཀར་འཆང་བ་དེ་ཉིད་ཀྱི་མཆོག་སྤྲུལ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་ཧོར་ཡུལ་དུ་སྐུ་འཁྲུངས་པའི་སྒོ་ནས་ཡུལ་ཕྱོགས་འདི་བྱིན་གྱིས་བརླབས་ཤིང་དགེ་མཚན་གྱི་སྣང་བ་རྒྱ་ཆེན་པོས་ནོར་འཛིན་གྱི་ཁྱོན་ཀུན་གསལ་བར་བྱས་ཤིང་ཆོས་སྲིད་ཀྱི་དཔལ་ཕུན་སུམ་ཚོགས་པའི་སྐྱེད་ཚལ་མཐའ་དག་འཕེལ་བར་མཛད་པས་སྐུ་འཕྲེང་སྔ་ཕྱི་རྣམ་པ་གཉིས་པོ་འདི་དག་མཐའ་འཁོབ་ཧོར་སོག་གི་འགྲོ་བ་ཡོངས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། རྒྱལ་བ་བསོད་ནམས་རྒྱ་མཚོའི་བཀའ་ཆེམས་ལས། སྔོན་དགེ་ལེགས་ཀྱི་འབྲེལ་བ་མི་དམན་པས།། དུས་དེང་སང་རྟེན་འབྲེལ་ཕུན་སུམ་ཚོགས།། སླར་སྨོན་ལམ་མཐུ་ལས་ཕྱི་མར་ཡང་།། ཚུལ་འདི་ལྟར་ཐེག་ཆེན་ལམ་བཟང་ནས།།ཁྱོད་སྐལ་ལྡན་འདྲེན་པའི་དཔལ་དུ་འགྱུར།། ཞེས་གསུངས། རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོའི་ཡང་སྤྲུལ་ཡོན་ཏན་རྒྱ་མཚོས་བསྟན་འགྲོའི་དོན་དུ་བྱང་ཕྱོགས་འདིར་སྐུ་འཁྲུངས་ནས་ཧོར་སོག་གི་དཔལ་མགོན་མཛད་ཅིང་བདེ་སྐྱིད་ཀྱི་གནས་ལ་བཀོད་པར་མཛད་དོ།། དགེ་བཤེས་དམ་ཆོས་རྒྱ་མཚོའི་ཆོས་འབྱུང་པདྨ་དཀར་བོའི་ཕྲེང་བར། སྔོན་ཡྭན་གུར་གྱི་སེ་ཆེན་རྒྱལ་པོའི་མངའ་འོག་ཏུ་གཏོགས་པའི་དགོན་སྡེ་ཆུང་ཆུང་ཁྱོན་བསྡོམས་བཞི་ཁྲི་ཉིས་སྟོང་སུམ་བརྒྱ་བཅོ་བརྒྱད་དང་། དགེ་འདུན་གྱི་གྲངས་བསྡོམས་ན་ཁྲི་ཕྲག་ཉེར་གཅིག་དང་སུམ་སྟོང་ཆིག་བརྒྱ་ཡོད་ཅེས་གཞོན་ནུ་དཔལ་གྱིས་གསུངས་ཞེས་ལུང་དྲངས་ནས་བཤད་ཡོད། འདིར་བཀོད་དག་སྔོན་བྱོན་མཁས་པའི་གཞུང་ལས་བྱུང་བ་རྣམས་བྲིས་པ་ལགས་སོ།། ཁྱད་པར་དུ་ཆིན་གུར་གྱི་རིང་ལ་དེ་ལས་ཀྱང་ཆེས་མང་བོར་གྱུར་བ་ནི་མངོན་སུམ་མོ།། རྒྱལ་སྲས་ཆེན་པོ་སློབ་དཔོན་ཞི་ལ་ལྷས་བརྙེད་དང་བཀུར་བསྟི་དང་།། བཅས་སྟེ་ཡུན་རིང་གནས་གྱུར་ཅིག། ཞེས་དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་རྙེད་པ་དང་བཀུར་སྟི་ལ་སོགས་པ་དང་བཅས་པའི་སྒོ་ནས་དུས་ནམ་ཡང་མི་ནུབ་པར་སྡེ་སྡོད་གསུམ་གྱི་སྒྲ་དབྱངས་རྒྱུན་མང་སྒྲོགས་ཤིང་། བཟང་གསུམ་གྱི་ཡོན་ཏན་མངོན་པར་བཀྲ་བའི་མེ་ཏོག་མཆོག་ཏུ་རྒྱས་པའི་ངང་ནས། བསླབ་གསུམ་དག་པའི་དྲི་བསུང་རྣམ་པར་འཐུལ་བའི་འབྲས་བུ་ཡོངས་སུ་སྨིན་པ་ནས་མུན་རིང་དུ་གནས་པར་གྱུར་ཅིག། ཅེས་སྨོན་ལམ་འདེབས་སོ། བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན།། བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ།། བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས།། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།  །།



དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14600401
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号