སྒྱུ་རྩལ་རྒྱུན་ཤེས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» སྒྱུ་རྩལ་དང་རྒྱུན་ཤེས། »སྒྱུ་རྩལ་རྒྱུན་ཤེས།
སྒྱུ་རྩལ་རྒྱུན་ཤེས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/11ལྟ་ཀློག (3024)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྒྱུ་རྩལ་རྒྱུན་ཤེས།

ཟློས་གར།

ཟློས་གར་ཞེས་པའི་དོན་ནི་རིག་གནས་ཆུང་བ་ལྔའི་ནང་གསེས་ཏེ། ངག་ནས་གླུ་ཚིག་ཟློས། ལག་པས་རོལ་མོ་འཁྲོལ། ལུས་ཀྱིས་གར་འཁྲབ་པ་བཅས་ཀྱི་མིང་ལ་འཇུག་ཅིང་། སྒྱུ་རྩལ་གྱི་བྱེད་ཐབས་རྣམ་པ་སྣ་ཚོགས་ཉེ་བར་སྤྱད་ནས་གར་གྱི་སྟེགས་བུའི་ཐོག་ཏུ་གཟིགས་མཁན་རྣམས་ཀྱིས་མདུན་སར་གཏམ་རྒྱུད་ཀྱི་རྗོད་རིམ་མ་ལུས་འཁྲབ་སྟོན་བྱེད་པའི་སྣ་འཛོམས་རང་བཞིན་ཅན་གྱི་སྒྱུ་རྩལ་ལ་ཟློས་གར་ཞེས་བྱ་ཞིང་། དེ་ཡང་རྩོམ་རིག་དང་། སྒྲ་དབྱངས། ཞབས་བྲོ་དང་། མཛེས་རིས་ལ་སོགས་པའི་སྒྱུ་རྩལ་སྣ་མང་སྤྱད་པ་དང་ཆབས་ཅིག་གར་གྱི་སྟེགས་བུའི་སྒྱུ་རྩལ་གྱི་རྣམ་པ་གསར་དུ་བསྐྲུན་པ་སྟེ། དེའི་ནང་ནས་ཀྱང་གར་རྩོམ་དང་འཁྲབ་སྟོན་པ་ནི་ཟློས་གར་གྱི་རྨང་གཞི་ཡིན་པ་དང་། དེ་ལ་རྩ་བའི་ཁྱད་ཆོས་རིགས་གསུམ་ཡོད་དེ། གཅིག དོན་བསྡུས་ཆེ་བའི་སྒོ་ནས་སྤྱི་ཚོགས་འཚོ་བ་མངོན་པར་མཚོན་པ། གཉིས། ཟློས་གར་གྱི་གདོང་ཐུག་འགལ་བ་དྲག་པོ་ཡོད་པ། གསུམ། སྐད་ཆ་ནི་ཁ་སྐད་དང་། བསམ་བློའི་རང་བཞིན་ཅན་དང་རྣམ་འགྱུར་གྱི་རང་བཞིན་ལྡན་པས་ལེགས་པར་ཕྱུག་པ་བཅས་ཡིན་དགོས། ཟློས་གར་ལ་ནང་གསེས་ཀྱིས་དབྱེ་ན། སྐྱོ་གར་དང་། སྤྲོ་གར་དང་། དྲང་གར་དང་། གཏམ་བརྗོད་ཟློས་གར་དང་། གླུ་གར། བྲོ་གར་སོགས་ཤིན་ཏུ་མང་ངོ་། །

སྐྱོ་གར།

       མྱ་ངན་འབུམ་གྱིས་གཟིར་བའི་ཉམས་དང་འགྱུར་བ་ལྡན་པའི་བདག་ཉིད་ཅན་ལ་སྐྱོ་གར་ཞེས་བྱ་ཞིང་། དེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གསུམ་ཡོད་པ་དེ། གཅིག སྤྱི་ཚོགས་ཀྱི་གདོང་ཐུག་གི་འགལ་བ་མངོན་པར་མཚོན་ཞིང་། དགེ་སྡིག་རིགས་གཉིས་ཀྱི་སྤྱི་ཚོགས་སྟོབས་ཤུགས་ཀྱི་འཐབ་རྩོད་དྲག་པོ་བྱུང་བ་མངོན་པ་དང་། འཐབ་རྩོད་ཀྱི་ནང་དུ་སྡིག་སྟོབས་ཆེ་བས་དགེ་སྟོབས་ཟིལ་གྱིས་མནན་པའི་མུར། བགེགས་དང་བར་ཆད་ཀྱིས་དགེ་སྟོབས་ལ་གནོད་པ་བྱས་ཏེ་ཕམ་ཉེས་བྱུང་བ་ཞིག་ཡིན་པ། གཉིས། མི་སྣ་གཏན་ལ་ཕབ་ཅིང་། གཞན་བསྟུན་ལས་སྒྲུབ་དང་། སྔོན་ཐོན་མི་སྣའམ་ཡང་ན་དྲང་ཕྱོགས་མི་སྣ་དག་སྙིང་རྗེའི་ཡུལ་དུ་བཟུང་བ་དང་། ཁོ་ཚོས་དྲང་བདེན་དང་ཁྱད་དུ་འཕགས་པའི་ལས་དོན་མངོན་དུ་འགྱུར་ཆེད་སྡུག་བསྔལ་བཟོད་པ། ཐ་ན་རང་སྲོག་གཏོང་བ་ལའང་ཕངས་པ་མེད་པ་ཞིག་ཡིན་པ། གསུམ། གཟབ་ནན་བསྙེན་བཀུར་དང་། དཔའ་བོའི་སྟོབས་ཤུགས་དང་། སྐྱོ་བའི་ཞེ་སྡང་ལ་སོགས་པའི་ཉམས་འགྱུར་གྱི་གདངས་དང་ལྡན་པ་བཅས་ཡིན། གནའ་བོའི་ཞིས་ལ་ཞེས་བྱ་བའི་ཡུལ་ནས་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་བར་སྐྱོ་གར་འདི་ཉིད་བྱུང་ཞིང་། ཐོག་མར་ཞིང་བ་རྣམས་ཀྱིས་ཞིང་ལྷ་ཆང་ལྷར་མཆོད་པའི་མཉམ་གཏོང་འཁྲབ་གཞས་ཀྱི་སྟེང་ནས་བྱུང་བ་དང་། དཔྱིད་ཀར་ཞིང་བ་རྨོ་འདེབས་བྱེད་པའི་ཚེ་ལྷ་ལ་སྐྱབས་འཇུག་ཞུ་བར་ར་མའི་གར་གཞས་འཁྲབ་སྟོན་བྱེད་པས་ར་གཞས་ཞེས་པའི་དོན་ཡང་ཡོད། དུས་ཕྱིས་སུ་འཕེལ་རྒྱས་རབ་དང་རིམ་པ་བྱུང་ནས་སྐྱོ་གར་དུ་གྱུར་རོ། །

སྤྲོ་གར།

      སྐྱོ་གར་ལས་རྒྱབ་ཀྱིས་ཕྱོགས་པའི་ཟློས་གར་གྱི་རྣམ་པ་ལ་སྤྲོ་གར་ཞེས་བྱ་ཞིང་། དེ་ལ་གཞན་དང་མི་མཚུངས་པའི་ཁྱད་ཆོས་གསུམ་ཡོད་དེ། གཅིག མི་སྣ་གཙོ་བོ་ཕལ་མོ་ཆེ་ཞིག་བླུན་ཞིང་གཏི་མུག་པ་དང་། དམུ་རྒོད་རྩུབ་སྤྱོད་ཅན་དང་། ཡང་ན་རང་བཞིན་ནམ་བསམ་པར་སྐྱོན་ལྡན་པ་ཤ་སྟག་ཡིན། གཉིས། འཚོ་བའི་ནང་གི་རིན་ཐང་བྲལ་ཞིང་སྐྱུག་བྲོ་བའི་དངོས་པོའི་སྣང་ཚུལ་ལམ་ངོ་བོ་དང་། ཕྱི་ནང་གཅིག་ཏུ་མི་འབྲེལ་ལ་མི་མཐུན་པའི་ཕོག་ཐུག་ཉིད་མཚོན། གསུམ། མགོ་ནས་མཇུག་བར་དུ་དགའ་སྐྱིད་དང་སྤྲོ་སྣང་གིས་ཡོངས་སུ་གཏམ་པའི་ཉམས་དང་འགྱུར་བ་ལྡན་པ་བཅས་ཡིན།

དྲང་གར།

      སྐྱོ་གར་དང་སྤྲོ་གར་བར་གྱི་ཟློས་གར་གྱི་རྣམ་པ་ལ་དྲང་གར་ཞེས་བྱ་ཞིང་།  དེས་འཚོ་བའི་ནང་གི་དྲང་སྟོབས་དང་ལྡོག་སྟོབས་བར་གྱི་ཕོག་ཐུག་གི་འགལ་བ་མཚོན་པ་དང་། དེའི་མི་སྣ་གཙོ་བོར་ཕལ་ཆེར་དྲང་ཕྱོགས་ཀྱི་མི་སྣ་ཡིན་པའི་ཁར། མི་སྣའི་རང་བཞིན་དང་བསམ་བློའི་ཁྱད་རྟགས་རྣམ་པ་སྣ་ཚོགས་པ་ཡིན་དགོས། གཏམ་རྒྱུད་ཀྱི་རྗོད་རིམ་གྱིས་སེམས་སྐྲག་བླ་འགུལ་གྱི་དོན་འགྱུར་མངོན་པར་མཚོན་པ་དང་། དུས་རྒྱུན་གྱི་འཚོ་བའི་ནང་གི་དོན་དག་གནས་ཚུལ་ལའང་མཚོན་ཆོག་པ་ཡིན་ནོ། །

གཏམ་བརྗོད་ཟློས་གར།

      འཁྲབ་སྟོན་མི་སྣས་ཕན་ཚུན་བར་གཏམ་བརྗོད་རེས་བྱེད་པ་དང་བྱ་སྤྱོད་དང་རྣམ་འགྱུར་སོགས་གཙོ་བོར་སྟོན་པའི་གར་གྱི་སྒྱུ་རྩལ་ཞིག་ལ་གཏམ་བརྗོད་ཟློས་གར་ཟེར་ཞིང་། དེས་དེང་རབས་ཀྱི་འཚོ་བ་གཏམ་བརྗོད་ཀྱི་སྒོ་ནས་མཚོན་པར་བྱེད་པ་ནི་དེའི་རྩ་བའི་ཁྱད་ཆོས་ཡིན། མི་སྣའི་གཏམ་བརྗོད་ལ་བརྟེན་ནས་མི་སྣའི་རང་བཞིན་དང་བསམ་བློ་རི་མོར་བཀོད་པའི་ཐབས་ཀྱིས་གཏམ་རྒྱུད་ཀྱི་རྗོད་རིམ་སྤེལ་ནས་བརྗོད་བྱའི་སྲོག་དང་ལྟ་བའི་སྲོག་གསལ་བར་མཚོན་ཞིང་། དེའི་ནང་དུ་གླུ་དང་། ཞབས་བྲོ་དང་། སྒྲ་དབྱངས་ཀྱིས་གྲུབ་ཆ་ཧ་ཅང་ཉུང་། དེ་ནི་སྐད་ཆ་གཞིར་བྱས་པའི་ཟློས་གར་ཞིག་ཡིན་པས། སྐད་ཆ་ནི་མདོར་བསྡུས་དང་། གོ་སླ་བ་དང་། མི་རྣམས་ཀྱིས་རྒྱུད་དུ་ལེན་ཐུབ་པ་ཞིག་ཡིན་དགོས།

གླུ་གར། 

འཁྲབ་སྟོན་པས་གཞས་གཏོང་བ་གཙོ་བོར་གྱུར་ཅིང་། དེ་ལ་སྒྲ་སྙན་དང་ཞབས་བྲོ་ལ་སོགས་པས་རམ་འདེགས་སྒྲུབ་པའི་ཟློས་གར་གྱི་སྒྱུ་རྩལ་ལ་གླུ་གར་ཞེས་བྱ་ཞིང་། དེ་ནི་འཁྲབ་སྟོན་པས་གཞས་གཏོང་བར་བརྟེན་ནས་ཕོག་ཐུག་གི་འགལ་བ་དང་བརྗོད་བྱ་གཙོ་བོ་མངོན་པར་མཚོན་པས། གླུ་གར་ནང་དུ་གཞས་ཚིག་ནི་ནུས་པ་དང་དོན་སྙིང་གལ་ཆེན་ལྡན་ལ་ཕུལ་དུ་བྱུང་བའི་གླུ་གར་གྱི་གཞས་ཚིག་ནི་ཉམས་འགྱུར་གྱིས་ཕྱུག་པའི་རྩོམ་ལུས་གང་རུང་གིས་གྲུབ་པའི་སྙན་ངག་ཅིག་ཏུ་མཐོང་ངོ་། །

བྲོ་གར།

      རོལ་མོའི་རམ་འདེགས་ལ་ཉེ་བར་བརྟེན་ནས་འཁྲབ་སྟོན་པས་ཉམས་ལྡན་སྟོང་གི་ཞབས་བྲོར་རྩེན་པའི་ཟློས་གར་གྱི་སྒྱུ་རྩལ་ལ་བྲོ་གར་ཞེས་བྱ་ཞིང་།  དེ་ཡང་འཁྲབ་སྟོན་མི་སྣ་གཙོ་བོར་གྱུར་བའི་ཉམས་འགྱུར་སྟོང་གི་གར་སྒྱུར་བའི་རྣམ་འགྱུར་གྱི་བརྩེ་དུང་འདོན་པ་དང་། མི་སྣའི་གཟུགས་བརྙན་རི་མོར་འགོད་པ་དང་། བརྗོད་བྱ་གཙོ་བོ་མཚོན་པ་བཅས་ཡིན་ནོ། །

འཁྲབ་གར།

      རྩོམ་རིག་དང་། ཞབས་བྲོ།  སྒྲ་སྙན། དྲག་རྩལ། འཕྲུལ་སྟོན། མཛེས་རྩལ་དང་བཅས་པའི་མི་སྣས་འཁྲབ་སྟོན་ལ་སོགས་པའི་སྣ་འཛོམས་སྒྱུ་རྩལ་རྣམ་པ་སྣ་ཚོགས་སྟོན་པ་ལ་འཁྲབ་གར་ཞེས་བྱའོ། །

གོང་དུ་བརྗོད་པ་ནི་ཟློས་གར་གྱི་གནས་ཚུལ་མདོར་བསྡུས་ཙམ་ཞིག་ཡིན་ཞིང་། རང་ཅག་ཁ་བ་ཅན་གྱི་ལྷ་མོ་དང་། རྣམ་ཐར། འཆམ། གླུ་རོལ། དམག་རྩེད། ལྷ་རྩེད། སྐོར་བྲོ་སོགས་ཀྱང་ཟློས་གར་གྱི་ཁོངས་སུ་འདུ་བས་སོ། །

གར་གྱི་ཉམས་དགུ།

       ལུས་དང་རྐང་ལག་རོལ་སྒེག་གི་ཉམས་འགྱུར་སོགས་ལས་བྱུང་བའི་སྒྱུ་རྩལ་དྲུག་ཅུ་རེ་བཞིའི་ནང་གསེས་ཤིག་སྟེ། གར་འཁྲབ་སྐབས་ཀྱི་རྣམ་འགྱུར་ལ་སྒེག་པ་དང་། དཔའ་བ། མི་སྡུག་པ་ནི་ལུས་ཀྱི་ཉམས་གསུམ། དྲག་ཤུལ་དང་། བཞད་གད། འཇིགས་རུང་ནི་ངག་གི་ཉམས་གསུམ། སྙིང་རྗེ་དང་། རྔམ་པ། ཞི་བ་ནི་ཡིད་ཀྱི་ཉམས་གསུམ་ཡིན།

བདུང་ལེན།

      པི་ཝང་གི་རྒྱུད་བདུངས་ནས་སྒྲ་སྣ་ཚོགས་འཆར་སྣང་ཐུན་མོང་མ་ཡིན་པའི་སྒོ་ནས་གསར་བཏོད་བྱས་ཏེ་མིའི་རིགས་ཀྱི་བསམ་བློའི་བརྩེ་དུང་འདོན་པའི་སྒོ་ནས་སྤྱི་ཚོགས་ཀྱི་འཚོ་བ་མངོན་པར་མཚོན་པའི་ནང་དོན་ཐ་དད་པ་གཞིར་བྱས་ན། བསྟོད་གླུ། སྐྱོ་གླུ། མཛའ་གླུ་སོགས་སུ་ཕྱེ་ཆོག་པ་ཞིག་གོ །

གློག་བརྙན།

       དེང་རབས་ཀྱི་ཚན་རིག་ལག་རྩལ་ལ་བརྟེན་ནས་འཕེལ་རྒྱས་བྱུང་སྟེ་སྤྱི་ཚོགས་ཀྱི་འཚོ་བ་དང་འཚོ་བའི་ནང་གི་རླབས་ཆེ་བའི་

མི་སྣ་སོགས་མཚོན་པའམ་འུད་ཀྱིས་སྒྲོག་བསྒྲགས་གང་རུང་སོགས་སྣ་འཛོམས་རང་བཞིན་གྱི་སྒྱུ་རྩལ་ལ་གློག་བརྙན་ཞེས་བྱའོ། །

གླུ།

       དོན་ལྡན་ཚིག་གི་ཕྲེང་བ་སྙན་འཇེབས་སྟོང་གི་དབྱངས་སུ་དྲངས་ཏེ་དགའ་བའི་སྟོན་ཐོག་དང་། རི་ཀླུང་། ནགས་ཚལ་སོགས་སུ་ལེན་པ་ལ་གླུ་ཞེས་བྱ་ཞིང་། གཏོང་ཐུག་རྩེད་འགྲན་གྱིས་གཞས་ཤགས་གཏོང་བ་སོགས་གླུ་ཡི་ཁྱབ་ཁོངས་མཐའ་ཡས་སོ། །

མདོར་ན་དམངས་ཁྲོད་ནས་བྱུང་བའི་གླུ། གཞས། མགུར། མཛའ་གཞས། བག་བཤད། རྟ་བཤད། ཆང་བཤད། གནས་བཤད། རོགས་འཐེན་སོགས་རྩེད་རིགས་སྒྱུ་རྩལ་གྱི་རིགས་མཐའ་ཡས་པས་བོད་ཀྱི་གླུ་དབྱངས་སྒྱུ་རྩལ་ལ་དུང་ཞེན་ཆེ་བ་ཡོངས་ཀྱིས་སྦྱོང་སྤྱོད་སྤེལ་གསུམ་བྱེད་པར་འཚལ།

སྐུད་པས་འདོན་སྤྲོད་བྱས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41303560
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1