ཉི་ཟླའི་ཕུགས་བསམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 5 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ཁཱ་ཤེས་རབ་རྒྱ་མཚོ། »ཉི་ཟླའི་ཕུགས་བསམ།
ཉི་ཟླའི་ཕུགས་བསམ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/17ལྟ་ཀློག (1860)རྩོམ་ཁུངས: པར་འདེབ།

                                  བགེགས་འཇོམ་རྡོ་རྗེ།

སྟག་མའི་མེ་ཏོག་གད་པའི་མཚར་སྡུག་གི་སྦུབས་སུ།།

ཟེའུ་འབྲུའི་སྐྲ་ལོ་ཤད་པའི་སོ་མང་ཙམ་ཡོང་ན།།

རྫས་དུད་དྲེག་པ་ཆེན་པོས་འབག་འབོག་ཏུ་བཏང་ཡང་།།

འགྱོད་མེད་དགའ་བ་རྒྱ་མཚོའི་གཞི་དབྱིངས་སུ་སིམ་ཆོག།

སྔོ་རྩི་གོས་སུ་གྱོན་པའི་རྩྭ་ལྗང་གི་ཚོགས་ལ།།

རེ་སྙེག་རྨི་ལམ་དཀར་པོའི་སྣེ་ཤན་ཙམ་ཡོང་ན།།

འཆར་ནུབ་རེས་སུ་འཁོར་བའི་ལན་ཆགས་འདི་ལྕི་ཡང་།།

འགྱོད་མེད་དགའ་བ་རྒྱ་མཚོའི་གཞི་དབྱིངས་སུ་སིམ་ཆོག།

བསམ་མེད་ཞོ་འཐུང་བྱིས་པའི་རྨི་ལམ་གྱི་ངོགས་སུ།།

ཁྲོན་པའི་ཟླ་བ་དཀར་པོའི་མཚར་སྣང་ཙམ་ཡོང་ན།།

རྨོངས་པ་སྨག་གིས་བསྡམས་པའི་སྐྱོ་གར་དུ་འཕྱན་ཡང་།།

འགྱོད་མེད་དགའ་བ་རྒྱ་མཚོའི་གཞི་དབྱིངས་སུ་སིམ་ཆོག།

ཤེས་རྨོངས་གཉིད་ཀྱིས་ཟོས་པའི་གྲོག་རོང་གི་ཁུགས་སུ།།

ཁུ་སིམ་ཁད་ཀྱིས་དཀྲོགས་པའི་འབོད་བརྡ་ཙམ་ཡོང་ན།།

ཚོགས་དྲུག་ལུས་ཀྱི་འདབ་ལོ་དམ་དུམ་དུ་ཆད་ཀྱང་།།

འགྱོད་མེད་དགའ་བ་རྒྱ་མཚོའི་གཞི་དབྱིངས་སུ་སིམ་ཆོག།

འདབ་ལོ་ཕྱོགས་སུ་དྲུད་པའི་རྫིང་འདབ་ཀྱི་ཚལ་དུ།།

བྱེ་ལེབ་གར་གྱིས་ཞུགས་པའི་སྡིངས་ཆ་ཙམ་ཡོང་ན།།

དགྲ་གཅན་མཆེ་བ་གུག་པོས་ཧྲག་ཧྲུག་ཏུ་བཏང་ཡང་།།

འགྱོད་མེད་དགའ་བ་རྒྱ་མཚོའི་གཞི་དབྱིངས་སུ་སིམ་ཆོག།

ཉམས་དགའི་ཉི་འོད་འཚེར་བའི་གཡའ་དག་གི་མཁའ་ལ།།

གཉིས་སྐྱེས་དགོང་ལ་འཛེག་པའི་རྐང་སྟེགས་ཙམ་ཡོང་ན།།

ཞེར་འདེབས་མཆིལ་ཞགས་ནར་མོ་་འུག་པ་ཡིས་བཏབ་ཡང་།།

འགྱོད་མེད་དགའ་བ་རྒྱ་མཚོའི་གཞི་དབྱིངས་སུ་སིམ་ཆོག།

མུ་སུས་མེད་མུག་འདོན་པའི་ལག་མཐིལ་ཀྱི་ཁུགས་སུ།།

གྲོད་པ་དྲོད་ཀྱིས་བསིལ་བའི་རྒྱགས་ཕྱེ་ཙམ་ཡོང་ན།།

ང་ནི༼  ཟྭ་ཚེར་འགམས་པ༽  འི་མུ་ཏོ་རུ་གྱུར་ཡང་།།

འགྱོད་མེད་དགའ་བ་རྒྱ་གཚོའི་གཞི་དབྱིངས་སུ་སིམ་ཆོག།

དཔྱོད་ཤེས་རུ་རྒྱུད་གུག་པོའི་ལྷུམས་ཁུགས་སུ་ཞུགས་ཏེ།།

མུན་རྫོངས་ཤུགས་ཀྱིས་གཏོར་བའི་མདེའུ་ཆུང་ཙམ་ཡོང་ན།།

རྣོ་ལྕགས་གྲམ་རྡོ་ལྟ་བུའི་རྒོལ་བ་ཞིག་བྱུང་ཡང་།།

མི་འཇིགས་སྤོབས་པ་སྟོང་གི་གཞི་དབྱིངས་སུ་སིམ་ཆོག།


 

               མེས་པོ་ཞིག་རྗེས་སུ་དྲན་པ།

ལུས་ཆུང་གོམ་པའི་རྡོག་སྣེ་ཕྲ་མོ་སྲིད་པའི་མཚོ་ཡི་རྒྱབ་ལ་གཏོར།།

ངོ་མཚར་གཏམ་གྱི་བསིལ་རླུང་འཇམ་པོས་གོ་རྟོགས་གང་བུའི་འདབ་མ་གད།།

སྙིང་ལས་སྲུབས་པའི་རཡས་པ་དཀར་པོ་ང་ཡི་ལུང་པའི་མཁའ་རུ་བསྐྱིལ།།

རུས་པའི་གཏིང་དུ་རྐང་ཞགས་འཁྱིལ་བའི་ལུང་ཤར་མི་བོ་དྲན་གྱིན་འདུག།


ཤེས་རྨོངས་དགུ་སྟུག་སྨག་གིས་བསྡམས་པའི་གྲོག་རུང་ཁུགས་པ་དགུ་བརྩེགས་སུ།།

མིའུ་ཆུང་བློ་ཡིས་ཚད་མར་བསྒྲིགས་པའི་གཟུ་ལུམ་འོད་ཀྱི་ན་བུན་ཅིག།

གནའ་བོའི་དབུ་རྨོག་དགུང་ལས་འཐོར་བའི་མྱི་རིགས་ཤིག་གི་ནམ་མཁའ་ལ།།

བུན་གྱིས་འཁྲིལ་ཞིང་ཤུགས་ཀྱིས་འཕྱོ་བ་རྗེས་འགྱོད་མཆི་མ་བདག་གིས་འདོན།།


རུ་ཤིང་མཉེན་པའི་རྒྱུད་ལ་སྦྱར་བའི་ལྷག་བསམ་སྒྲོ་ཡི་ལན་བུ་ཅན།།

དབང་སྔོན་ཉི་མའི་ཁམས་ལས་བཞུད་པའི་དགེ་ལེགས་སྤྲིན་གྱི་མེ་ཏོག་ཅན།།

ལོ་ཆུང་ཡལ་གས་ལྕིད་ཀྱིས་མ་ཐེག་ས་ལ་དྲུད་པའི་རྣམ་འགྱུར་ལ།།

དུས་ཀྱི་འཁང་ཚིག་རླབས་ཀྱིས་འཕྱོ་བ་མེས་པོ་དག་གི་སུག་རྗེས་རེད།།


ནུབ་གླིང་རྒྱ་མཚོའི་མཁའ་ལས་སྤྲུམ་པའི་ཁྱེའུ་ཆུང་ངང་དཀར་ཟླ་བའི་འཛུམ།།

ལྷག་བསམ་ཁྱོགས་ཀྱི་རྒྱ་ལ་བཏབ་པའི་རྩེ་དགའ་གསར་བའི་ལང་ཚོ་འབུམ།།

ཀུན་རྨོངས་བློ་ཡིས་ཆེམ་ཆེམ་ཟོས་པའི་རྒུད་པ་ཁྲག་གིས་གཤེར་བའི་གདོང་།།

དུས་ཀྱི་མར་ལོ་དཀྲིགས་པའི་ཁ་རུ་ངུད་མོས་དབྱངས་ཀྱིས་རྗེན་བུར་ཐོན།།


ཡར་ཀླུ་གཙང་པོའི་མཛེས་སྡུག་ཁུར་ཏེ་ས་མཐོའི་སིལ་བ་རྡོག་གིས་གཏོར།།

ཆེན་པོའི་བཀའ་ཡི་རྡོག་ཁྲེས་བཏེགས་ཏེ་ཤར་ནུབ་སྤྲིན་གྱི་རྒྱ་མཚོ་བརྒལ།།

ཨུ་ཚུགས་རྭ་ཡི་དབལ་ཁ་བརྡར་ཏེ་བདག་གི་ལུང་གོག་སྙིང་ལ་བསྲེལ།།

གདོང་པ་སྨུག་པོའི་སྟག་ཤར་ཞིག་སྟེ་ལྷ་ཀླུའི་ཡབ་ཆེན་རྗེས་སུ་དྲན།།


སྙིང་ལས་སྐྱེས་པའི་ལོ་མ་དཀར་པོ་ས་ཆེན་སྒལ་བའི་གཞོངས་སུ་བཏབ།།

ལྷང་འཇགས་སྨག་གི་གཏོང་ལ་གཏད་དེ་རྟོགས་སད་བྲག་ཅའི་གླུ་སྐད་བསྐྱིལ།།

ཨ་ཐང་ཆད་པའི་ཆིག་ལབ་རིང་མོས་སྐར་ཚོམ་གདོང་ལ་ཟིལ་བས་གཤེར།།

མུན་པའི་སྔས་ཀྱི་རང་རྣམ་དེ་ལ་ཁོ་བོ་འགྱོད་ཅིང་མཆི་མ་སྐྱོམ།།


ཕ་བཟང་རྒྱུད་ལ་བུ་ཞིག་འཁྲུངས་ལ་བུ་བཟང་རུས་པ་གསེར་གྱིས་ཤན།།

མ་བཟང་རུམ་ནས་བུ་ཞིག་སྐྱེས་ལ་བུ་བཟང་སྙིང་རྩ་འོ་མས་གཤེར།།

དམར་པོའི་སྙིང་ལ་དྲོད་ཅིག་ཡོད་ལ་སྒམ་པོའི་ཐུགས་ལ་གཏིང་ཞིག་བདོག།

ལྷ་ཀླུ་ཞབས་པད་རིང་ནས་མ་བརྗེད་སྙིང་ན་ཚིལ་གྱི་གོང་བོར་ཆགས།།


འཆར་ཡན་བློ་ཡིས་ཐད་དུ་བསྐྱོགས་བའི་ལོ་རྒྱུས་སྨིན་མས་ང་མ་བྲིད།།

འུད་ཆེན་གོས་ཀྱི་ཡོལ་བ་བྱི་བའི་སྒྲེན་པོའི་ལུས་ཀྱིས་ང་མ་བཀུག།།

བསྟོད་དབྱངས་ཚིག་གི་དར་ཐག་དཀར་པོས་ང་ཡི་གཉའ་བ་བཀྱིགས་མ་མྱོང་།།

མེས་པོ་ཁྱོད་ཀྱི་རྐང་སེན་མཉེན་མོས་ང་ཡི་འདབ་མ་གས་པར་བྱས།།


སུག་རྗེས་ནོར་གྱི་རྒྱུ་ཤན་ཙམ་ལ་ཁྭ་ཏས་ཨག་སྐད་འབྱིན་པ་མིན།།

བརླིང་བའི་ཚིག་གི་འདུམ་སྦྱོར་གྱིས་མཆི་མ་དཀྲིགས་པའི་དད་པ་མིན།།

བོངས་ཚད་རགས་པའི་ཡིག་ཚོགས་ཙམ་གྱིས་ནང་གི་གློ་བ་དྲོས་པ་མིན།།

ལོ་རྒྱུས་དཀར་པོའི་གདགས་སྲིབ་བར་ནས་ང་ཡི་བདེན་པ་ཁྱོད་ཀྱིས་ཁུར།།


       དབྱར་གནང་སྐབས་ཀྱི་མགྱོགས་བྲིས་ཤིག

 

གཙང་ཆུ་རླབས་ཀྱིས་འགྱུ་བའི་གཞོགས་གཅིག་ན།།

བརླིང་བའི་རི་ཚོགས་འགྱིང་བའི་ལྟེམ་ཁུགས་ན།།

སྙན་པའི་རྔ་ཡབ་སྐྱེ་རྒུའི་ངལ་སེལ་བ།།

ཆོས་འཁོར་གླིང་གི་རྣམ་པ་ཡིད་དུ་འཇེབས།།

 

དེ་རུ་གནའ་དེང་བློ་གྲོས་བྱེ་བའི་བཅུད།།

བཅུད་དུ་སྨིན་པ་གཙུག་ལག་མན་ཤེལ་མཁར།།

མཁར་གྱིས་གནམ་སའི་སྒལ་ཚིགས་དབྱེ་བའི་ཟོལ།།

ཟོལ་བཞིན་སྐྱེ་བོའི་མིག་ལ་ལྷམ་མེར་གསལ།།

 

སྲིད་པའི་ཕུན་ཚོགས་རྩྭ་རྩེའི་ཟིལ་བ་བཞིན།།

འཁོར་བའི་སྙིང་པོ་བྱིས་པའི་རྩེད་ར་ལྟར།།

ཐར་བའི་ལམ་ལ་ཐོས་པའི་དོན་གཉེར་བ།།

དམར་སེར་གོས་ཅན་ཉི་མའི་རྡུལ་ལ་འཕྱ།།

 

རྔམ་བརྗིད་གཙུག་ལག་ཁང་གི་ཕར་ངོས་སུ།།

དུང་གི་ལྷུན་པོ་གནམ་ལས་འཕོས་བཞིན་གྱི།།

ཞི་བདེའི་མཆོད་རྟེན་གནམ་གྱི་ཀ་བ་ཆེ།།

གོ་ལའི་རྡོ་རིང་འདི་རུ་བསླངས་པ་བཞིན།།

 

འཇིག་རྟེན་བྱེད་པོའི་བློ་ཡིས་ལེགས་བཀོད་པ།།

བིཤོཀརྨའི་རྩལ་ལས་ཉེར་ལྷགས་པའི་།།

ངོ་མཚར་སྟོང་གི་རྩེད་འཇོ་བགྱི་བ་ཡི།།

མཐའ་ཀླས་དགེ་མཚན་མིག་གི་སྨན་དུ་ཆེ།།


གཞན་ཕན་ཉི་ཟླའི་སྣང་བ་མ་འགག་པའི་།།

མུན་ནག་སྐྱེ་བོའི་སྤྱི་རུ་སིམ་པ་མོ།།

ཐུབ་བསྟན་རྒྱལ་མཚན་དཔུང་བ་འདེགས་མཁས་པའི་།།

རྨད་བྱུང་རྒྱལ་བའི་གདུང་ཚབ་གང་དེ་རྒྱལ།།


ཕྱོགས་བཞི་བརླིང་བའི་རི་ཚོགས་ཀྱིས་བསྐོར་ཞིང་།།

ཁོར་ར་ཁོར་ཡུག་ནགས་ཚལ་གྱི་སྤུད་པའི་།།

ཉམས་དགའི་གནས་འདི་མཐོང་བ་ཙམ་གྱིས་ཀྱང་།།

རེ་བའི་སྤུ་ལོང་གཅིག་མིན་ལན་མང་གཡོ།།


རླུང་བུའི་ཤེད་མོང་རྩལ་ལ་དཔའ་ཞུམ་སྟེ།།

ཁང་བའི་རྒྱ་ཕིབས་དག་དང་གཡེར་ཁ་ཡི།།

དྲིལ་ཆུང་རྣམས་ནི་འཇིགས་པའི་རྣམ་འགྱུར་གྱིས།།

ཅ་ཅོའི་སྨྲེ་ངག་འདོན་ལ་ཅི་ཡང་བྲེལ།།


ཡུལ་འདིའི་སྐྱེ་བོའི་ལྷག་བསམ་མ་ཞན་པས།།

ལྟོ་ཡི་ཆེད་དུ་ཕྱོགས་སུ་རྒྱུ་བ་ཡི།།

ཁྱི་ལྡོམ་དག་དང་བ་གླང་ལ་སོགས་པ།།

འདི་ཀའི་ལྷག་མ་ཟ་ལ་བག་རེ་ཡངས།།


སྡོང་བོའི་ལོ་མ་རླུང་གིས་དེད་པ་ཡི།།

བདེ་མོའི་ལམ་དང་གདང་བུའི་སྐྱིབས་སོགས་སུ།།

ཅི་ཡང་མི་སྨྲ་བཟོད་པའི་ཏིང་འཛིན་སྒོམ།།

རྡོག་པས་བརྫིས་མུར་འཁུན་བུ་བསྟུན་མར་འདོན།།


ཞོགས་པའི་སྐྱ་རེངས་ད་དུང་མ་ཤར་ཡང་།།

ཞོགས་པའི་མཁར་རྔའི་འབོད་པ་དང་འགྲོགས་ཏེ།།

ཞོགས་པའི་དུད་ཞགས་ང་གཉིས་མི་སྡོད་པར།།

ཞོགས་པ་ཞིག་ལ་དེ་དང་གྱེས་ཕྱག་བཏབ།།


 

ཉི་ཟླའི་ཕུགས་བསམ།

སྟག་མའི་མེ་ཏོག་གད་པའི་མཚར་སྡུག་གི་སྦུབས་སུ།།

ཟེའུ་འབྲུའི་སྐྲ་ལོ་ཤད་པའི་སོ་མང་ཙམ་ཡོང་ན།།

རྫས་དུད་དྲེག་པ་ཆེན་པོས་འབག་འབོག་ཏུ་བཏང་ཡང་།།

འགྱོད་མེད་དགའ་བ་རྒྱ་མཚོའི་གཞི་དབྱིངས་སུ་སིམ་ཆོག།

 

སྔོ་རྩི་གོས་སུ་གྱོན་པའི་རྩྭ་ལྗང་གི་ཚོགས་ལ།།

རེ་སྙེག་རྨི་ལམ་དཀར་པོའི་སྣེ་ཤན་ཙམ་ཡོང་ན།།

འཆར་ནུབ་རེས་སུ་འཁོར་བའི་ལན་ཆགས་འདི་ལྕི་ཡང་།།

འགྱོད་མེད་དགའ་བ་རྒྱ་མཚོའི་གཞི་དབྱིངས་སུ་སིམ་ཆོག།

 

བསམ་མེད་ཞོ་འཐུང་བྱིས་པའི་རྨི་ལམ་གྱི་ངོགས་སུ།།

ཁྲོན་པའི་ཟླ་བ་དཀར་པོའི་མཚར་སྣང་ཙམ་ཡོང་ན།།

རྨོངས་པ་སྨག་གིས་བསྡམས་པའི་སྐྱོ་གར་དུ་འཕྱན་ཡང་།།

འགྱོད་མེད་དགའ་བ་རྒྱ་མཚོའི་གཞི་དབྱིངས་སུ་སིམ་ཆོག།

 

ཤེས་རྨོངས་གཉིད་ཀྱིས་ཟོས་པའི་གྲོག་རོང་གི་ཁུགས་སུ།།

ཁུ་སིམ་ཁད་ཀྱིས་དཀྲོགས་པའི་འབོད་བརྡ་ཙམ་ཡོང་ན།།

ཚོགས་དྲུག་ལུས་ཀྱི་འདབ་ལོ་དམ་དུམ་དུ་ཆད་ཀྱང་།།

འགྱོད་མེད་དགའ་བ་རྒྱ་མཚོའི་གཞི་དབྱིངས་སུ་སིམ་ཆོག།

འདབ་ལོ་ཕྱོགས་སུ་དྲུད་པའི་རྫིང་འདབ་ཀྱི་ཚལ་དུ།།

བྱེ་ལེབ་གར་གྱིས་ཞུགས་པའི་སྡིངས་ཆ་ཙམ་ཡོང་ན།།

དགྲ་གཅན་མཆེ་བ་གུག་པོས་ཧྲག་ཧྲུག་ཏུ་བཏང་ཡང་།།

འགྱོད་མེད་དགའ་བ་རྒྱ་མཚོའི་གཞི་དབྱིངས་སུ་སིམ་ཆོག།

 

ཉམས་དགའི་ཉི་འོད་འཚེར་བའི་གཡའ་དག་གི་མཁའ་ལ།།

གཉིས་སྐྱེས་དགོང་ལ་འཛེག་པའི་རྐང་སྟེགས་ཙམ་ཡོང་ན།།

ཞེར་འདེབས་མཆིལ་ཞགས་ནར་མོ་་འུག་པ་ཡིས་བཏབ་ཡང་།།

འགྱོད་མེད་དགའ་བ་རྒྱ་མཚོའི་གཞི་དབྱིངས་སུ་སིམ་ཆོག།

མུ་སུས་མེད་མུག་འདོན་པའི་ལག་མཐིལ་གྱི་ཁུགས་སུ།།

གྲོད་པ་དྲོད་ཀྱིས་བསིལ་བའི་རྒྱགས་ཕྱེ་ཙམ་ཡོང་ན།།

ང་ནི༼  ཟྭ་ཚེར་འགམས་པ༽  འི་མུ་ཏོ་རུ་གྱུར་ཡང་།།

འགྱོད་མེད་དགའ་བ་རྒྱ་གཚོའི་གཞི་དབྱིངས་སུ་སིམ་ཆོག།

 

དཔྱོད་ཤེས་རུ་རྒྱུད་གུག་པོའི་ལྷུམས་ཁུགས་སུ་ཞུགས་ཏེ།།

མུན་རྫོངས་ཤུགས་ཀྱིས་གཏོར་བའི་མདེའུ་ཆུང་ཙམ་ཡོང་ན།།

རྣོ་ལྕགས་གྲམ་རྡོ་ལྟ་བུའི་རྒོལ་བ་ཞིག་བྱུང་ཡང་།།

མི་འཇིགས་སྤོབས་པ་སྟོང་གི་གཞི་དབྱིངས་སུ་སིམ་ཆོག།



རྟོག་པ་རབ་རིབ་བརྒྱ་བོ་མུན་པ་ཨེ་ཡིན།

མུ་མེད་བས་མཐའ་ལྡེམ་པ་ནགས་མའི་ཀློང་ན།།

ཏིང་འཛིན་བསིལ་རླུང་འཇམ་པོའི་གཟན་ལ་རོལ་བཞིན།།

སྲིད་པ་ཁ་སྒང་འདི་ནས་གསལ་ལེར་འཕགས་པ།།

མཁའ་སྤྱོད་འོད་ཀྱི་རྨུ་ཐིགས་རྐང་སྟེགས་ཨེ་ཡིན།།

 

ས་བཅུའི་ལམ་ཡིག་འཚོང་བ་དབེན་པའི་ཁྲོམ་ན།།

འདུ་ཚོགས་གཟན་ལ་འཁོར་བ་བྱ་ཁྱུ་ནག་པོ།།

མནོག་ཆུང་འཁོར་བར་ཁྲེལ་བའི་མནོ་བསམ་སྣེ་ནས།།

ངེས་འབྱུང་གདང་སྟེགས་རྙེད་པའི་འཛུམ་རིས་ཨེ་ཡིན།།

 

འཚུལ་ཆོས་སྲན་བས་བཏེགས་པའི་གོས་ཆེན་ཁུགས་སུ།།

གཞན་རྒྱུས་འོལ་ཚོད་སྲྲྨྲ་བའི་རྟོག་པ་རང་གྲོལ།།

ལོངས་བས་ལོངས་པ་འཁྲིད་པ་མུན་པའི་ལོ་ཟླ།།

རྒྱལ་བསྟན་ཉིན་མོར་བྱེད་པའི་སྐལ་བཟང་ཨེ་ཡིན།།

 

དད་ལྡན་རྒྱ་མཚོ་དཀྲུགས་པའི་རྦ་རླབས་རྩེ་རུ།།

མཚོ་བྱ་ཁྲུང་ཁྲུང་དཀར་མོའི་དབང་ལུང་བསྐུལ་བའི།།

རིག་འཛིན་གཅེས་མ་རུམ་པའི་གཡུ་རྣ་ཅན་པོ།།

རྫོགས་སངས་འདི་ནས་རྒྱས་པའི་སྐུ་རྒོད་ཨེ་ཡིན།།

 

བསིལ་ལྡན་ཁ་བའི་ལྗོངས་ནས་ཁྱི་བཞིན་ཉུལ་ཏེ།།

སྨད་རྒྱུད་འཕྱོན་མའི་འདོམས་སུ་ཕག་བཞིན་མདུར་སོང་།།

གཡོ་དང་རྫུན་གྱིས་བསྒྲིགས་པའི་རྣམ་དཀར་འོད་ཚོགས།།

གདུལ་བྱའི་དཔལ་དུ་བརྐྱངས་བའི་ཐར་ལམ་ཨེ་ཡིན།།

 

ཧམ་སེམས་རྣོ་ལྕགས་ལེབ་མོས་ལྷམ་པ་སྦྱར་བའི་།།

མྱི་མངོན་ཁུགས་པ་མང་བའི་དགོངས་པ་ཆེན་པོས།།

སངས་རྒྱས་ཞབས་སུ་བཅིངས་པའི་འཕྲིན་ལས་དཀར་པོ།།

སྙིགས་མའི་འགྲོ་ལ་བསླབ་པའི་གདམས་ངག་ཨེ་ཡིན།།

 

མོ་མཚན་རྙིད་པོ་ཞིག་གི་རྟེན་སྐལ་འཇལ་ན།།

གྲངས་མེད་གཤིན་པོའི་དཀོར་རྫས་ཡོན་དུ་བསིལ་བ།།

གངྒྰའི་འདམ་དུ་འཁྲུངས་པའི་ཨུཏྤལ་དཀར་པོའི་།།

མ་བཅོས་བསུང་བ་འཐུལ་བའི་རང་གཤིས་ཨེ་ཡིན།།

 

འདོད་ཡོན་སྦྲང་ཆར་འཇོ་བའི་སྲིད་ཁམས་ཕང་ན།།

ངེས་འབྱུང་དཀར་ངོགས་རྙེད་པའི་རྫོགས་པ་ཆེན་པོ།།

གདུང་སྲས་རྒྱལ་བའི་སྨྱུ་གུ་རྡུལ་བཞིན་གཏོར་བ།།

འཁོར་བའི་རྒྱུན་ཐག་གཅོད་པའི་རྣོ་གྲི་ཨེ་ཡིན།།

 

སྙིང་སྡུག་མཚན་གྱི་ཐོར་ཅོག་གཙུག་ལ་སྦྱར་ཏེ།།

མུག་པོའི་རྐང་ལས་བཙག་པའི་བམ་ཤ་རྡོག་རྡོག།

ལྕགས་ཀྱི་ཤན་བུ་སྦྱར་བ་མཆུ་ཏོས་གཙབ་པ།།

དབུ་མའི་ལྟ་དགོངས་རྫོགས་པའི་འབྲས་རྟགས་ཨེ་ཡིན།།

 

མཁའ་ཁྱབ་སྐྱེ་རྒུའི་རྒུད་ཚོགས་རྡུལ་དུ་འཐག་པའི་།།

ཕན་བདེའི་སྐྱ་རེངས་འགུག་པའི་ཆོད་སེམས་སྣེ་ན།།

ས་རྡུལ་འབག་གི་ཡོན་དུ་གཅེས་སྲོག་བརྩེགས་པ།།

མ་དག་འགྲོ་ལ་བསྲིངས་བའི་སྲི་ཞུ་ཨེ་ཡིན།།

 

སེམས་པ་གླང་བུའི་རྒྱུན་བུ་ཕྱི་ནས་དོར་ཏེ།།

སྣང་བའི་ཕང་ལ་བསྐྱིལ་བའི་ས་རྡོའི་ཕུང་པོ།།

ཐར་བའི་སྒེའུ་ཁུང་ནག་པོའི་ལམ་དུ་གོ་བ།།

ཐུབ་པའི་ངག་ལས་འཐོར་བའི་ཉེས་པ་ཨེ་ཡིན།།

 

ཁ་འདོན་ཟློས་ཀློག་མཁྱེན་པའི་རྣམ་དཔྱོད་ཡངས་པོས།།

རུང་འབྲོག་གདུལ་བྱའི་ཞིང་ལ་ཞབས་ཀྱིས་བཅགས་པའི་།།

རྔ་རྡུང་སེ་ཆ་དཀྲོལ་བའི་ལེགས་མཛད་རི་མོ།།

ཐར་བ་ཉིན་མོ་བྱེད་པའི་རབ་གསལ་ཨེ་ཡིན།།

 

བསྐལ་བ་སྙིགས་མའི་ཕང་གི་འོ་དོད་ཀློང་ན།།

མ་དག་འགྲོ་ཚོགས་འདྲེན་ལ་སྒྱུ་ལུས་བྲེལ་བའི།།

གཅིན་པའི་བདུད་རྩི་འཛིན་པ་འགྲོ་བའི་གར་བསྒྱུར།།

ཤྰཀྱའི་དགོངས་པ་འཕོས་པའི་མཚན་རྟགས་ཨེ་ཡིན།།

 

བཤུ་གཞོག་མུན་པ་ཆེན་པོའི་སྒྱུ་ལུས་སྒྲེན་པོར།།

རྫུ་བག་པགས་སྐྱི་ལེབ་མོས་འཇོ་སྒེག་དཀྲི་བཞིན།།

བྱམས་པའི་ཤ་ཚིགས་མཉེན་མོས་བྱིལ་བྱིལ་གཏོང་བ།།

འགྲོ་དག་དབུགས་དབྱུང་སྩོལ་བའི་ལེགས་མཛད་ཨེ་ཡིན།།

 

རང་དོན་རྒྱུན་བུའི་གདང་སྟེགས་རིང་ནས་ཆད་ཅིང་།།

གཞན་དོན་གཅོང་རུང་འཕྲེང་ལ་གསེར་ཟམ་འཕེན་པའི་།།

སྙིགས་མའི་རྡུལ་ཟེགས་འཕྱོ་བའི་སྨག་ཆེན་འདི་ལ།།

མཛེས་སྡུག་ཉ་རིས་རྫོགས་པའི་ཆུ་ཤེལ་ཨེ་ཡིན།།



ནེ་ལེས་སྤྲིངས་པའི་མཆིད །


ཉ་ཕྱིའི་མུ་ཏིག་སྤུངས་འདྲའི་བརྟན་བརླིང་གི་གངས་རི།།

རླབས་རིས་མེ་ཏོག་འཛུམ་པ་བརྒྱད་ལྡན་གྱི་གཙང་པོ།།

རྩི་ལྗོན་སྨན་གྱི་སྙིང་བོས་བྱུར་བུ་རུ་གཏམས་པའི་།།

བསིལ་ལྗོངས་ཀུན་སྨོན་གླིང་ཀ་མི་ཡུལ་གྱི་དག་ཞིང་།།


ཉམས་དགའི་སྣང་བ་འབུམ་བཀྱེ་གཞོང་གཤོང་གི་མལ་ན།།

ཏིང་འཛིན་སེམས་ཀྱི་དམིགས་པ་རྩེ་གཅིག་ཏུ་གཞོལ་བའི།།

རི་ཁྲོད་ལས་ཀྱི་རྒན་པོ་ནེ་ལེ་ངའི་སྙིང་གཏམ །།

ཁྱེད་ལ་གསང་སྦས་མེད་པར་གསོང་བོ་རུ་འཆད་དོ།།

 

བག་ཆགས་སྨུག་སྤྲིན་འཐིབ་པ་ནགས་ཀླུང་གི་སྦུབས་སུ།།

འཐོམས་སྦྲིད་ཆུ་རྡུལ་ཟིལ་བས་གདོང་ཐུག་འདི་རྒོད་པས།།

དཔྱོད་ཤེས་མིག་དཀྱུས་རིང་པོར་གཟབ་ནན་ཤིག་མེད་ན།།

སྒོམ་ཆེན་ང་འདྲའི་བདེ་རླག་ལམ་སྣེ་ཤིག་མྱི་ཟིན།།


ཨུ་ཚུགས་སྒ་བ་རེངས་པོའི་གོམ་སྟབས་འདི་ཁུར་ཏེ།།

མནོག་ཆུང་བདེ་བ་ཕྲ་མོར་ཤ་ཐང་གིས་འབད་ཀྱང་།

འཐོབ་མེད་འཁང་ཚིག་འཁྱག་པོའི་འབོག་ཁྲེས་འདི་བསམ་ན །།

ཉམས་དགའི་འཚོ་བ་འདི་ལ་གཏིང་བློ་ཤིག་ཆད་འགྲོ།།


གནམ་འཕངས་ཡུད་ཀྱིས་གཤེགས་པའི་གཤོག་རྩལ་ནི་བྲལ་ཞིང་།།

སྙན་འཇེབས་དབྱངས་སུ་འགུག་པའི་མཐུ་སྟོབས་ཀྱིས་གཉོམ་པ།།

རིགས་མཐུན་གྲལ་ན་རིག་ཤེས་ནོར་བུ་ཡིས་ཕུང་པས།།

ལེ་བདའི་ཁག་ལན་འདི་སུ་ལ་དཀྲི་དགོས་འདི་མི་ཤེས།།


རྙེད་ཀྱང་དགའ་རིན་མེད་ཀི་ཕྱི་མ་ཡི་གཏིང་རྡོ།།

ཤོར་ཡང་འགྱོད་པ་མེད་ཀི་ཐུན་གཅིག་གི་ཟས་ཐུམ།།

དགའ་རིན་འགྱོད་རན་ཆུང་བ་ཁོ་བོ་ཡི་ལོངས་སྤྱོད།།

སྐྱེ་བོས་སོ་དཀར་ཕྱོགས་པའི་གཞི་མ་རུ་གྱུར་ཡོད།།

 

མཉེན་ལྕུག་གཤོག་པ་ཟུང་གི་གྲོགས་དན་དང་འགྲོགས་བཞིན།།

གནམ་འཕང་ཐད་ཀྱིས་གཅོད་པའི་ཐང་དཀར་གྱི་རྒོད་པོས།།

བརྙས་བཞག་རྟུག་པའི་ཕུང་པོ་མི་འདོད་དུ་འཁུར་བའི།།

ན་ཟུག་སྙིང་ལ་བསྲེལ་བའི་ལན་ཆགས་འདི་ལྕིད་པ།།


ཞོ་འཐུང་བྱིས་པ་རྒོད་པོའི་རྩེད་མཚར་གྱི་མིག་ཀོང་།།

ཁོ་བོའི་ལུས་གོག་གཉོམ་པོར་ཕུར་ཚུགས་ཀྱིས་ཅེར་གྱིན།།

རྡོ་དབྱིག་ཡོ་བྱད་དུ་མས་རྒོལ་བ་ལ་བྲེལ་དུས།།

ང་ནི་བྱ་ཞིག་ཡིན་པའི་མངོན་བློ་ནི་འགག་འགྲོ།།


འཚོ་བཅུད་ཚིལ་ཞགས་འཁྱིལ་བའི་བམ་ཤ་ཡི་ལོངས་སྤྱོད།།

ཅི་འདོད་གཟན་དུ་འཆའ་བ་རིགས་མཐུན་གྱི་བྱ་ཁྱུའི་།།

སུག་རྗེས་རྐང་པས་གནོན་པའི་བསམ་མནོ་ཞིག་སྐྱེས་ཀྱང་།།

སྟོང་བསམ་བཀྲག་གིས་བྲན་པས་རྗེས་འགྱོད་ཅིག་འཁོར་ཡོང་།།


རིག་ཤེས་ནོར་བུའི་རྒྱན་འཁུར་བློ་ལྡན་གྱི་བུ་ལོས།།

ཁྲེལ་དགོད་ཞོ་སོ་སྟོན་པ་སྔོན་ཤིག་ནས་ཚོར་ཡང་།།

ཕ་མས་ང་ལ་བསྐྱུར་བའི་རྡོག་ཁྲེས་འདི་ཁུར་ཏེ།།

ཐབས་རྡུགས་འཚོ་བ་འདི་ཀོར་ཨུ་ཚུགས་ཀྱིས་འཇུས་ཡོད།།


ཀུན་འགྲོ་རླུང་གིས་བཏེགས་པའི་སེམས་བྱུང་གི་སྡོང་ལོ།།

ཨ་བྲའི་ཁུང་སྒོ་སྲུང་བའི་འདུན་པ་ཤིག་མེད་ཀྱང་།།

ཉིན་གཅིག་གསོན་ལ་རེ་བའི་འདུན་མ་འདི་བསམ་ན།།

ང་ནི་ང་ཡི་ཚོད་ཀྱི་རླབས་ཆེན་དུ་སེམས་སོ།།


རྣམ་གཡེང་སྤྲིན་པ་དཀར་པོའི་ནང་སྐྱིབས་སུ་ཞུགས་ཏེ།།

སྲིད་ཁམས་ཡངས་བར་ཡན་པའི་རྣམ་རྟོག་ཅིག་སྐྱེས་ཀྱང་།།

བརྩོན་སེམས་ཆུ་བུར་མིག་གིས་གྲིམ་གྲིམ་དེ་མེད་ན།།

གཅེས་དགུའི་ལུས་གོག་འདིའང་དབང་འདུག་ནི་མི་ཤེས།།


ལུས་བོངས་སྟོབས་ཀྱིས་དྲེགས་པ་ཐང་དཀར་གྱི་རྒོད་པོ།

གླ་ནག་སྤར་གྱིས་འཛིན་པའི་རྩལ་ལྡན་གྱི་གླག་མོ།།

མགྲིན་པར་ལོངས་སྤྱོད་གློད་པ་དཔྱིད་དཔལ་གྱི་ཕོ་ཉ།།

འཇོ་སྒེག་དཔལ་དུ་སྙེམས་པ་རྒྱ་བྱ་ཡི་གོང་མོ།།


འཇའ་ཚོན་གོས་སུ་བཀླུབས་པ་ཡིད་འོང་གི་རྨ་བྱ།།

སྨྲ་བའི་འབབ་སྟེགས་ཡངས་བ་ཨ་བུ་ཡི་ནེ་ཙོ།།

མུན་པ་གྲོགས་སུ་སྦྲན་པ་པགས་བྱེའུ་ཡི་ཚོགས་རྣམས།།

རང་རང་ཆས་སུ་དཔའ་བའི་མཐུ་རྩལ་རེ་བསམ་ན།།

 

ཉམ་ཆུང་བག་ལ་ཞ་བ་ཤེས་འཇོན་གྱི་དབུལ་ཞིང་།།

རིགས་མཐུན་བྱ་བརྒྱའི་གྲལ་ན་ཕུང་གསུམ་གྱི་སྣང་བརྙན།།

ཕྱིར་འདང་དྲན་པའི་གཞུ་མོ་ནང་ཁུགས་སུ་ཕྱོགས་ན །།

ང་ནི་འཇིག་རྟེན་འདི་ཡི་ལྷག་མ་རུ་བསམ་བྱུང་།།



    རྨོ་མོ་ཞིག་ལ་བྲིས་པ།


ལོ་འཁོར་འབྱུང་བ་དང་ཀླུ་ཡི་སྒལ་གཞོང་།།

ཞག་མ་དབང་ལག་དང་སྟོང་གཟུགས་རྩེ་མོ།།

མཆི་མས་བཞིན་རས་ཀྱི་དྲེག་པ་བྱབ་ཀྱིན །།

ས་ཡི་གོ་ལ་དང་མཉམ་དུ་རྒས་སོང་།།

 

དབུ་སྐྱེས་དངུལ་དཀར་གྱི་ཉག་མའི་ཚོམ་བུ།།

ལུང་གོག་བསེར་བོ་འདིའི་རླུང་བུས་བསེད་དེ།།

མིག་ཟུང་ཐལ་སྐྱ་དེ་ཆུ་ཡིས་བསྡམས་པ།།

ང་ཡི་གློ་བ་ལ་ཤིན་ཏུ་ཚ་ཨང་།།

 

མྱི་ཤ་མྱི་ཁྲག་གི་རིན་ཐང་འཆག་དུས།།

མགོ་སྐོག་ཀེང་རུས་ཀྱི་་གཏེར་དངོས་མང་དུས།།

དཀར་ནག་གོ་ཟློག་གི་ལོ་ཟླ་དམར་པོས།།

ཁྱོད་ཀྱི་རྨི་ལམ་ལ་རྩི་ཏོག་མང་ངམ།།

 

ནག་ཉེས་ས་ཆེན་གྱིས་ཐེག་པར་མི་ནུས།།

སྡུག་བསྔལ་ས་ཆེན་གྱིས་འཁོབ་པར་མི་བྲ།།

མགོ་ནག་སྤུ་ནག་ཚོའི་དམྱལ་བའི་མནར་གཅོད།།

བགྲེས་པོ་མགོ་དཀར་རེའི་སྙིང་ལ་ཟུག་ཡོད།།


སྡིག་བོའུ་སྒྱོགས་ཆེན་གྱི་ལོ་རྒྱུས་དངོས་ཤིག།།

མཆི་མའི་བདེན་ཐུབ་ཀྱི་རྒྱ་རུ་བཏབ་པ།།

ཕྱིེར་དྲན་མནར་གཅོད་ཀྱི་གོ་རིམ་ཁུགས་སུ།།

ཁྱོད་ཀྱི་སྨྲེང་བ་ལ་དུས་ཀྱིས་ཟིན་ནམ།།

 

ཐོབ་པའི་ལོངས་སྤྱོད་ནི་བཙན་གྱིས་ཁྱེར་སོང་།།

གཅེས་པའི་ལང་ཚོ་ནི་དབང་གིས་གཤག་སོང་།།

ད་དུང་ཤ་གཉེན་ནི་དཔུང་གིས་འཐག་སོང་།།

གནམ་སའི་ཧ་ཆེན་འདི་ཆོ་ངུས་ཟོས་སོང་།།

 

ཁྱོད་ཀྱི་བཏུང་བ་ནི་གངས་འཁྱགས་ཆུ་རེད།།

ཁྱོད་ཀྱི་བཟའ་བ་འདི་རང་བྱུང་རྩྭ་རེད།།

ཁྱོད་ཀྱི་འཚོ་བ་འདི་དུད་འགྲོ་ཕྱུགས་རེད།།

ཁྱོད་ཀྱི་མི་རབས་འདི་ས་ཡི་མཚང་རེད།།

 

དཔའ་བོ་སེང་མགོ་ཚོ་སྒྱོགས་ལས་འཐོར་སོང་།།

དཔའ་མོ་སྟག་མཆེ་ཚོ་མེ་མདས་ཁུར་སོང་།།

བགྲེས་པོ་ཁ་སྟོང་དང་བུས་པ་བློ་སྟོང་།།

ཉི་མའི་རྒྱལ་ཁམས་འདིར་གཅེར་བུར་ལུས་སོང་།།

 

དཀར་ཟློག་ལུགས་ཟློག་གི་འཇིགས་པ་དམར་པོ།།

དུས་ཀྱི་གྲམ་གཞོང་ནས་ག་ཤེད་བཞུད་སོང་།།

དྲན་པའི་ཉིན་ཐོ་ལ་མིག་གཤེར་བྱེད་་དུས།།

ཁྱོད་ཀྱི་མིག་ཆུ་ལ་ཐན་པ་འོང་ངམ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63v9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41631818
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1