རྣམ་ཤེས་སྨྲ་བའི་ལུགས་ཀྱིས་བོད་མིའི་བསམ་སྤྱོད་ལ་ཐེབས་པའི་དགེ་སྐྱོན་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 1 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »རྣམ་ཤེས་སྨྲ་བའི་ལུགས་ཀྱིས་བོད་མིའི་བསམ་སྤྱོད་ལ་ཐེབས་པའི་དགེ་
རྣམ་ཤེས་སྨྲ་བའི་ལུགས་ཀྱིས་བོད་མིའི་བསམ་སྤྱོད་ལ་ཐེབས་པའི་དགེ་སྐྱོན་གླེང་བ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/8ལྟ་ཀློག (2396)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལྡོང་སྨིན་དྲུག

རྣམ་ཤེས་དང་བོད་མི།

   འདིར་གླེང་བར་བྱ་བ་ནི་རྣམ་ཤེས་ཡོད་མེད་གླེང་རྒྱུ་མིན་པར་རྣམ་ཤེས་སྨྲ་བའི་ལུགས་ཀྱིས་ང་ཚོའི་སེམས་གཤིས་ལ་བག་ཆགས་གང་འདྲ་ཞིག་བསྒོས་ཡོད་པ་དེ་ཡིན།

གཅིག  རྣམ་ཤེས་སྨྲ་བའི་དགེ་མཚན།

      དེ་ཡང་གོས་ཀྱིས་སྣུམ་ཟིན་པ་ཇི་བཞིན་བོད་མི་རྣམས་ཀྱི་བསམ་བློའི་ནང་གཏིང་ཟབ་པའི་བག་ཆགས་ཤིག་གནས་ཡོད་པ་ནི་རྣམ་ཤེས་ཡོད་པར་ཁས་འཆེས་པའི་བོད་བརྒྱུད་ནང་བསྟན་ཤེས་རིག་གི་དགོངས་པའི་བག་ཆགས་དེ་ཡིན་ལ།      ཤེས་རིག་འདིའི་དགོངས་གཞི་གཙོ་བོ་ནི་ལས་འབྲས་ཁས་ལེན་པ།  བྱམས་དང་སྙིང་རྗེ་ལྡན་པ།   འདོད་ཆུང་ཆོག་ཤེས།  སྟོང་ཉིད་སྨྲ་བ།  ཚེ་ཕྱི་མ་ཁས་ལེན་པ་དེ་ཡིན།  དེར་བརྟེན་ང་ཚོས་ཤེས་རིག་འདི་སྦྱོང་སྤྱོད་སྤེལ་གསུམ་བྱས་པའི་བཀའ་དྲིན་གྱིས་གདོད་མའི་དམུ་རྒོད་དང༌།   རྩུབ་སྤྱོད་ཀྱི་གཤིས་རྒྱུད་དེ་བསྒྱུར་ནས་སྤྱིར་བཏང་གཤིས་རྒྱུད་འཇམ་ཞིང་དྲིན་ཤེས་པ་དང༌།  གཏོང་ཕོད་ཆེ་ལ་རང་བཞིན་དྲང་བ།  དད་པ་བརྟན་ལ་བརྩི་བཀུར་ལྡན་པ་སོགས་སྲོག་ཆགས་གཞན་ལས་ཁྱད་འཕགས་ཀྱི་མིའི་རིགས་ལ་ལྡན་འོས་པའི་བཅོས་པའི་གཤིས་རྒྱུད་ཅིག་བསྐྲུན་ཡོད།  དེ་འདྲའི་གཤིས་རྒྱུད་ཀྱིས་མིའི་རིགས་སམ་རང་བྱུང་ཁམས་ལ་དགེ་མཚན་གང་འདྲ་ཐོན་ཡོད་ཅེ་ན།  གཅིག་ནས་བྱམས་སྙིང་རྗེའམ་བདག་པས་གཞན་གཅེས།   འདོད་ཆུང་ཆོག་ཤེས་ཀྱི་བསམ་སྤྱོད་དེས་ཕན་ཚུན་འགྲན་རྩོད་མེད་པ་བཟོས་ནས་སོས་དལ་ལྷིང་འཇགས་  རང་བཞིན་གྱི་འཚོ་བའི་ཀློང་དུ་བྱིངས་སུ་བཅུག་པས་མ་བྱིན་ལེན་པ་དང༌།      རྐུ་འཕྲོག    གཡོ་སྒྱུ་བྱེད་པ་སོགས་ཅུང་མེད་པ་བཟོས་ནས་རང་བཞིན་གྱིས་ཞི་བདེ་ལ་དགའ་བར་གྱུར་ཡོད། དེ་ཡང་དབུལ་བོ་དང་དབང་བོ་སྐྱོན་ཅན་སོགས་ལ་ནོར་གྱིས་སྦྱིན་པ་གཏོང་བ་དང༌།  ཐ་ན་སྲོག་ཆགས་གྲོག་འབུ་ཡན་ཆད་ཀྱང་ཅི་མི་སྙམ་པར་མི་གསོད་པར་སྙིང་ཉེ་བ་བྱེད་པ་འདིས་མཚོན་པ་ཡིན།    ཕྱོགས་གཞན་ཞིག་ནས་རྣམ་ཤེས་སྨྲ་བའི་ཆོས་ལུགས་ཀྱི་འདུ་ཤེས་དེ་བོད་མི་མང་པོ་ཞིག་གི་བསམ་བློའི་དབང་  སྒྱུར་མཁན་དུ་གྱུར་བས་མི་རྣམས་ཀྱི་སེམས་ངོར་གང་བྱུང་དུ་ས་རྒོད་དུ་སློག་་པ་དང༌།  ཤིང་དང་ནགས་ཚལ་གཅོད་པ་སོགས་བྱས་ན་ཚེ་འདི་ཕྱི་གང་རུང་ཞིག་ཏུ་ཀླུ་དང༌།   གཞི་བདག   ལྷ་སོགས་ཁྲོས་ཏེ་གནོད་པར་དོགས་ནས་དེ་འདྲའི་ལས་བགྱི་བར་བག་ཡོད་པར་གྱུར་བ་དང༌། སྲོག་ཆགས་འབའ་འབུ་སོགས་ལའང་གནོད་འཚེ་བཏང་སྟེ་སྡིག་ལས་བྱས་ན་ཚེ་ཕྱི་མར་དེ་འདྲའི་སྐྱེ་བ་ལེན་པར་འཇིགས་ནས་ཀུན་ལ་སྙིང་རྗེའི་སེམས་ཁམས་ཤིག་འཁྲུངས་ཤིང༌།    སེམས་ཁམས་དེས་ས་ཁམས་སྙོམས་སྒྲིག་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་པར་བྱས་རྗེས་རླབས་ཆེན་པོ་བཞག་ཡོད།   འདི་འདྲའི་སེམས་ཁམས་ཆགས་ཚུལ་གྱིས་དེང་གི་གནས་ཚུལ་ཏེ།   ངག་ནས་བསམ་པའི་དཔལ་ཡོན་ཞེས་ཀུ་ཅོ་སྟོང་ཕྲག་སྒྲོག་ནའང་ཕན་ནུས་དེ་འདྲ་མེད་པར་ཁྲིམས་འགལ་གྱི་བྱ་བ་བྱེད་མཁན་མང་པ་དང༌།   ང་ཚོར་སའི་གོ་ལ་གཅིག་ལས་མེད་ཅེས་སྨྲེ་ངག་བཏོན་ནའང་སྔར་བས་གཏོར་སྐྱོན་གཏོང་བ་སོགས་མིན་པར་ཤེས་རིག་འདི་ལ་བག་ཆགས་ཅུང་ཟད་བཞག་ཡོད་པ་ཞིག་ཡིན་ན་བསམ་པའི་དཔལ་ཡོན་རང་ཤུགས་ཀྱིས་རྒྱུད་ལ་གནས་པ་ཡིན་ལ། སའི་གོ་ལར་ཡང་རང་བཞིན་གྱིས་སྲུང་སྐྱོབ་ཐུབ་པ་ཡིན།  ད་དུང་འཚང་རྒྱ་བ་དང་ཚེ་ཡི་མར་བདེ་བ་ཐོབ་ན་ཅི་མ་རུང་སྙམ་པའི་ཀུན་སློང་གིས་ལོ་རེར་སྙུང་གནས་སྲུང་བ་དེས་ཀྱང་དགེ་མཚན་མང་པོ་ཞིག་ཐོན་ཡོད།   དེ་འདྲའི་སེམསཁམས་ནི་རྣམ་ཤེས་ཡོད་པར་ཁས་འཆེས་པའི་རྨང་གཞིའི་སྟེང་དུ་བྱུང་བ་ཡིན་ལ།   རྣམ་ཤེས་ཡོད་པའི་འདུ་ཤེས་ཀྱིས་ད་གཟོད་འཛམ་གླིང་རིག་པའི་བང་མཛོད་ནང༌།     བོད་རང་གི་ཁྱད་ཆོས་ལྡན་ལ་རིན་ཐང་གཞལ་དུ་མེད་པའི་བསམ་བློའི་རྒྱུ་ནོར་ཞིག་བསྐྲུན་ཡོད།  བསམ་སྤྱོད་འདི་ཁྱབ་སྤེལ་བྱུང་ཚེ་དེང་གི་འཚོ་གནས་ཀྱི་ཕྱིར་དང༌།  ཡང་ན་རྒྱལ་ཁབ་རང་ཉིད་ཀྱི་ཁེ་ཕན་དང་ས་ཁོངས་བདག་དབང་སོགས་ཀྱི་ཕྱིར་རྫས་ཀྱི་ནུས་པ་ལ་བརྟེན་ནས་མཚོན་ཆ་སྣ་ཚོགས་ཀྱིས་དུས་ཚོད་སྐར་ཆ་གཅིག་ཙམ་ལ་འཇིག་རྟེན་ཐལ་བའི་རྡུལ་དུ་རློག་པར་རྩོམ་པའི་གདུག་རྩུབ་ཀྱི་བྱ་སྤྱོད་ལ་  བཀག་འགོག་དང༌།  འཛམ་གླིང་ཞི་བདེ་ལ་བསམ་བློའི་ཕན་ནུས་ཆེན་པོ་འདོན་ཐུབ།   ཤེས་རིག་འདི་མ་ཤེས་ན་ད་གཟོད་གང་དེའི་དགོངས་གཞིའམ་བསམ་བློ་རྟོགས་ཐུབ་ལ༌།  བསམ་་བློ་དེ་དང་ལེན་བྱས་ན་ཞི་བདེའི་ལམ་བུ་རུ་བསྐྱོད་ཐུབ་བོ།།

                 གཉིས།   རྣམ་ཤེས་སྨྲ་བའི་སྐྱོན་ཆ།

      དེ་ཡང་མི་ཞིག་དང༌།   མི་རིགས་ཤིག རིག་གནས་ཤིག་གི་བཟང་ཆའམ་དགེ་མཚན་ནི་རང་ཉིད་ནས་ཆེ་བརྗོད་དེ་འདྲ་མ་བྱས་ཀྱང་རྣམ་དག་གི་མི་ཚོས་མཐོང་  སྲིད་ལ།  དང་ལེན་ཡང་བྱེད་སྲིད།  གང་ཞིག་འཕེལ་རྒྱས་སུ་འགྲོ་དགོས་ན་རང་ཉིད་ཀྱི་སྐྱོན་ཆ་སྔོག་འདོན་དང་བཅོས་སྒྱུར་བྱེད་རྒྱུ་དེ་གལ་ཆེན་ནང་འགངས་ཆེན་ཞིག་ ཡིན་མོད།   ང་ཚོའི་མི་རིགས་འདི་རང་ཆེ་རང་བསྟོད་བྱེད་རྒྱུ་གཞན་ལས་ལྷག་པར་དགའ་བས་མི་རིགས་འདི་དང་རིག་གནས་འདིའི་འདས་ཟིན་ལ་ཕྱོགས་བསྡོམས་  དང་སྐྱོན་ཞིབ་ཙམ་ཡང་བྱེད་མྱོང་མེད།  གནས་ཚུལ་དེར་ཡིད་མུག་ནས་དམ་པ་གང་ཞིག་གིས ཨ་ཁུ་འབྲོང་གི་དབང་བོ་རྣམས།།  གསེར་ལས་གྲུབ་ཅེས་བསྟོད་མཁས་པའི༌།། རི་བོང་བློ་ལྡན་འདི་དག་གི།།  གཏམ་ལ་ཆ་འཇོག་ཅི་ཞིག་ཡོད།།ཅེས་དམིགས་པའི་འབེན་དུ་ཕོག་པའི་གསལ་འདེབས་ཤིག་གནང་ཡོད།   ང་ཚོ་ལ་མཚོན་ན་དེ་ནི་བསླབ་བྱ་ཞིག་ཡིན་ལ།  མཉམ་འཇོག་བྱེད་དགོས་ས་ཞིག་ཀྱང་ཡིནནོ།། དོན་དམ་དུ་མི་རྣམས་ནི་ཐོག་མ་ཉིད་ནས་རང་ཉིད་ལས་སྐྱབས་རེ་ས་སུ་ཡང་མེད་པའི་མགོན་མེད་སྐྱབས་རྗེན་ཞིག་ཡིན་ཞིང༌།  བཟློག་ཏུ་མེད་པའི་གནམ་སྐོས་ཀྱི་ལས་དབང་ཟེར་བའང་ཡོད་མི་སྲིད།

     དེ་ཡང་བོད་མི་རིགས་ལ་རིན་ཐང་བྲལ་་བའི་གཅེས་ནོར་ཞིག་ཡོད་པ་ནི་རྣམ་ཤེས་སྨྲ་བའི་བོད་རྒྱུད་ནང་བསྟན་ཤེས་རིག་འདི་ཡིན་ལ།     དེས་ལོ་རྒྱུས་ངེས་ཅན་དང༌།     དུས་རབས་ངེས་ཅན།     སྤྱི་ཚོགས་ངེས་ཅན་ཞིག་གི་ནང་དུ་གནའ་བོའི་མི་རིགས་འདིར་གཞལ་དུ་མེད་པའི་ཞབས་འདེགས་བཟང་བོ་ཞུས་ཡོད་པ་སུ་ཞིག་ གིས་བསྙོན་འདིང་ནུས།    ཡིན་ནའང་ད་ནི་འདས་དུས་དང་དུས་བབ་མིའེདྲ་བའི་དུས་རབས་ཉེར་གཅིག་ལ་སླེབས་ཤིང༌།   འཛམ་གླིང་མི་རིགས་མང་པོའི་དཀྱིལ་དུ་རང་ཉིད་ཀྱི་རྐུབ་བཏེགས་ཤིག་བཟུང་དགོས་པས་ཅི་གསུང་ལ་ཡ་ཡ་ཡོ་ཡོ་མི་ཟེར་བར་སྲོལ་ལུགས་ལོག་པ་དག་མཆིས་ན་ནི།    གནའ་བོའི་ཡིན་ཀྱང་དོར་བར་བྱེད།    སྲོལ་ལུགས་བཟང་བོ་དག་མཆིས་ན་ནི།  གསར་བའི་ལུགས་ཡིན་ཡང་སྒྲུབ་པར་བྱེད། ཅེས་གསུངས་བ་བཞིན་ཡབ་མེས་པྲ་ཚགས་ཤིག་གམ་ཡང་ན་སྲོལ་རྒྱུན་གྱི་ལྕགས་སྒྲོག་འགས་གཏོར་གཏོང་བའི་དད་ལོག་ཅན་ཞིག་མི་བྱ་ཐབས་མེད་རེད།

    དངོས་པོ་ཀུན་མི་རྟག་པ་ཡིན་པས་སྔོན་དུས་ཀྱི་དཔའ་མཛངས་ལྡན་པ་དང༌། བློ་རིག་བཀྲ་བ།  ལས་ལ་བརྩོན་པ།  སྡུག་ཆག་པ།  ཀུན་ལ་འགྲན་ཟླ་དང་བྲལ་བ། འོད་སྟོང་འབར་བ་ཞིག་ཏུ་ད་ནི་སུ་ཡིས་ཁས་འཆེས།  དེ་ནི་ལོ་རྒྱུས་ཀྱི་བེམ་རོར་གྱུར་ཏེ་མི་རིང་བར་གནའ་རྫས་བཤམས་སྟོན་ཁང་དུ་མི་འདྲེན་པའི་ངེས་པ་ཡོད་རེར་སྐན།   དེའི་ཕྱིར་རིག་གནས་སེམས་ཁམས་ཆགས་ཚུལ་ཞིག་གིས་དུས་རབས་ངེས་ཅན་སྤྱི་  ཚོགས་ངེས་ཅན་ཞིག་གི་རིག་གནས་དེའི་བདག་པོར་གྱུར་བའི་མི་རྣམས་སྐྱོབ་ཐུབ་ལ། འཆི་ལམ་དུ་འདེད་ཀྱང་ཐུབ།     དེ་ཡང་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་ཤིན་ཏུ་མགྱོགས་པའི་དུས་འདིར།      གྲོལ་བ་གཉེར་བའི་ཤེས་རིག་གི་འདུ་ཤེས་འདིས་སྤྱི་ཚོགས་ཡུལ་དུས་ཀྱི་འགྱུར་བ་དང་བསྟུན་པའི་བསམ་བློ་བ་དང༌།  ལག་རྩལ་བ།     འཇིག་རྟེན་སྤྱིའི་འཁོར་ཕྱོགས་དང་མཐུན་པའི་མིག་རྒྱང་ཅན་གསོ་སྐྱོང་བྱ་བར་བསམ་བློའི་བཀག་འགོག་བྱེད་བཞིན་པ་ནི་ཡིད་ཕམ་དགོས་པ་ཞིག་རེད།    དཔལ་འབྱོར་འཚོ་བའི་དཀའ་ངལ་དང༌།  གཞན་དག་གིས་རྨེག་མེད་གཏོང་ཉེན་ཡོད་པའི་གནས་བབ་འདིའི་འོག་ད་དུང་རང་བྱུང་ཁམས་ལ་མགོ་བོ་སྒུར་བ་དང༌།     མངོན་འགྱུར་བྱ་ཐབས་མེད་པའི་གསོབ་གཟུགས་ཀྱི་འཇིག་རྟེན་ཞིག་ལ་སྟོང་བསམ་      བཅངས་ན་ང་ཚོ་ནི་སྲོག་ཆགས་གྲོག་འབུའི་རྒྱུད་ནའང་ཡོད་པས་མིའི་འགྲོ་བ་ཞིག་ཡིན་ཚེ་སུ་ཡིན་ཀྱང་ལྷག་པར་དེ་ལྟ་བུའི་བློ་དྲག་པོ་ཞིག་ཡོད་དགོས་པའི་ཕྱིར་མང་པོ་ཞིག་གིས་ང་ཚོ་ལ་བསམ་བློ་བའམ་ཕུལ་དུ་བྱུང་བའི་མཁས་པ་མང་དག་ཅིག་ཡོད་  པར་བཤད་བཞིན་མགོ་བོ་དགུང་དུ་འདེགས།  ཡིན་ནའང་སྨྱུག་ཐོགས་པའི་བསམ་པར་མི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་དང་དོ་སྣང་མི་མཛད་པའི་བསམ་བློ་བ་  དང་མཁས་ཆེན་ནི་ནམ་མཁའི་སྐར་ཚོགས་བཞིན་གྲངས་མེད་ཡིན་རུང་དེ་དག་ནི་ མིའི་སྤྱི་ཚོགས་འདིའི་བསམ་བློ་བ་ཐ་ཤལ་འབའ་ཞིག་རེད། བསམ་བློ་བ་དེ་ཚོར་ནམ་ཡང་ཏིང་འཛིན་ལས་སད་མི་འདོད་ལ།     སད་ཀྱང་སླར་དཀའ་ངལ་དང་ལས་ཀ་གང་ཞིག་འབྱུང་བར་ཞེད་སྣང་སྐྱེས་ཀྱི་འདུག    སྙིང་རྗེ་དང༌།   རྒྱུ་འབྲས།  འདོད་སྤངས།  རྣམ་སྨིན་སོགས་ཀྱི་ལྟ་བས་འགྲན་རྩོད་མེད་པ་དང༌།     རང་རྒྱལ་འདོད་དང་ཕྱུག་འདོད་ཀྱི་བསམ་བློ་ཉག་ཕྲ་བ། རང་རྟོགས་བྲན་གཡོག་གི་གཤིས་རྒྱུད་ལྡན་པས་འཚོ་གནས་ཀྱི་ཆེད་དུ་འཐབ་རྩོད་མེད་པ།  གསར་གཏོད་ཀྱི་རིག་སྟོབས་བཀག་སྡོམ་བྱས་ཏེ་ནམ་ཡང་ཐོབ་མི་ཐུབ་པའི་གྲོལ་བའི་འཇིག་རྟེན་དུ་སྐུལ་ཕྱིར་འཚོ་ གནས་ཐད་སྔར་བྱུང་མ་མྱོང་བའི་འཇིག་སྣང་ཆེན་པོ་ཞིག་བསྐྱལ་ཡོད།   དེའི་ཁྱད་ཆོས་བསྡུས་ན་བཀག་སྡོམ་གྱི་རང་ཞིན་ཆེ་བ་དང༌།བསླུ་བྲིད་ཀྱི་རང་བཞིན་ལྡན་པ།  སྒྱིད་ལུག་གི་རང་བཞིན་ལྡན་པ།    འདོད་སྤངས་རིང་ལུགས་དང་སྟོང་བསམ་རིང་ལུགས་པ་ཞིག་ཡིན་པ་རེད།  གལ་སྲིད་དེ་ལྟར་མིན་ན།རྟོགས་པ་ལྷ་དང་མཉམ་རུང་སྤྱོད་པ་མི་དང་བསྟུན་དགོས་པའི་ལེགས་བཤད་དེ་མི་འབྱུང་ལ།  ང་རང་འཇིག་རྟེན་དུ་ཡོད། ངས་འཇིག་རྟེན་གྱི་ལས་དོན་བསྒྲུབ་དགོས། ང་རང་འཇིག་རྟེན་གྱི་མི་ཡིན།  ངས་འཇིག་རྟེན་གྱི་འཚོ་སྡོད་ལ་བརྩོན་དགོས་ཞེས་པའི་སྐྱོ་གླུའམ་ཟུར་ཟའི་མདའ་མོ་འཕེན་དགོས་དོན་མེད་དོ།།

མཇུག་གི་གཏམ།

    རྣམ་ཤེས་ཡོད་པར་ཁས་བླངས་པ་ཙམ་གྱིས་རྗེས་ལུས་ཐེབས་པ་མིན་ལ།   རྣམ་ཤེས་མེད་པར་བསྒྲུབ་པ་ཙམ་གྱིས་སྔོན་ཐོན་གྱི་གྲས་སུའང་ཞུགས་མི་སྲིད།  འོན་ཀྱང་བསམ་བློའི་རྟེན་གཞིར་གྱུར་བའི་རྣམ་ཤེས་སྨྲ་བའི་ལུགས་ཀྱི་ཤེས་རིག་གི་དགོངས་ གཞིས་ང་ཚོའི་བསམ་སྤྱོད་ལ་ཤན་ཤུགས་ངེས་ཅན་ཐེབས་དང་ཐེབས་བཞིན་པ་ཁས་མི་ལེན་ཀ་མ་ཕྱི་མཕ་ཡིན་ལ།   འཚོ་གནས་ཀྱི་བསམ་སྦྱོར་ཐད་བཀག་འགོག་གི་གནོད་ཀྱོན་ཡོད་པའང་ཤེས་དགོས།    དེར་བརྟེན་འཕེལ་རྒྱས་སམ་མདུན་ལམ་གྱི་ཆེད་དུ་གནད་དོན་འཚོལ་དགོས་ལ་གནད་དོན་ཡོད་པའི་ཕྱིར་ན་བསམ་གཞིགས་དང་སྤང་བླང་ཡང་བྱེད་དགོས་པ་ཡིན་ནོ།།

                                                                                                            ལྡོང་སྨིན་དྲུག་གི་པོད་ཁུག་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
nkdq བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41503700
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1