སའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ཟུང་གི་གལ་གནད་བསྡུར་གླེང༌།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 5 ཚེས 27 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» ཁོར་ཡུག་སྲུང་སྐྱོབ། »སའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད
སའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ཟུང་གི་གལ་གནད་བསྡུར་གླེང༌།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/4ལྟ་ཀློག (7707)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                                                                 དཀོན་མཆོག་འཕེལ་རྒྱས།

   ས་སྒང་ཧྲིལ་པོ་འདི་དང་འདིའི་སྟེང་དུ་འཚོ་ཞིང་སྡོད་པའི་མིའི་རིགས་ཀྱི་དགོས་མཁོ་སྐོང་ཐབས་དང་དཀའ་ངལ་སེལ་ཆེད་དུ་འཛམ་གླིང་གི་རླབས་ཆེན་དབུ་ཁྲིད་རྣམས་དང༌།རྒྱལ་ཁབ་ཁགཚོགས་པ་ཆེ་ཆུང་སོགས་ཀྱི་རྒྱལ་སྤྱི་ཅན་དུ་གྱུར་པའི་ཡོངས་ཁྱབ་གླེང་གཞི་སྟེ།འཛམ་གླིང་ཞི་བདེ་དང༌།རང་དབང་མང་གཙོ།འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད།སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དགོས་པའི་ཚུལ་སོགས་སྐད་རིགས་སྣ་མང་ཐོག་གི་དཔེ་དེབ་དང༌།གནས་འབྲེལ་དྲ་བ།གཟུགས་མཐོང་བརྙན་འཕྲིན།རླུང་འཕྲིན།གསར་ཤོག་སོགས་བརྒྱུད་ལམ་མང་པོའི་བསྒྲགས་གཏམ་དུ་གྱུར་པ་ནི་རྒྱུན་ལྡན་ཞིག་ཡིན་མོད།དངོས་ཡོད་ལག་ལེན་གྱི་སྐབས་གོང་གསལ་ཡོངས་ཁྱབ་གླེང་གཞི་ཁག་གི་འབྲུ་དོན་ལ་འགལ་འཛོལ་དང་གཏོར་བརླག་གཏོང་བའི་རྒྱལ་ཁབ་རྣམས་ཀྱི་བྱ་སྤྱོད་ནི།འཇིག་རྟེན་ཁ་དཔེར།ཁ་བཤད་ཆུ་ཡི་ཝུ་བ།ལག་ལེན་གསེར་གྱི་ཐིགས་པ།ཞེས་པའི་དཔེ་ལྟར་དཔལ་འབྱོར་ཡར་རྒྱས་ཀྱི་འདོད་རྔམ་སོགས་ཀྱི་རང་དོན་དམིགས་འབེན་འགྲུབ་ཕྱིར་དུ་འཛམ་གླིང་ཞི་བདེ་དང་ཁོར་ཡུག་སྲུང་སྐྱོབ་ལ་སོགས་པའི་སྐོར་གྱི་ཁ་བཤད་དང་ལག་ལེན་ཆ་མི་སྙོམས་པར་གནད་འགག་གི་སྐབས་རྒྱལ་ཁབ་དེ་དག་གིས་རང་དགར་གཏོར་བརླག་གཏོང་རྐྱང་བྱེད་པའི་སྣང་ཚུལ་ཡང་མཐོང་ཡུལ་དུ་ཡོད་པ་ལྟར་ཡིན།སྟོང་ལོ་གསར་པའི་སྐབས་འདིར་འཛམ་གླིང་སྤྱི་ཡོངས་ཀྱིས་བསྒྲུབ་དགོས་པའི་རླབས་ཆེན་བྱ་གཞག་སྣ་མང་ཡོད་མོད།གོ་ལ་ཧྲིལ་པོའི་སྒང་དུ་འཚོ་སྡོད་བྱེད་པའི་མིའི་རིགས་གཙོ་བོར་གྱུར་བའི་སྲོག་ཆགས་ཡོད་དོ་ཅོག་གི་ཟས་གོས་གནས་མལ་གྱི་ཁེ་འབབ་བང་མཛོད་ལྟ་བུའི་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་ལ་ཚབས་ཆེའི་གཏོར་བཤིག་ཐེབས་ཡོད་པ་ནི་མགྱོགས་མྱུར་ཛ་དྲག་ངང་མྱུར་སྐྱོབ་བྱ་རྒྱུ་ཁ་ཚ་དགོས་གཏུགས་ཤིག་ཡིན།འདིར་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་དང་སའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཟུང་གི་གལ་ཆེའི་རང་བཞིན་བསྡུར་གླེང་བྱེད་སྐབས་དཀའ་ངལ་གྱི་རྒྱབ་ལྗོངས་དང༌།དགོས་པ་དམིགས་འབེན།ཁེ་ཕན་མཇུག་འབྲས་གསུམ་གྱི་རྒྱ་ཆེ་ལོད་ཀྱི་ངོས་ནས་བལྟས་ཀྱང་སའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་པ་ལས་ཀྱང་གལ་ཆེན་པོ་ཡིན་པའི་ལྟ་ཚུལ་འདོན་རྒྱུར།

གཅིག   དཀའ་ངལ་གྱི་རྒྱབ་ལྗོངས་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་དང་སའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཟུང་གི་གལ་གནད་ལ་ལྟ་བ།

འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་པའི་དཀའ་ངལ་གྱི་རྒྱབ་ལྗོངས་ནི་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆར་གསལ་བ་ལྟར་ན།དེ་སྔ་འཛམ་གླིང་ཐོག་མི་རིགས་དབྱེ་འབྱེད་ཀྱི་མནར་གཅོད་ཤུགས་ཆེར་བྱུང་མྱོང་བ་དང༌།འཛམ་གླིང་དམག་ཆེན་སྔ་ཕྱིའི་སྐབས་ཡ་ང་བའི་དམག་འཐབ་དང་གཉའ་གནོན་བྱུང་བ།རྒྱལ་ཁབ་ཁ་ཤས་དུས་ཡུན་རིང་པོར་མི་སེར་སྤེལ་ཡུལ་དུ་གྱུར་པ།མི་རིགས་ཁ་ཤས་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་ལམ་ནས་སྡེབ་གསོད་ཀྱི་བྱ་བ་ངན་པ་ལག་བསྟར་བྱས་པ།མི་རིགས་དཀར་ནག་གཉིས་ཀར་སྲིད་དོན་གྱི་ཐོབ་ཐང་འདྲ་མཉམ་མེད་པ།གྲལ་རིམ་གྱི་དབྱེ་འབྱེད་མངོན་གསལ་དོད་པ།ཕོ་མོ་འདྲ་མཉམ་མེད་པ།རྒྱལ་བློན་རྣམས་ཀྱིས་ལྐོག་ཟ་རུལ་སུངས་བྱས་ཏེ་ཆབ་འབངས་ཐོག་ཕྱོགས་ལྷུང་དབྱེ་འབྱེད་དང་བཙན་དབང་བསྐུལ་པ།བྲན་གཡོག་ལམ་ལུགས་ནང་བྲན་གཡོག་གི་ཕྲུ་གུ་རྣམས་མངའ་བདག་ལ་དབང་བར་བྱེད་པ།མངའ་བདག་གྲལ་རིམ་གྱིས་བྲན་གཡོག་རྣམས་ཅ་དངོས་ལྟར་ཉོ་ཚོང་བྱེད་པ།ཕ་མའི་བུ་ལོན་ཕྲུ་གུས་སྒྲུབ་འཇལ་དགོས་པ།ཕྲུ་གུའི་མི་ཚེའི་ཧྲིལ་པོར་བྲན་གཡོག་ཏུ་རྒྱུགས་དགོས་པ།སྐྱེ་བོ་རྣམས་ལ་ཤ་མདོག་དང༌།ཕོ་མོ།སྐད་ཡིགཆོས་ལུགས།རིགས་རུས།སྤྱི་ཚོགས་ཀྱི་འབྱུང་ཁུངས།དཔལ་འབྱོར།སྐྱེ་ཁུངས་བཅས་ཀྱི་ཐོག་ནས་དབྱེ་འབྱེད་བྱེད་པ།གཏམ་བརྗོད་རང་དབང་མེད་པ་སོགས་ཀྱི་དཀའ་ངལ་འོག་ཤར་ནུབ་རྒྱལ་ཁབ་རྣམས་དང༌།ཚོགས་པ་ཁགཁྲིམས་ལུགས་མཁས་པ།རྩོམ་པ་པོ་བཅས་མང་པོ་ཞིག་གིས་ཚོགས་འདུ་ཐེངས་མང་རིང་འོས་འཕེན་བསམ་འཆར་འདོན་སྤྲོད་དང༌།བགྲོ་གླེང་སྦྱང་བཤད་གནང་སྟེ་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་གཏན་འབེབས་བྱས་པ་ཡིན།

འོན་ཏེ་སའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་དཀའ་ངལ་རྒྱབ་ལྗོངས་ནི་དཔྱད་གཞིའི་ཡིག་ཆ་རྙེད་སོན་བྱུང་བར་གསལ་བ་ལྟར་ན།འཛམ་གླིང་གི་ཚ་དྲོད་འཕེལ་བ་དང༌།གོ་ལའི་ཕྱི་ངོས་སུ་ཆགས་པའི་དྲི་ངན་དབྱང་རླུང་ལ་གཏོར་སྐྱོན་ཕོག་པ།མཐའི་རྒྱ་མཚོར་འབག་བཙོག་ཤོར་བ།མུ་མཐའ་བྲལ་བའི་རྩྭ་ཐང་བྱེ་མས་ཟིན་ཚབས་ཆེ་བ།སྔོ་ལྗང་གི་རྩྭ་ཐང་མང་པོ་སྐྲ་བཞར་པ་ལྟར་རྩ་མེད་དུ་སོང་བ།ཆུ་བོ་ཁག་གི་བཞུར་རྒྱུར་ཆད་པ།ཕྱུགས་རྩྭ་བཟང་པོ་ཇེ་ཉུང་དང་དུག་ལྡན་རྩྭ་ལྡུམ་ཇེ་མང་དུ་སོང་བ།འཁྱག་རོམ་ཞུ་ཚད་མགྱོགས་པ།མཚོ་དང་མཚེའུ་སྐམ་པ།ས་ཡོམ་རྒྱག་པ།ས་གཞི་གས་པ།ཤ་འོད་རྒྱུག་པ།རླུང་འཚུབ་ལྡང་བ།ཐན་པ་ཆེ་བ།ས་ཆུའི་བཅུད་ཤོར་བ།རི་མགོར་རྩྭ་མི་སྐྱེ་བ།མིའི་རིགས་ལ་སྐྱི་ལྤགས་ཀྱི་ནད་དང་སྐྱ་འགྲིབ་སོགས་ཀྱི་ནད་ཡམས་མང་པོ་ལྡང་བ་སོགས་ཀྱི་དཀའ་ངལ་ཚབས་ཆེན་འབྱུང་བཞིན་ཡོད་པས་གོ་ལ་རིལ་པོའི་ཁོར་ཡུག་ཉམ་ཆག་གི་གནད་དོན་དེ་རྣམས་གང་མགྱོགས་ངང་སེལ་ཐབས་མ་བྱས་ཚེ་ང་ཚོའི་འཚོ་རྟེན་གྱི་ས་སྒང་འདི་ནི་ད་ལྟའི་སྐབས་ལས་ཀྱང་ཆེས་འཇིགས་སུ་རུང་བ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད།དེ་ལྟར་གོང་དུ་གླེང་བའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ཀྱི་དཀའ་ངལ་རྒྱབ་ལྗོངས་ཁག་ནི་མིའི་རིགས་ཁོ་ནའི་དཀའ་ངལ་ཞིག་ཡིན་ལ།ས་སྒང་ཧྲིལ་པོ་འདིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དཀའ་ངལ་རྒྱབ་ལྗོངས་ཁག་ནི་གོ་ལ་འདིའི་འཚོ་བཅུད་དང་འདི་ལ་བརྟེན་པའི་མི་གཙོ་བོར་གྱུར་པའི་སྲོག་ཆགས་ཡོད་ཚད་ཀྱི་འཆི་གསོན་དང་འབྲེལ་བ་ཡོད་པས་དཀའ་ངལ་དེ་དག་གི་ཉེན་ཚབས་ཆེ་ཆུང་བསྡུར་ཚེ་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་པ་ལས་གལ་ཆེན་པོ་ཡིན་ཞེས་བརྗོད་ཆོག་པར་སེམས།

གཉིས།  དམིགས་འབེན་དང་མཇུག་འབྲས་ཀྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་དང་སའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཟུང་གི་གལ་གནད་ལ་ལྟ་བ།

   འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ལག་བསྟར་གྱི་དགོས་པ་ནི།རང་དབང་གལ་ཆེར་བརྩི་བའི་ལྟ་ཚུལ་འཁྱེར་ཕྱོགས་དང༌།དེ་མིན་གྱི་གཞི་རྩའི་ཐོབ་ཐང་གི་བཅའ་ཁྲིམས་སོགས་འཕེལ་རིམ་སྣ་ཚོགས་འོག་རྒྱལ་སྤྱིའི་ཐོག་མི་རིགས་དབྱེ་འབྱེད་ཀྱི་མནར་གཅོད་ཤུགས་ཆེར་མི་འབྱུང་བ་དང༌།འཛམ་གླིང་འཁྲུག་ཆེན་སྔ་ཕྱིའི་སྐབས་ལྟ་བུའི་སྐྱི་གཡའ་བའི་དམག་འཐབ་ཀྱི་སྐྱོ་གར་མི་ཡོང་བ།བྲན་གཡོག་ལམ་ལུགས་ཀྱི་སུན་གཙེར་ལས་ཐར་པ།རང་དབང་དང་མང་གཙོ་ལྟ་བུའི་སྲིད་དོན་གྱི་ཐོབ་ཐང་ཁག་སྲུང་སྐྱོབ་ཡོང་ཆེད་དུ་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་ཟིན་བྲིས་བཏབ་པ་ལྟར་མཐར་རྒྱལ་ཚོགས་ཀྱི་རྒྱལ་ཁབ་མང་པོས་འོས་འཕེན་གྱི་ལམ་ནས་གནང་བ་ཞིག་རེད།ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་རྣམས་ལག་བསྟར་ཚུལ་བཞིན་བྱས་ཚེ་བྲན་གཡོག་ལམ་ལུགས་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་སྣ་ཚོགས་མི་འབྱུང་བ་དང༌།སྲིད་དོན་གྱི་རང་དབང༌།སྤྱི་ཚོགས།དཔལ་འབྱོར།རིག་གཞུང་བཅས་ཀྱི་ཐོབ་ཐང་འདྲ་མཉམ་དུ་ལོངས་སྤྱོད་ཐུབ་པ།སྤྱི་ཚོགས་ལ་སྨན་པའི་མི་མང་གི་ལས་འགན་ཚགས་ཚུད་ཡོང་བ།སྐྱེ་བོ་རང་དང་རང་གི་ནང་མི་བུ་ཕྲུག་སོགས་ཀྱི་ཤེས་ཡོན་དང༌།དཔལ་འབྱོར།འཕྲོད་བསྟེན་བཅས་ཡར་རྒྱས་གཏོང་རྒྱུ་དང༌།སྲིད་དོན་གྱི་ཁེ་དབང་སྤྱད་དེ་རྒྱལ་ཁབ་ཀྱི་དབུ་ཁྲིད་བྱེད་ཐུབ་པ་སོགས་མི་ཚེའི་མདུན་ལམ་ལ་རླབས་ཆེ་བའི་གོ་སྐབས་མང་པོའི་ཁེ་ཕན་འཇུག་འབྲས་འབྱུང་བ་ཡིན་མོད།

  འོན་ཀྱང་སའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དགོས་པ་དམིགས་འབེན་དང་ཁེ་ཕན་མཇུག་འབྲས་ནི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་པའི་དགོས་པ་དང་ཁེ་ཕན་ལས་གཞི་རྒྱ་ཆེ་ཞིང་ས་སྟེང་གི་སྐྱེ་འགྲོ་ཡོངས་ཀྱི་བདེ་སྡུག་ལ་ཐད་ཀར་འབྲེལ་བ་མ་ཟད་གོ་ལའི་ཚ་དྲོད་འཕར་བའི་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་སོགས་གང་མགྱོགས་ངང་ཛ་དྲག་མྱུར་སྐྱོབ་ཀྱིས་ཐག་གཅོད་མ་བྱས་ན་ས་སྒང་ཐོག་གི་སྐྱེ་འགྲོ་སྲོག་ཆགས་ཡོངས་ཀྱི་བཟའ་བཏུང་འཚོ་ཚིས་དང༌།གྱོན་གོས་གནས་མལ།སྨན་བཅོས་འཕྲོད་བསྟེན་སོགས་ཕྱོགས་སྣ་ཚོགས་ནས་ཉེན་ཁའི་རང་བཞིན་དུ་ལྷུང་ཡོད།འཛམ་གླིང་སྤྱི་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཡང་དག་བྱེད་དགོས་པའི་རྒྱུ་མཚན་ནི་གོ་ལ་འདིའི་ཐོག་གི་རང་བྱུང་ཐོན་ཁུངས་རྣམས་དགོས་མཁོ་ལས་ལྷག་པའི་བེད་སྤྱོད་མི་གཏོང་བ་དང༌།འཇིགས་སུ་རུང་བའི་རང་བྱུང་གནོད་འཚེ་རྣམས་རྒྱུན་མཐུད་ནས་མི་འབྱུང་ཐབས་སོགས་ཀྱི་ཆེད་དུ་ཡིན་ལ།དེ་ལྟར་བྱས་པའི་ཁེ་ཕན་མཇུག་འབྲས་ནི་འཇིག་རྟེན་འདིར་འཚོ་བའི་རྣམ་འབྱེད་ཀྱི་བློ་གྲོས་ལྡན་པའི་མི་དང་དེ་མིན་གྱི་སྲོག་ཆགས་ཡོངས་ལ་འཐོབ་རྒྱུ་ཡིན་པས་དགོས་པ་དམིགས་འབེན་དང་ཁེ་ཕན་མཇུག་འབྲས་ཀྱི་གཞི་རྒྱ་ཆེ་ཆུང་གི་ངོས་ནས་གཞིགས་ཀྱང་སའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་པ་ལས་གལ་འགངས་ཆེན་པོ་ཡིན་པར་སྙམ།

          གསུམ།     སའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་ལེན་དོན་འཁྱོལ་ཡོང་བའི་འབོད་སྒྲ།

    གོ་ལ་ཟླུུམ་པོའི་རིན་ཆེན་ཕང་བ་ནས་སྐྱེ་འཚར་བྱུང་བའི་མིའི་རིགས་ཀྱི་འཚོ་གོས་གནས་མལ་ཡོངས་རྫོགས་ས་སྒང་འདི་ལ་བརྟེན་ནས་བྱུང་ཞིང༌།ས་སྒང་འདི་ནི་རང་གི་པང་དུ་འཚར་ལོངས་བྱུང་བའི་སྐྱེ་འགྲོ་ཀུན་གསོ་བར་བྱེད་པའི་དྲིན་ཅན་མ་མ་ལྟ་བུ་ཡིན།ང་ཚོས་རང་ཉིད་གསོ་མཁན་གྱི་མ་ཡུམ་ལྟ་བུའི་ས་སྒང་འདི་ལ་བདག་སྐྱོང་དང་གཅེས་སྤྲས་ལེགས་པོ་མ་བྱས་པར་འཚོ་བའི་དགོས་མཁོ་ལ་ཆོག་མི་ཤེས་པའི་འདོད་སྲེད་ཀྱི་འདྲེ་ལག་རིང་པོ་གསེར་ལྡན་མ་མ་འདིའི་བང་མཛོད་ནང་བསྲིངས་རྐྱང་བྱས་ཚེ་མིག་སྔར་ང་ཚོའི་མ་ཡུམ་ལྟ་བུའི་ས་སྒང་རིལ་པོ་འདིས་ཉམ་ཐག་པའི་རྣམ་འགྱུར་འདི་ལྟ་བུ་སྟོན་གནང་མཛད་དེ།དཔེར་ན།ཆར་ཆུ་སྐྱུར་མོ་འབབ་པ་དང༌།འཐུང་ཆུར་འབག་བཙོག་ཤོར་བ།རྩྭ་ཐང་བྱེ་མས་བསྣུབས་པ།མཚོ་དང་མཚེའུ་སྐམ་པ།རང་བྱུང་གི་གནོད་འཚེ་ཇེ་མང་དུ་སོང་བ།རིམས་ནད་སྣ་ཚོགས་ལྡང་བ་སོགས་མ་ཡིན་ནམ།ང་ཚོས་དངོས་གནས་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་མང་པོ་བག་ཡངས་སུ་རྩེད་འཇོར་རོལ་བའི་འཛམ་གླིང་ཞིག་མཐོང་འདོད་ན།ཆུ་བོ་དང་ཆུ་ཕྲན་ཁྲི་མ་འབུམ་གྱི་དྭངས་གཙང་རླབས་ཀྱི་ཟེགས་མ་མཛེས་པར་འཐོར་བའི་འཛམ་གླིང་ཞིག་མཐོང་འདོད་ན།གསེར་དངུལ་ཟངས་ལྕགས་ཀྱི་རིན་པོ་ཆེ་བྱེ་བ་ཕྲག་གི་མངལ་ཁུར་ལྕི་བའི་འཛམ་གླིང་ཞིག་མཐོང་འདོད་ན།ཕྱིས་འབྱུང་བུ་རབས་ཚ་བརྒྱུད་ཀྱི་ལོངས་སྤྱོད་དུ་ཡོད་པའི་འཛད་མེད་ནོར་སྐལ་གྱི་འཛམ་གླིང་ཞིག་མཐོང་འདོད་ན།མརྒད་ཁུ་བས་ལན་བརྒྱར་བྱུགས་འདྲའི་སྔོ་ལྗང་ཚང་ཚིང་གི་འདབ་ལོ་འཁྲིགས་པའི་འཛམ་གླིང་ཞིག་མཐོང་འདོད་ན།ས་སྒང་འདིའི་སྟེང་གི་ཡོད་ཚད་གཏོར་བརླག་གཏོང་མཁས་པའི་མིའི་རིགས་ཀྱིས་རྨོ་ཞིང་གི་ཆེད་དུ་ནགས་ཚལ་སྐྲ་བཞར་པ་ལྟར་རྩ་མེད་དུ་གཏོང་བ་དང༌།གད་སྙིགས་ཀྱིས་ཁོར་ཡུག་འབག་བཙོག་ཏུ་གཏོང་བ།སྤང་ཤུན་མང་པོ་བཀོག་པ།གང་འདོད་དུ་རང་བྱུང་གཏེར་ཁ་བསྔོགས་པ།སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་མང་པོ་ལྐོག་གསོད་གཏོང་བ།ཁོར་ཡུག་ལ་གནོད་པའི་བཟོ་གྲྭ་མང་དུ་འཛུགས་པ།སྨན་རྩྭ་གང་འདོད་དུ་རྐོ་བ་སོགས་འདོད་རྔམ་གྱི་བྱ་སྤྱོད་མཐའ་དག་འཕྲལ་དུ་མཚམས་འཇོག་བྱས་ཏེ་ཉམས་དམས་སུ་བཏང་བའི་ཁོར་ཡུག་ཉམས་གསོ་དང་སྲུང་སྐྱོབ་གང་ལེགས་བྱེད་དགོས།དེ་ལྟར་མ་བྱས་ཚེ་ས་སྒང་འདིའི་ཐོག་ཏུ་ཤིང་ནགས་རྩ་མེད་དུ་འགྲོ་བ་དང༌།ས་ཞིང་གཞི་ཁྱོན་ཆེ་བ་བྱེ་མས་སྣུབ་བཞིན་པ།མཁའ་དབུགས་བཙོག་པར་གྱུར་དབང་གིས་ཉིན་རེ་བཞིན་མི་མང་པོ་འཆི་ལམ་དུ་འདེད་བཞིན་པ།འཐུང་ཆུར་བཙོག་སྐྱོན་ཐེབས་པས་ལོ་རེ་བཞིན་མི་ཁྲི་ཚོ་མང་པོ་འཆི་བཞིན་པ།སའི་གོ་ལའི་སྟེང་ནས་ལོ་རེར་སྐྱེ་དངོས་རིགས་བརྒྱ་ཕྲག་མང་པོ་ཡལ་འགྲོ་བ།རྒྱ་མཚོའི་སྐྱེ་ཁམས་ལ་གནོད་པ་ཆེན་པོ་ཐེབས་བཞིན་པ།བཅོས་དཀའ་བའི་རིམས་ནད་སྣ་ཚོགས་འབྱུང་བཞིན་པ་སོགས་ཀྱི་དཀའ་ངལ་བཟློག་ཐབས་ཤིན་ཏུ་དཀའ་བ་མ་ཟད་ད་དུང་གནས་སྟངས་དེ་མུར་ལྷག་ན་ལོ་ཟླ་ཉིན་ཞག་རེ་བཞིན་ཛ་དྲག་དང་ཉེན་ཁ་ཇེ་ཆེར་འགྲོ་བ་ནི་སྨྲོས་མ་དགོས་པ་ཞིག་ཡིན།དེས་ན་སའི་གོ་ལར་གཏོར་བརླག་གཏོང་བ་ནི་རང་གི་ཁང་ཁྱིམ་ལ་གཏོར་བརླག་གཏོང་བ་དང་འདྲ་བས་ས་གཞི་རིལ་མོ་འདིའི་སྟེང་དུ་འཚོ་ཞིང་གནས་པའི་འཛམ་གླིང་མི་མང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁ་གཡང་དང་ལག་ལེན་རྩེ་མཐུན་ཡོང་ཆེད་དུ་ཤ་ཐང་ཐང་དུ་འབད་པར་འཚལ་ཞེས་རེ་སྐུལ་ཞུའོ།།

                                                                                      ངེད་དྲ་བ།


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
11471699
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号