བསམ་འཆར་ཕྲན་བུ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 30 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »བསམ་འཆར་ཕྲན་བུ།
བསམ་འཆར་ཕྲན་བུ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/27ལྟ་ཀློག (2064)རྩོམ་ཁུངས: པར་འདེབ།

                                     --རྡུལ་ཕྲན།

     བྱམས་བརྩེ་ལྟ་གྲུབ་ཀྱི་རྟོགས་པ་ཁོང་ནས་བརྡོལ་བའི་ངེས་དོན་གྱི་དམ་པ་འགའ་ཤས་ཀྱིས་ད་ལྟ་བོད་སྤྱི་ཚོགས་ནང་།  ནང་ཆོས་ཀྱི་རྩ་བ་ནི་གཞན་ཕན་སྙིང་རྗེ་དང་འཚེ་བ་མེད་པའི་ཞི་བའི་ལྟ་གྲུབ་གཙང་མའི་ཐོག་ནས་འཇོག་དགོས་སྟབས།  སྟོན་པ་སངས་རྒྱས་ཀྱི་ཡང་དག་པའི་བཀའ་ལུང་ཚད་མར་འཛིན་པ་རྣམས་ཀྱིས་ཕན་ཚུན་འཚེ་བ་མེད་པའི་བྱམས་བརྩེ་ཉམས་ལེན། རང་ཐོག་ནས་འགོ་འཛུགས་དགོས་པའི་ཆོས་ཀྱི་བསླབ་བྱ་དང་འབྲེལ། ལོ་ངོ་སྟོང་ཕྲག་རིང་ལ་ཕྱུགས་ཟོག་འཚོ་སྐྱོང་གི་ལས་ལ་བརྟེན་ནས་རང་ཉིད་ཀྱི་ཚེ་སྲོག་མ་ཉམས་པར་ཡོང་བའི་བོད་འབྲོག་ལས་ཀྱི་འཚོ་ཐབས་ལ་བསྒྱུར་བཅོས་དང་ཉི་མ་དེ་རིང་ནས་བཟུང་འགྲོ་བ་སེམས་ཅན་རྣམས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་གཞི་རྩའི་སེམས་གཤིས་ཀྱི་ཆོས་ཉིད་ལ་བརྩི་བཀུར་དང་བདེན་པ་སྤྲད་ནས་ཕྱུགས་ཟོག་མི་གསོད་པ་དང་། ཤ་ཁྲག་མི་ཟ་བའི་ཡ་རབས་ཀུན་སྤྱོད་ཀྱི་གོམས་གཤིས་བརྒྱུད་མར་འཛིན་པའི་དམ་བཅའ་བརྟན་པོ་འཇོག་དགོས་པའི་རླབས་ཆེན་གྱི་ལས་དོན་དང་ངོ་མཚར་གྱི་མཛད་པ་ལ།  ངེས་དོན་གྱི་འདྲ་མཉམ་སྨྲ་བའི་རྒྱུ་འབྲས་ཀྱི་རྟོགས་པ་ཁོང་ནས་སད་པའི་མི་བུ་སུ་ཞིག་གི་ངོས་ཐད་ནས་ཡི་རང་དང་གོང་བཀུར་ཚད་མེད་ཅིག་བྱ་འོས་ཤིང་། རྣམ་དཀར་གྱི་ལས་དོན་དེ་དག་མཐའ་གཅིག་ཏུ་མ་རིགས་སོ་ཞེས་ཚིག་ཐག་བཅད་ནས་སྨྲ་རྒྱུ་དེའང་གཅིག་བྱས་ན་ཆོས་ཀྱི་བར་གཅོད་དུ་ཨེ་འགྲོ་སྙམ་པའི་མི་སྒེར་དངོས་ལ་སེམས་ཁྲལ་དང་དོགས་པ་འང་རྒྱུན་ཏུ་སྐྱེས་སོང་། ཡིན་ནའང་དམ་པ་དེ་དག་གི་ཆེས་རྟོགས་པ་མཐོ་བའི་ནང་ཆོས་ཀྱི་བྱམས་བརྩེ་ཉམས་ལེན་ལ་ནང་ཆོས་ཀྱི་བསམ་བློའི་སྨིན་སྟོབས་དང་ཤེས་རིག་གི་ཡོན་ཚད། སྤྱིའི་གོ་རྟོགས་ཀྱི་མཐོ་དམན་མི་འདྲ་བའི་བོད་སྤྱི་ཚོགས་ཧྲིལ་བོས་འུར་ཆིལ་ལེར་བསྟེན་ཡུན་རིང་བའི་འཚོ་ཐབས་ཀྱི་ཁ་ཕྱོགས་ད་ལྟ་ནས་བསྒྱུར་རྒྱུ་ཟེར་བ་ལ།          

       ཁྱིམ་ལས་གཉེར་བའི་འཇིག་རྟེན་རྩོལ་སྒྲུབ་པ་ཞིག་གི་ངོས་ཐད་ནས་ལག་པ་བྲང་ལ་བཞག་ནས་བསམ་བློ་ཕྲན་བུ་རེ་བཏང་ནས་ཞུ་འདོད་པ་ནི།

       ཚོང་ལས་ཀྱི་ཤེས་བྱ་དང་སྤྱི་ཚོགས་ཀྱི་ཉམས་མྱོང་། ཚོང་གི་མ་རྩ་གང་ཡང་མེད་པའི་རི་ཁའི་ཕྱུགས་རྫི་དང་འབྲུ་མོའི་ནུ་འོག་ནས་ནར་སོན་ཞིང་ལག་ཆགས་པའི་མ་སྲུ་རྣམས། ཆེས་གློ་བུར་གློ་བུར་དུ་རི་ཁ་ནས་བབས་ཏེ་ཡོད་ཚད་སྐྱག་རྫུན་གྱིས་གནམ་ས་ཡོམ་ཡོམ་དུ་སྒུལ་གྱིན་པའི་ཆ་མེད་རྒྱུས་མེད་ཀྱི་ཚོང་ལས་གཉེར་བའི་ལས་རིགས་སུ་གཞུག་དགོས་ན་འཚོ་གནས་ལ་དཀའ་ཁག་དང་ཕྱོགས་ཀུན་ནས་ཕམ་ཁ་དང་གུན་གསབ་དཀའ་བའི་གྱོང་གུན་ཚད་མེད་ཅིག་རག་པར་ཁོ་བོ་ཐེ་མི་ཚོམ་སྟེ། གོ་ཐོས་ལྟར་ན་ད་ལྟ་ས་ཆ་རེ་འགའ་ན་སྤྱི་ཚོགས་ཀྱི་གནོན་ཤུགས་དང་ནང་ནས་རྟོགས་པ་མ་སད་པའི་ཆོས་ཀྱི་གཡམ་བརྒྱུགས་བར་ནས་རང་གི་འཚོ་སྟངས་བསྒྱུར་ནས་ད་ལྟ་ཅི་ཡང་མེད་པའི་དབུལ་ཕོངས་ཀྱི་སྡུག་བསྔལ་དང་སྤྲང་བོའི་འཚོ་ཐབས་བསྟེན་པ་དང་མཐའ་ན་རང་གི་ཤ་ལས་མཆེད་པའི་བུ་བུ་མོ་རྣམས་ལ་ཤེས་རིག་ཡོན་ཏན་སྦྱོང་བའི་སློབ་ཡོན་བྱིན་རྒྱུ་མེད་པ་ལ་སོགས་པའི་སྡུག་བསྔལ་དང་དཀའ་ཁག་འོག་ན་མ་འོངས་གངས་རིའི་ལྗོངས་ཀྱི་བདག་པོ་གསར་སྐྱེས་བྱིས་པ་དག་ཀྱང་ཅི་ཡང་མི་ཤེས་ཞིང་གང་ཡང་མི་འཇོན་པའི་མི་ཡི་ལྷག་མ་ཞིག་ཏུ་གྱུར་འདུག་པ་དང་། ལྷག་དོན་དུ་འཇིག་རྟེན་མི་ཆོས་དང་དམ་པ་ལྷ་ཆོས་གང་དང་མ་མཐུན་པའི་སྣོག་ལས་རྒྱག་མཁན་དང་གཞན་གྱིས་བདག་གིར་བཟུང་བའི་དངོས་རྫས་རྣམས་རྐུ་མ་རྒྱག་མཁན་ལ་སོགས་པ་ཇེ་མང་ནས་ཇེ་མང་དུ་འགྲོ་གི་འདུག་ཅེས་ལབ་མཁན་བྱུང་། བདེན་མིན་མི་ཤེས། གལ་ཏེ་འདི་ནི་དམ་པ་དེ་དག་དང་ས་གནས་དེ་དག་ལ་རྫུན་ནག་གླེང་འགེལ་དང་སྒྲོ་སྐུར་སྐྱོན་བརྗོད་ཙམ་མིན་པར་བདེན་པའི་གཏམ་དུ་ངེས་ན་ནི། ཆོས་ཀྱི་རྒྱུན་ཤེས་ཙམ་ལ་མགོ་རྨོངས་པའི་འཇིག་རྟེན་ཁྱིམ་པ་པའི་འཚོ་གནས་དང་བསམ་བློའི་ཁ་ཕྱོགས། ཤེས་རིག་གི་ཡོན་ཚད་སོགས་ལ་འདང་མ་བརྒྱབས་པའི་ཆོས་སྤེལ་སྟངས་འདི་ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་།

     ངོ་མ་འཇིག་རྟེན་བློས་བཏང་ནས་ཕན་ཚུན་འཚེ་བ་མེད་པའི་ནང་ཆོས་ཀྱི་བྱམས་བརྩེའི་ལྟ་གྲུབ་གཙང་མའི་ཐོག་ནས་མི་ཚེའི་འདུན་མ་འཚོལ་མཁན་ཞིག་ཡོད་ན། དེ་ནི་རང་ཉིད་དང་རང་ཉིད་ཀྱི་རིགས་སེར་མོ་བའི་སྡེ་བརྗེད་ནས་ཕྱོགས་གཞན་ཞིག་ཏུ་འཚོལ་བའི་ངལ་བ་བྱ་མི་དགོས་པར།  རི་བོ་གངས་ཅན་པ་ཚང་གི་ཆོས་སྲིད་ལུགས་གཉིས་ཀྱི་འཕུར་ལམ་སྟོན་པའི་བོད་ཀྱི་བླ་སྤྲུལ་ཁག་དང་རབ་བྱུང་བའི་སྡེ་ཡིན་པ་སྨྲ་མི་དགོས་སོ།  ཡིན་ན་འང་བོད་ཀྱི་ཁ་དཔེར། ཤ་མ་ཟ་ཟེར་ནོ་བླ་མ་རེད། ཤ་ཚོན་པོ་ཟ་ནོ་བླ་མ་རེད་ཟེར་བ་བཞིན་ད་ལྟ་དངོས་ཡོད་ཀྱི་འཚོ་བའི་བཟང་ངན་སོགས་ནས་ཞིབ་མོར་བལྟས་ན། ངོ་མ་ཤ་ཚོན་པོ་ཟ་མཁན་དང་གོས་མཛེས་པོ། ཟས་ཞིམ་པོ། རླངས་འཁོར་གོང་ཆེན།  ཁང་བ་བརྗིད་ཆེན་སོགས་ཀྱི་ནང་ན་འདི་དག་ནི་ཁོའི་བློས་གཡོ་བ་ལས་བྱུང་ངོ་སྙམ་པའི་རློམ་སེམས་དང་ཁེངས་སེམས་ཁོ་ནས་ལོངས་སྤྱོད་མཁན་ནི་བོད་ཀྱི་འཇིག་རྟེན་མི་ནག་སྟེ་ཁྱིམ་པ་བ་དག་མ་ཡིན་པར།  སྲིད་པའི་ཕུན་ཚོགས་བློས་གཏང་ཞིང་འཇིག་རྟེན་བརྩེ་བས་སྐྱོར་བའི་བོད་ཀྱི་བླ་གྲྭ་ཁག་མ་ཡིན་ནམ། འདི་ནི་རང་ཉིད་བོར་བའི་ད་ལྟའི་བོད་ཀྱི་བླ་གྲྭ་ཁག་གིས་ཆོས་སྒྲུབ་སྟངས་ཤིག་ཀྱང་ཡིན་མཆི་སྟེ། ཡོད་ཚད་གཞན་ལ་ཁ་གཏད་དེ་འདི་ལྟར་བྱ་མི་རུང་གན་ལྟར་སྒྲུབ་མི་རིགས་ཞེས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁྲིམས་བསྒྲགས་པ་ལྟར་ཟད་ཀྱི་རང་ཉིད་ཀྱི་བྱ་སྤྱོད་མཐའ་དག་ནང་ཆོས་ཀྱི་གཞི་རྩའི་དགོངས་ཕྱོགས་དང་མཐུན་མིན་ལ་མི་བལྟ་ཞིང་། མཐའ་ན་རང་ཉིད་ལ་ཚ་འདྲི་ཙམ་བཏང་བའི་རྩོམ་ཡིག་སྤོས་དག་པོ་ཞིག་ཀྱང་མཐོང་དཀོན་པ་ལ་གནས་ལུགས་མིན་པའི་རྒྱུ་མཚན་གཞན་ཞིག་ཡོད་པ་འདྲའོ།།

  

        ཕྱོགས་གཞན་ཞིག་ནས་བཤད་ན་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་བོད་མཐོ་སྒང་གི་ཡུལ་ཕྱོགས་ཀུན་ལ་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་ཆེན་གསེར་གྱི་རི་བོ་འདྲ་བ་གང་མང་མང་ཞིག་བྱུང་མྱོང་མོད་ཀྱང་། དེ་ལྟ་བུའི་འཚོ་གནས་བསྒྱུར་བཅོས་ཀྱི་ཕྱོགས་ནས་རླབས་ཆེན་གྱི་ལས་དོན་གང་ཡང་བདག་གིར་མ་མཛད་པ་ནི། གནས་སྐབས་སུ་དུས་ལ་མ་བབ་པ་དང་ཡང་ན་བོད་སྤྱི་ཚོགས་རང་ངོས་ནས་ཤེས་རིག་གི་གོ་རྟོགས་དང་ནང་ཆོས་ཀྱི་ལྟ་གྲུབ་གཙང་མ་ཞིག་ཆགས་ཡོང་ན་སུས་ཀྱང་བཙན་ཐབས་དང་གནོན་ཤུགས་ཀྱིས་མིན་པར་རང་གར་འཚེ་མེད་ཞི་བའི་འཚོ་ཐབས་གཙང་མ་ཞིག་བསྟེན་པ་ལ་ཐུགས་རྩེ་གཏད་པ་ཨེ་ཡིན་སྙམ།  ཡིན་ན་འང་དུས་ནམ་ཡང་བོད་སྤྱི་ཚོགས་ཀྱི་ལས་དོན་ཆེ་ཕྲ་ཀུན་ལ་བདེན་པ་དང་གནས་ལུགས་ཁོ་ནས་འཚོལ་ཞིབ་ཀྱི་དམིགས་པ་མ་བོར་བའི་སྐྱ་སེར་ཀུན་གྱིས་བདེན་པ་གཙིགས་འཛིན་གྱི་ལུགས་མཐུན་སྒོས་རང་གི་བསམ་འཆར་འདོན་རྒྱུའི་རེ་བ་སྙིང་ནས་ཆེ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41464956
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1