༄༅། ། མི་ཡུལ་གྱི་དྲོད་ཁོལ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »༄༅། ། མི་ཡུལ་གྱི་དྲོད་ཁོལ།
༄༅། ། མི་ཡུལ་གྱི་དྲོད་ཁོལ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/9ལྟ་ཀློག (1967)རྩོམ་ཁུངས: པར་འདེབ།

                                          གཡུ་བུ་ཁྲག་སྙུག

     མི་ཡུལ་ནི་དགའ་སྐྱོ་ཆགས་སྡང་དང་སྐྱེ་རྒ་ན་འཆི་ཡི་ཆོས་ཉིད་རྡོག་རྡོག་ཅིག་ཡིན། མི་ཡུལ་ནི་ཁ་ཆར་ཙག་རླུང་དང་འབྱུང་བཞིའི་འཇིགས་པ་ཡི་བསྡུས་གཟུགས་ངོ་མ་ཞིག་ཡིན། མི་ཡུལ་ནི་མིའི་འཚོལ་སྙེག་དང་དྲན་ཤེས་རང་བཞིན་གྱི་ཚོགས་སྤྱི་ཞིག་ཡིན་ཏེ། མི་ལ་གསེར་གྱི་སྐར་ཆེན་འདྲ་བའི་རྣམ་དཔྱོད་མངའ་ཞིང་། མི་ལ་དངུལ་གྱི་ཕྲ་ཚོམ་འདྲ་བའི་བློ་རིག་ལྡན་ཡོད། མི་ལ་དུང་གི་སྒྲ་དབྱངས་ལྟ་བུའི་སྙན་འགྱུར་བདོག་ཅིང་། མི་ལ་ལྕགས་ཀྱི་ཐོ་བ་འདྲ་བའི་སྙིང་སྟོབས་འཛོམས་ཡོད། དེ་དག་ལས་ཀྱང་འཇིག་རྟེན་གྱི་མི་རིན་པོ་ཆེར་བརྩེ་དུང་དང་ཡིད་རྟོན་དང་དགའ་མགུ་དང་སྙིང་རྗེ་དང་བྱམས་སེམས་དང་བཀུར་བསྟི་སོགས་བློ་དམན་ངས་ཐ་སྙད་ཀྱིས་མཚོན་པར་མི་ནུས་པའི་ཡོངས་ཁྱབ་ཀྱི་སེམས་ཤིག་ཡོད་སྟབས། ད་གཟོད་མི་ཡུལ་ནི་དྲོད་ཁོལ་གྱིས་ཡོངས་སུ་ཁེངས་པའི་དག་ཞིང་དེ་ཡིན་ནོ། །

      མི་ནི་༼གོས་སུ་ཤིང་ལོ་གྱོན་ཞིང་།ཟས་སུ་མ་རྨོས་ལོ་ཏོག་བཟའ་བ༽ཞེས་པ་ནས་བཟུང་དུས་རབས་གང་མང་ཞིག་གི་རང་བྱུང་ལ་འཐབ་རྩོད་དང་རྡུང་རྡེག་བྱས་ཀྱང་། ལོ་ཟླའི་མངོན་མེད་ཀྱི་རྩིག་ལྡེབས་ངོས་སུ་གསལ་བོར་བརྐོས་པའི་མིའི་འཚོ་གནས་ཀྱི་བརྒྱུད་རིམ་ཁྲོད་ནས། མི་དང་མིའི་བར་ལ་བརྩེ་དུང་དང་ཡིད་རྟོན་དང་དགའ་མགུ་དང་སྙིང་རྗེ་ཡང་རིམ་གྱིས་ཆགས་མགོ་བརྩམས་པ་རེད། དེ་ལས༼ཕ་མའི་བརྩེ་དུང་དང་ཕོ་མོའི་བརྩེ་དུང་།གྲོགས་པོའི་བརྩེ་དུང་སོགས་གཟུགས་མེད་ཀྱི་བརྩེ་དུང་གང་ཞིག་གིས་མི་ཡུལ་ལ་དྲོད་ཁོལ་སྦྱིན་བཞིན་ཡོད།

      མིའི་འཚོ་གནས་ཀྱི་དུས་རིམ་རེ་རེའི་ནང་དུ། མི་ལ་དོགས་སློང་དང་ངེས་འབྱུང་གི་ཤེས་རབ་རྙེད་ཅིང་། མི་ཡུལ་ལ་གསར་གཏོད་དང་འཕེལ་རྒྱས་ཀྱི་རྐང་ཚུགས་པ་རེད། ད་དུང་། མིའི་ཀླད་པའི་ཕྲ་ཕུང་གི་བུ་ག་རེ་རེ་ཇེ་ཆེར་ཕྱིན་ཏེ། རིག་སྟོབས་དང་ཚོར་ཤེས་རེ་རེ་རྒོད་དུ་ཕྱིན་ནས་འཇིག་རྟེན་གྱི་གསང་བ་གང་མང་ཞིག་ངང་གིས་བརྟོལ་བྱུང་། དེ་ལྟར་མི་མང་བོ་ཞིག་གཞི་གཅིག་ཏུ་འདུས་ཤིང་། མི་རེ་རེར་རང་རང་གི་དམིགས་འབེན་དང་འཚོལ་སྙེག་ཏུ་གྱུར་བའི་ལམ་ཡང་མང་བོ་ཞིག་བྱུང་བ་རེད།

        འཇིག་རྟེན་དུ་སྐྱེ་དངོས་ཀྱི་རིགས་སུ་གྱུར་བའི་སྲོག་ཆགས་གྲངས་མེད་ཅིག་གནས་ཡོད་ལ། མི་ནི་དེ་དག་ལས་མཐོ་རིམ་དུ་བརྒལ་བའི༼སྨྲ་ཤེས་དོན་གོ༽ཡི་སྲོག་ཆགས་ཁོ་ན་ཡིན།མི་ལ་འདོད་ཡོན་ལྔའི་ཚོར་ཤེས་ཁྱད་དུ་འཕགས་ཤིང་། བསམ་བློའི་ཁྱབ་རྒྱ་ཡངས་པའི་སྟབས་ཀྱིས།མི་ནི་སའི་གོ་ལའི་སྲོག་ལྡན་ཀུན་གྱི་རྒྱལ་བོར་གྱུར་ཡོད་པ་ཞིག་ཡིན།དེའི་རྐྱེན་མི་ནི་འཇིག་རྟེན་ལ་དྲོད་ཁོལ་སྦྱིན་མཁན་ཡིན་ཞིང་།འཇིག་རྟེན་འདིའི་བདེ་སྐྱིད་དང་དགོད་སྒྲ་ཐམས་ཅད་ཀྱི་འབྱུང་རྩ་ཡང་མདོར་དྲིལ་ན་མི་ཡི་ལག་ཏུ་གནས་པ་ཤ་སྟག་ཅིག་ཡིན་ནོ། །

     འཇིག་རྟེན་གྱི་མར་གྱུར་སེམས་ཅན་མཐའ་དག་ལ་ཕན་ཚུན་བར་ཞེ་སྡང་དང་ཤ་འཁོན་མི་འཛིན་པར་གནས་པ་ནི་འུ་ཅག་གི་འཚེ་མེད་ནང་བའི་ལྟ་བ་དང་མཐུན་ལ། འཇིག་རྟེན་འགྲོ་བ་མིའི་ཡོངས་ཁྱབ་ཀྱི་ཕུགས་བསམ་དང་གཅིག་མཚུངས་ཀྱི་རེ་འདུན་ཉག་གཅིག་ཡིན་སྟབས།ཨ་ལག་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་གསུངས་པའི་འཇིག་རྟེན་ལ་ཆ་མཚོན་ན་བདེ་སྐྱིད་མེད་པར་བཟོ་མཁན་ནི་སྒེར་སེམས་ཡིན་ཞེས་པ་བཞིན་དུ་སྒེར་སེམས་དང་འཚེ་བ། མི་དགེ་བའི་ལས་སོགས་རིང་དུ་དོར་ནས་དྲོད་ཁོལ་གྱིས་ཕྱུག་པའི་མི་ཡུལ་ཞིག་ལ་བརྩོན་ལེན་དང་རེ་སྙེག་བྱེད་དགོས།

      མི་ཡུལ་ནི་འགྲན་རྩོད་ཀྱི་རྦ་རླབས་ཆད་མེད་དུ་གཡོ་བའི་སྔོ་ཡུག་ཡུག་གི་རྒྱ་མཚོ་ཞིག་དང་འདྲ། མི་ཡུལ་ནི་དཔྱོད་ཤེས་ཀྱི་སྤྲིན་པ་བར་མེད་དུ་འཁྲིགས་པའི་མཐའ་ཀླས་པའི་ནམ་མཁའ་ཞིག་དང་འདྲ། མི་ཡུལ་ནི་དབྱིན་ཇིའི་སྙན་ངག་པ་སེ་ཨེར་གྱིས་བཤད་པ་ལྟར་དུ༼མིག་ཡོད་ཀྱང་བལྟ་མི་ཐུབ་པ་ཞིག  རྣ་ཡོད་ཀྱང་གོ་མི་ནུས་པ་ཞིག༽ཡིན།

       མིར་སྤྱི་མཐུན་དུ་གྲུབ་པའི༼མི་ཡུལ༽ཞེས་པ་འདི་དང་། གཞར་ཡང་རྣམ་པར་བཀྲ་བའི་ས་མཐོ་ཆུ་གཙང་གི་སའི་གོ་ལའི་རང་བྱུང་གི་མཛེས་སྡུག་མཐའ་དག་འགྲོ་བ་མིའི་མ་ཡུལ་ཡིན་ལ།འཆམ་མཐུན་དང་ཞི་བདེ་ཡི་འཕྲིན་ལས་ཕྱོགས་བཅུར་རྒྱས་ཏེ་སྐྱེ་དགུ་ལ་བདེ་སྐྱིད་ཡོང་བ་ནི་མིའི་ཆེས་མ་མཐའི་ཕུགས་བསམ་ཡིན་ནོ། །

      དེ་བས་མི་ཡུལ་ནི་གཞི་ནས་དྲོད་ཁོལ་ལྡན་པ་ཞིག་ཡིན་ལ། མིའི་ནང་སེམས་སུ་བསྒྲོན་པའི་བརྩེ་བའི་མེ་དཔུང་ནི་དུས་དང་རྣམ་པ་ཀུན་དུ་གསོད་ཐབས་བྲལ་ཏོ། །

                                                ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96xc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/9/17
གུས་པོའི་བྲིས་རྩོམ་འདི་གར་བཀོད་པ་སྙིང་ནས་དགའ་ཡོད། ཁྲག་སྙུག་གིས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41981864
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1