ནུབ་ཕྱོགས་ནས“ཆོས”ཤིག་ལེན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »ནུབ་ཕྱོགས་ནས“ཆོས”ཤིག་ལེན།
ནུབ་ཕྱོགས་ནས“ཆོས”ཤིག་ལེན།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/7/21ལྟ་ཀློག (1955)རྩོམ་ཁུངས: པར་འདེབ།

------------སུར་པེན་ཧེར་གྱི་བདེ་བ་འཚོལ་ཐབས།

                    A

    ནུབ་ཕྱོགས་རིག་གནས་ཀྱི་ཁྲོད་དུ་མིའི་ཤེས་རབ་ཀྱི་དྭངས་མ་དེ་ལྷག་ཡོད་པ་འདྲ། ཆེ་ས་ནས་མཚན་ཉིད་རིག་པ་དང་ཆུང་ས་ནས་འཚོ་བའི་གོམས་གཤིས་ཚུན་ཆད་ང་ཡི་གཉུག་གཤིས་དང་དམ་དུ་འབྲེལ་བ་ལྟ་བའི་དྲོད་སྣང་དང་སྐྱིད་སྣང་ཡོད་གི ཆོས་གང་ཡང་སྒོམ་སྒོམ་ཚེ་གོམས་འགྲོ་བ་ཞིག་རེད། དེ་བས་ཚད་གྲུབ་ཚད་གྲུབ་ཟེར་བ་འང་ཚད་ངེས་ཅན་གྱི་སྟེང་ནས་གོམས་སོང་བའི་གཤིས་ཀྱིས་རེད་འདོད། རིག་གནས་གང་ལ་ཡང་མོས་དང་མི་མོས་དེ་སྐྱེས་བུ་སྒེར་གྱི་རང་དབང་ཞིག་རེད་ཟེར་ནས་སྒོ་ཤེར་གྱི་སྐད་ཆའི་ཕྱེད་ཀ་བསྐུས་ཏེ་འདི་རུ་སྦྱར་དོན་ནི་ང་ལ་ལེ་བརྡ་མ་བྱེད་ཅེས་པའི་དོན་ཡིན། རུས་སེལ་ལགས་ཀྱིས་ཁོང་གི་ནུབ་པ་མེད་པའི་གསུང་རྩོམ་ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུསཞེས་པ་དེའི་འགོ་བཟུང་མ་ཐག་ལོ་རྒྱུས་ཡོད་ཚད་ལས་ཆེས་ངོ་མཚར་བའམ་འགྲེལ་རྒྱག་དཀའ་བ་ནི་ཐོལ་གྱིས་བྱུང་བའི་གནའ་བོའི་ཀེ་རི་སིའི་ཤེས་རིག་རེད།ཅེས་ནུབ་ཕྱོགས་རིག་གནས་བལྟམས་འཁྲུངས་ཀྱི་ངོ་མཚར་བའི་རང་བཞིན་བཤད། རྣོ་ངར་ཅན་གྱི་རིག་གཞུང་བསམ་བློའི་གདོང་ཐུག་དང་། དེས་མིའི་རིགས་ལ་བྱིན་པའི་བློ་འབྱེད་ཆེན་མོ། བདེན་ལུགས་ཀྱི་སྔོན་ནས་ངར་ཤུགས་རྒྱས་པའི་རིག་གནས་ཀྱི་དད་འདུན་ནམ་རིག་གནས་སྙིང་སྟོབས་འདི་འདྲ་གཞན་དང་གཞན་གྱི་རིག་གནས་ཁྲོད་ཤིན་ཏུ་མྱོང་དཀའ་བ་འདྲ། དེ་ལས་ཀྱང་མོས་གུས་ཆེ་ས་ཞིག་ནི་ལྟ་གྲུབ་ཅིག་བྱུང་ཞིང་དར་དེ་རྒུད་པར་འགྱུར་བའི་ཚེ་ན་ཕ་མས་བུ་ལ་བཞག་པའི་ཟས་ལྟར་དུ་ལྟ་གྲུབ་རྗེས་མ་དག་ལ་བསམ་གཞིགས་ཀྱི་བར་སྟོང་རེ་བཞག་ནས་གཟི་བརྗིད་གྱིསགྲོངསའགྲོ་བའི་ལུགས་དེ་རེད།

                                                      B

   དུས་རབས་བཅུ་དགུ་བའི་འཇར་མན་དུ་གཉུག་འདུན*ཆ་མེད་སྨྲ་བའི་(唯意志主义)སྐད་གྲགས་ཅན་གྱི་མཚན་ཉིད་རིག་པ་བ་གཉིས་བྱུང་བ་ནི་སུར་པེན་ཧེར་དང་ནེའུ་ཁྲ་རྣམ་གཉིས་རེད། ཁོང་རྣམ་གཉིས་ཀྱི་ལྟ་གྲུབ་ལས་བདག་གི་ཡིད་དབང་འགུག་བྱེད་གཅིག་ནི་གཉི་གས་གཉུག་འདུན་དེ་འཇིག་རྟེན་གྱི་ངོ་བོ་ཡིན་པར་འདོད་ནའང་གཅིག་གིས་དེ་ལ་མིན་འགག་དང་ཅིག་ཤོས་ཀྱིས་དེ་ལ་ཡིན་འཇོག་བྱེད་པ་དེ་ཡིན་ཏེ། སུར་པེན་ཧེར་གྱིས་འཚོ་གནས་ཀྱི་གཉུག་འདུན་ནི་སྡུག་བསྔལ་འབྱུང་བའི་རྒྱུ་ཡིན་པས་བདེ་བ་འདོད་ན་གཉུག་འདུན་གྱི་རྒྱ་ལས་ཐར་དགོས་པར་འདོད་ནའང་། ནེའུ་ཁྲ་ནི་དེ་ལས་ལྡོག་སྟེ་གཉུག་འདུན་ལ་རྒོལ་བ་ནི་ཚེ་སྲོག་གི་ངང་གཤིས་ལ་རྒོལ་བ་ལས་མ་འདས་པས་གཉུག་འདུན་ཁོ་ན་འཇིག་རྟེན་ན་དོ་ཡ་མེད་ཅིང་གཞོམ་གཞིག་བྲལ་བ་དེ་ཡིན་པར་དགོངས་ལ། ལྟ་གྲུབ་དེར་ཁོང་གིས་གཞོམ་མེད་གཉུག་གཤིས་(权力意志)ཞེས་པའི་མཚན་ཡང་གསོལ།

                                                       C

ཁྱོད་བདེ་མོ་ཡིན་ནམ། ཁྱོད་སྐྱིད་པོ་ཡིན་ནམ་ཞེས་པའི་འཚོ་བའི་ཁྲོད་ ཀྱི་འདྲི་རྟགས་དམར་ལྡང་མ་འདི་དག་ཕལ་ཆེར་རིག་གནས་དང་ས་ཁོངས་ཀྱི་བཀག་རྒྱ་མེད་པར་སོ་སོའི་གཏམ་གྱི་འགོ་མ་མིན་རུང་གཞུག་མར་མི་འཇོག འཇིག་རྟེན་གྱི་ངོ་བོ་ནི་སྡུག་བསྔལ་ཡིན་ཀྱང་རུང་ལ་མིན་ཀྱང་བླ། ཁྰན་ཐི康德)བཞིན་དུ་གདོན་ནས་གྲུབ་པ་ཡིན་ཀྱང་ཆོག་ལ་སི་པེན་སེ(斯宾塞)་ནང་ལྟར་རྟོགས་མེད་ཡིན་ཀྱང་རུང་། གང་ལྟར། དེ་རུ་འཚོ་ཞིང་གཞེས་པའི་མི་ནི་བདེ་བ་འབའ་ཞིག་དོན་དུ་གཉེར་མཁན་ཡིན་པ་སུ་ཡིས་བསྙོན།

  གལ་སྲིད་ཁྱོད་རང་བདེ་བ་མི་འདོད་མཁན་གྱི་བྱ་བརྒྱའི་ཁ་ཉིན་ལ་འཁོར་དུས། སྲིབ་ལ་འཁོར་བའི་ཕུག་རོན་སྐྱི་མོདམངས་ཁྲོད་གཏམ་དཔེདེ་མིན་ན་ང་དང་མཉམ་དུ་སུར་པེན་ཧེར་གྱི་བདེ་བ་དོན་དུ་གཉེར་བའི་ལྟ་བ་དེར་གཞུག་ན་ག་འདྲ་རེད། ཁོང་གིས་བཏོན་པའི་རྒུད་པའི་རྩ་བ་གཉུག་འདུན་དོར་དེ་བདེ་བ་དོན་དུ་གཉེར་བའི་ཐབས་ལ་གསུམ་སྟེ། མཚན་ཉིད་རིག་པ་གསར་རྟོག་གི་ལས་ལ་གཞོལ་བ་དང་སྒྱུ་རྩལ་གསར་རྟོག་གི་ལས་ལ་འབོངས་པ། ཆོས་ལ་དད་མོས་བྱེད་པ་བཅས་རེད།།

                                                     D

      མཚན་ཉིད་རིག་པ་ནི་མིའི་རིགས་ཀྱི་ཤེས་བྱའི་འདུས་གཟུགས་དང་ཤེས་རབ་ཀྱི་དྭངས་མར་གསུངས་ལ། འཇིག་རྟེན་གྱི་ངོ་བོ་དང་གནས་ལུགས་དཔྱོད་པའི་འཇིག་རྟེན་ལྟ་ཚུལ་ཐད་ཀྱི་རིག་པ་ཞིག་ཏུ་ཡང་སྨྲ། མཚན་ཉིད་རིག་པ་གང་འདྲ་ཞིག་ཡིན་རུང་དེ་ནམ་ཡང་རྗེས་དཔག་གི་བློས་འཇུག་དགོས་པ་ཞིག་ཡིན་པ་བཤད་མ་དགོས། རྗེས་དཔག་བློ་ཡིས་མཚན་ཉིད་རིག་པ་གསར་རྟོག་གི་ལས་སུ་ཞུགས་པ་ནི་བདེ་བ་འཚོལ་ཐབས་ཤིག་ཏུ་གསུངས་ཡོད་ཀྱང་། དེ་ལྟའི་མངོན་པར་མཐོ་བའི་རིག་གནས་སྙིང་སྟོབས་མངའ་བའི་མི་བུ་ཞིག་ང་ཚོའི་ཉེ་འཁོར་ནས་རྙེད་སྲིད་དམ། འབྲོང་བའི་མཚན་ཉིད་རིག་པའི་དབུ་ཁྱུད་མོག་པོར་གྱུར་ཚུལ་དང་སྲོལ་རྒྱུན་བསམ་བློའི་འདུ་ཤེས་འཛིན་སྟངས་མཁྲང་ཐང་ཐང་དུ་གནས་པས་གཞན་དང་གཞན་གྱི་འདུ་ཤེས་འཛིན་སྟངས་ལ་མི་དགའ་བ་དང་མི་རྟོགས་པའི་བབ་ལ་གཞིགས་ན་ང་ཚོས་མཚན་ཉིད་རིག་པ་གསར་རྟོག་གི་ལམ་དུ་བདེ་བ་ཞིག་རྙེད་རྒྱུ་ཡོད་པ་གཏན་ནས་མི་ཤེས་པ་འདྲ་མོད། བདེ་བའི་ཆེད་དུ་ལས་འདི་ལྟ་བུར་རྒྱན་ཞིག་གཟུགས་དགོས་ཀྱང་སྙིང་བོ་ཡོད་འདུག མཚན་ཉིད་རིག་པའི་འདུ་ཤེས་འཛིན་སྟངས་ནི་མ་གཞི་ནས་སྐྱོ་གར་སྙིང་སྟོབས་ཤིག་ཡིན་པ་བདག་གི་རྨོངས་བློར་འཆར་ལ། དེ་འདྲ་ཡིན་པའི་དབང་གིས་སོ་སོས་བདེ་བར་སྙེག་པ་བཞིན་འཚོལ་དཔྱོད་བྱེད་འོས་པའི་རེ་སྐུལ་ཡང་བྱེད་འདོད།

                                                     E

ང་ཚོ་བོད་ནི་ལྷན་སྐྱེས་ཀྱིས་སྒྱུ་རྩལ་ལ་མོས་ཤིང་སྒྱུ་རྩལ་གྱི་བག་ཆགས་ཡོད་པར་བཤད་ཀྱང་སྣང་ཚུལ་ཙམ་ལ་བལྟས་ནས་ཕལ་ཆེར་ཡིད་ཆེས་བྱེད་པ་འདྲ། རྒྱུ་མཚན་ནི་ང་ཚོ་གླུ་ལེན་གར་རྩེད་ལ་དགའ་ཞིང་ལྷག་དོན་རྩོམ་རིག་སྒྱུ་རྩལ་ལ་ཆེས་ཆེར་དུངས། དཔེར་ན་ངའི་ཕ་ཡུལ་གྱི་སློབ་ཆུང་ཁ་ཤས་སུ་སློབ་མ་ཚོའི་སྦྱང་རྩོམ་དགོད་སའི་ཚགས་པར་ཡོད་ལ་སློབ་མ་ཚོས་ཀྱང་རང་གི་རྩོམ་དགོད་ཐུབ་མིན་སོགས་ཀྱི་ཐད་དོ་སྣང་ཆེན་པོ་བྱེད་པ་འདིས་ཀྱང་ཤེས། ལྡོག་སྟེ་གྲོང་ཁྱེར་ནང་གི་བྱིས་པ་ཚོར་དེ་འདྲིའི་མོས་པ་ཞིག་གང་ན་ཡོད། ཐ་ན་ངའི་རྩོམ་ཡིག་འདི་འབྲི་སའི་སློབ་གྲྭ་ཆེན་མོའི་དཔེ་གཟིགས་ཁང་གི་ནང་དུའང་ཨུ་ཚུགས་ཀྱིས་སློབ་དེབ་རེ་རེར་ཅེར་འདུག་པའི་དཔེ་བྲན་(དཔེ་ཆའི་བྲན་གཡོག)ཤ་སྟག་རེད།

    ཡིན་ནའང་། ང་ཚོ་འདི་ལྟར་སྒྱུ་རྩལ་གྱི་ལམ་དུ་ཇི་ལྟར་ཆས་ན་སྒྱུ་རྩལ་ང་ཚོ་དང་བར་ཐག་དེ་ལྟར་རིང་བའི་སྣང་བ་ཞིག་བཅོས་མིན་དུ་སྐྱེ། དེ་སྔོན་ངས་ཞིན་ལིང་པོད་ཕྲན་གྱི་བཅར་འདྲའི་ལེ་ཚན་ལས་རྒྱ་ནག་གི་རྩོམ་པ་པོ་ཞིག་ལ་ཁྱེད་ཀྱིས་ཅིའི་ཕྱིར་རྩོམ་འབྲི་བ་ཡིན་ཞེས་དྲིས་པ་ན་བདེ་བའི་ཆེད་དུ་ཡིན་ཞེས་བཤད་བྱུང་། ངས་བསམ་པར་ཁོ་ནི་མ་མཐར་ཡང་སྡུག་བསྔལ་གྱི་འཇིག་རྟེན་ནས་འདོད་ཧམ་དང་བྲན་ཁོལ་གྱི་མཁའ་དབུགས་ཕྱི་སོར་བཀར་ནས་རང་ལ་བདེ་བ་སྦྱིན་པའི་སྒྱུ་རྩལ་གྱི་ཁང་བཟང་ཞིག་ཨེ་འགྲུབ་ལ་འབད་མཁན་ཞིག་རེད་སྙམ་བྱུང་། བརྒྱ་ལ་ལན་འདེབས་མཁན་དེ་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་པའི་དབང་དུ་བཏང་ན་ཅི་ཞིག་བཤད་ཡོང་ངམ།

                                                       F

     བོད་མི་ཚོས་ཆོས་ལ་དད་མོས་བྱེད་ཤེས་ཀྱང་རུང་ལ་མ་ཤེས་ཀྱང་བླ། རང་སེམས་ནས་ཆོས་ལ་དད་སྙམ་པའི་དད་སྟོབས་དེས་སོ་སོར་བདེ་བ་སྟེར་བཞིན་ཡོད་པ་བཤད་མ་དགོས་སོ།། བདེ་བ་ནི་ནམ་ཞར་རེ་སྙེག་ཅིག་དང་ཕུགས་བསམ་ཞིག འདུན་མ་ཞིག་གི་ངང་དུ་གནས་པར་ཁོ་བོས་འདོད། བདེ་བ་དོན་དུ་གཉེར་སྟངས་འདི་དངོས་གནས་སུར་པེན་ཧེར་གྱིས་བཤད་པ་བཞིན་སྐྱེས་བུ་རབ་འབྲིང་ཐ་གསུམ་ལ་གོ་ཁྱབ་མཉམ་དུ་ཆོད་པ་ཞིག་རེད། ངའི་རྩོམ་ཡིག་སྔོན་མ་ཞིག་གི་ནང་བྲིས་པ་བཞིན་མི་ནི་ཕུགས་བསམ་གྱི་ངང་དུ་གསོན་འོས་པར་འདོད། རྒྱུ་མཚན་ནི་དེ་བདེ་བ་འཚོལ་སྟངས་ཤིག་ཡིན་པས་སོ།། ཆོས་ཀྱིས་དད་པ་ཅན་གང་དེར་ཕུགས་བསམ་ཞིག་འཁྲུངས་སུ་བཅུག་ཡོད། དེ་བས་ང་ཚོའི་དཔྱད་པ་སོང་དང་མ་སོང་གི་ནང་བསྟན་དགག་སྒྲུབ་ཀྱི་སྐད་ཆ་དག་དད་ལྡན་པ་ཞིག་གི་སྔོན་ནས་སམ་ལྷག་པར་དུ་ཆོས་ལུགས་དད་མོས་ལས་སྒྱུ་རྩལ་དད་མོས་སོགས་དད་མོས་གཞན་དང་གཞན་པ་མེད་མཁན་དག་གི་སྔོན་ནས་གླེང་ན་འོ་མིན་ལ་ཧུར་གྱིས་འདང་རྒྱག་དགོས་པ་ཞིག་རེད།  འོན་ཏེ། ཆོས་ལུགས་ཞིབ་འཇུག་པ་ཞིག་གི་བདེ་བ་འཚོལ་སྟངས་དེ་རིག་གཞུང་གསར་རྟོག་གི་ཆ་ན་ཡོད་པ་ལས་ཆོས་ལུགས་དད་མོས་ཀྱི་ངོས་ན་མེད་པར་འདོད་པ་དེ་ཞོར་གྱི་ལྟ་ཚུལ་ཙམ་ཡིན། མདོར་ན་དད་མོས་མེད་པའི་མི་ནི་ཟ་བཏུང་ལ་རོལ་ཤེས་པའི་འཕྲུལ་ཆས་ཤིག་རེད།

                                                       G

གོང་དུ་ཉོག་གཏམ་མང་པོ་ཞིག་བཤད་པའི་མཐའ་མའི་འབབ་ས་ནི་བདེ་བ་ཞེས་པའི་ཡིག་རྡོག་འདི་གཉིས་ཡིན། ང་རང་དགའ་སའི་རྒྱ་ནག་གིCCTVཡི་གསར་འགོད་པ་པེ་དབྱིན་སོང་(白岩松)གིས་གསུངས་དོན། མི་ཞིག་ཡིན་ཚེ་ངེས་པར་ལས་དགོས་པའི་བྱ་བ་གཉིས་ཡོད་དེ་བསམ་གཞིག་གཏོང་བ་དང་དངུལ་ལོར་འཚོལ་བ་གཉིས་རེད་ཟེར། རྩོམ་ཐུང་འདི་ལས་སྔ་མ་ལས་ཕྱི་མ་གླེང་མེད། རྒྱུ་མཚན་ནི་མི་ནི་གཟུགས་ཤེས་གཉིས་འདུས་ཀྱི་ལྡན་མིན་འདུ་བྱེད་ཡིན་ལ། དེ་ལས་ཕྱི་མ་ནི་མི་དང་སྲོག་ཆགས་གོ་འབྱེད་བྱེད་ཡིན་པས་དང་བདེ་སྡུག་གི་མྱོང་བ་ཐད་གར་ཚོར་མཁན་ཡིན་པས་སོ།།

                 *意志ལ་ད་སྔ་ཀུན་གཞི་དང་འདོད་བློ། འཛིན་བྱེད་སོགས་འགྱུར་ཁ་ཤས་འདུག་མོད། ངས་འདིར་གཉུག་འདུན་ཏེ། གཉུག་གཤིས་སུ་གྲུབ་པའི་འདུན་མ་སེམས་སེམས་བྱུང་གི་སྡོམ་དུ་འདུན་མ་རང་གི་འདོད་པ་དག། དོན་དུ་གཉེར་བར་བྱེད་པའོ་ཞེས་བྱུང་།ཞེས་སུ་བསྒྱུར་ཁུལ་བྱས་ཡོད་པ་འདིར་མཚན་ཉིད་རིག་པར་མཁྱེན་རྒྱ་ཡངས་པ་དག་གིས་དགོངས་འཆར་ལྷུག་རྩོལ་གནང་རོགས།

                                                       དཔལ་གྲགས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
41s7 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41562727
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1