གདན་ཞུས་སྐུ་མགྲོན། མེ་བཙའ་དང་དཔྱིད་ཆར་དུས་དེབ་གཙོ་སྒྲིག་པ་ཇོ་ཡུ་ཚུལ་ཁྲིམས་ལགས་ཡིན།
དུས་ཚོད། སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་༨པའི་ཚེས་༢༥ཉིན།
དྲི་བ། གྲོགས་པོ་ཇོ་ཡུ་ཚུལ་ཁྲིམས་ལགས་ཁམས་བཟང་།
ལན། བདེ་མོ་ཡིན། ཁྱེད་ཁམས་བཟང་།
དྲི་བ། གྲོགས་པོ་ཇོ་ཡུ་ཚུལ་ཁྲིམས་ལགས་ཁྱེད་རང་བཙན་པོའི་མགར་གྱི་དྲ་བའི་གླེང་སྟེགས་ཁག་དང་བོའི་གདན་ཞུས་སྐུ་མགྲོན་དུ་ཕེབས་པར་དགའ་བསུ་དང་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག་ཁྱེད་ཀྱི་ཕ་ཡུལ་གང་གི་ཡིན་ངོ་སྤྲོད་ཅིག་གནང་རོགས།
ལན། ང་རང་མགོ་ལོག་ཁུལ་དགའ་བདེ་རྫོང་གཙང་སྐོར་ཞོལ་མ་ཡུལ་ཚོའི་རྐྱང་ཆད་འབྲོག་ཨུ་ཁང་གི་ཡིན།
ད་ལྟ་ངས་གཙང་སྐོར་ཞོལ་མ་བོད་ཡིག་སློབ་གྲྭ་ན་བོད་ཡིག་དགེ་རྒན་ཕལ་བ་ཞིག་གི་ལས་ཀ་གཉེར་བཞིན་ཡོད་ལགས།
དྲི་བ། གྲོགས་པོ་ལགས་ཁྱེད་ལ་མེ་བཙའ་དུས་དེབ་དང་དཔྱིད་ཆར་དུས་དེབ་ཀྱི་སྐོར་ནས་དྲི་བ་འགའ་དྲིས་ན་ཆོག་གམ།
ལན། ལོས་ཆོག
དྲི་བ། ཁྱེད་ཀྱིས་མེ་བཙའ་དུས་དེབ་ནམ་ཞིག་ལ་པར་སྐྲུན་བྱས་ནི་ཡིན།
ལན། སྤྱི་ལོ་༢༠༠༦ལོར་པར་དུ་བསྐྲུན་པ་ཡིན།
དྲི་བ། མེ་བཙའ་དུས་དེབ་ཀྱིས་སྤྱི་ཚོགས་སམ་ཁོར་ཡུག་ལ་བཞག་པའི་བག་ཆགས་ག་འདྲ་རེད་ལགས།
ལན། བག་ཆགས་ཀྱི་སྟེང་ནས་བཤད་ན། སྐབས་དེར་བོད་སྐད་གཙང་དག་བཤད་དེ་སྦྲགས་སྐད་མ་བཤད་ན་གཞན་གྱི་མིག་ལ་མི་འགྲོ་བར་མ་ཟད་འཕྱ་སྨོད་བྱེད་ནི་རེད། སྐབས་དེར་ས་གནས་འདིའི་དགེ་རྒན་ཞིག་གིས་བཤད་རྒྱུར། གཅིག་གསུམ་བརྒྱད་ཟེར་ཚེ་ཆེས་ཡིད་དུ་མི་འོང་བ་ཞིག་རེད། དེ་བས་ཡོ་སན་པ་ཟེར་རྒྱུ་ཡིན་ན་འོས་འཚམས་རེད་ཅེས་བཤད་པའི་སྐད་ཆ་དེ་དང་དེང་སྐབས་གཉིས་བསྡུར་ཚེ་ཤུགས་རྐྱེན་ནམ་བག་ཆགས་ཆེན་པོ་ཞིག་ཐེབས་ཡོད་པ་སུས་ཀྱང་ཤེས་ཐུབ་ཀྱི་ཡོད། ཕྲན་གྱིས་ཀྱང་འདིའི་ཕྱོགས་ནས་འཕྱ་སྨོད་དང་། དཀའ་ངལ། གཉའ་གནོན་སོགས་མི་ཉུང་བ་ཞིག་མྱངས་ཡོད་ནའང་བདག་དེའི་ཕྱོགས་ནས་ད་ལྟ་བློ་ཧ་ཅང་བདེ་ཡོད།
དྲི་བ། ངོ་མ་བཀའ་དྲིན་ཆེ་གི དེས་ན་མེ་བཙའ་དུས་དེབ་ཀྱིས་སྤྱི་ཚོགས་ལ་ཕན་དེ་འདྲ་ཐོགས་པ་ནི་ཁྱེད་ཀྱིས་ཐབས་ག་འདྲ་སྤྱད་པ་ཡིན།
ལན། རེད། ཡ་ལགས། དེང་ཐོག་ང་ཚོའི་ས་གནས་འདིར་རུ་ཆེན་བཞི་ཡོད་ནི་རེད། ང་ཚོས་རུ་ཆེན་རེར་ཚོགས་མི་བཞི་རེ་བཞི་རེ་རྩ་འཛུགས་བྱས་ཏེ་ས་གནས་རང་བཞིན་གྱི་མི་བཞི་དེས་མཐུན་རྐྱེན་བསྒྲུབས་པའི་འོག་ཐ་སྙད་གལ་ཆེན་དག་ང་ཚོས་གཅིག་རེ་གཉིས་རེ་བཞིན་བསྒྱུར་ནས་ང་ཚོས་ལག་བྲིས་ཀྱིས་གོ་བརྡ་གསལ་བོ་དང་བཅས་རུ་ཆེན་སོ་སོར་སྦྲད་ནི་ཡིན། ཐ་སྙད་འགའ་ཞིག་ལ་ཅུང་ཟད་གོམས་ལོབ་ཏུ་གྱུར་པའི་སྐབས་ཤིག་ནས་ཁྱིམ་ཚངགི་འཆི་ཆོས་ཀྱི་ཆོ་ག་སྒྲུབ་པའི་དགེ་འདུན་པའི་གྲལ་དབུ་ནས་བཟུང་སྟེ་ཇ་མ་ཆུ་ལེན་ཚུན་ཆོད་ལ་སྦྲགས་སྐད་ཀྱི་ཆད་པ་བཅད་ནི་ཡིན།
སྐབས་དེ་ནས་བཟུང་དེང་སང་གི་སྦྲགས་སྒམ་ཟེར་བ་འདི་ཡང་དར་ནི་རེད། སྦྲགས་སྒམ་དེའི་ཐོག་ཏུ་ངས་སྐད་ཆ་འདི་འདྲ་ཞིག་བཤད་ཡོད། མི་གཅིག་དོན་མ་ཡིན་གཉིས་དོན་མིན། །སེམས་བསམ་པའི་གཏིང་ནས་བོད་སྐད་ཤོད། །མགོ་རྣ་འབྱོག་ཅན་གྱི་བོད་དོན་ཡིན། །སྐད་འདྲེས་མ་ཡིན་ན་རེམ་མ་བསྒྱུར། ། ཞེས་པའི་སྡོམ་ཚིག་གི་སྟེང་ནས་རིམ་གྱིས་ཐ་སྙད་ཚང་མ་ཉར་ཚགས་བྱས་ཏེ་ང་ཚོའི་མེ་བཙའ་འདི་གྲུབ་ནི་རེད།
རིམ་གྱིས་རིམ་གྱིས་ད་ལྟའི་སྤྱི་ཚོགས་ཀྱི་ཚད་འདི་ལྟ་བུ་ཡང་གྲུབ་ནི་རེད།
དྲི་བ། མེ་བཙའ་དུས་དེབ་ནི་བོད་ཁུལ་གྱི་ཕ་སྐད་དུས་དེབ་ཐོག་མར་བགྲང་ན་འགྲིག་གམ་མི་འགྲིག
ལན། རེད། དེང་ཐོག་ང་ཚོའི་མེ་བཙའ་དུས་དེབ་པར་དུ་བསྐྲུན་སྐབས་ཐ་སྙད་འགའ་རེ་ཙམ་མ་གཏོགས་མཁོ་སྤྱོད་བྱེད་བཞིན་པའི་དངོས་པོའི་ནང་ལ་མིང་ཐོགས་མེད་ས་དང་ཐོགས་ཡོད་ནའང་ཁྱབ་རྒྱ་མི་ཆེ་ས་མང་བོ་ཞིག་ཡོད་དེ། དཔེར་ན། མོ་ཐོ་ལྟ་བུ་རེད། འདི་ལ་དེང་ཐོག་སྦག་སྦག་འཁོར་ལོ་ཞེས་བཏགས་ཡོད་ན་ཡང་མི་ཚང་མར་ཆ་རྒྱུས་ཡང་མི་ཆེ་ལ་དོན་ལ་ཡང་དེ་འདྲའི་འབྱོར་མོ་ཞིག་མ་རེད།
འདི་ང་ཚོས་ལྕགས་རྟ་ཡི་མིང་བཀོལ་སྟངས་སྦྱད་དེ་འཕྲུལ་རྟ་ཞེས་བཏགས་པ་དེ་ད་ལྟ་རྒྱལ་ཕྱི་ནང་ལ་ཁྱབ་བརྡལ་དུ་ཕྱིན་ཡོད་པ་ལྟ་བུ་རེད།
དེའི་སྟབས་ཀྱིས་མེ་བཙའ་ནི་བོད་ཁུལ་གྱི་ཐ་སྙད་གསར་བའི་དེབ་ཐོག་མར་ཡིན་པ་མཁས་དབང་འཇུ་སྐལ་དང་། གཙང་བ་སྐལ་བཟང་ཡེ་ཤེས་སོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་འགྲེམ་སྟོན་ཚོགས་ཆེན་གྱི་རིག་གནས་འགྲེམ་སྟོན་ཚོགས་ཆེན་ཐོག་བོད་ཁུལ་གྱི་ཐ་སྙད་གསར་བའི་དེབ་ཐོག་མ་དེ་མེ་བཙའ་ཡིན་པ་ཁྱབ་བསྒྲགས་ཀྱང་མཛད་མྱོང་ནི་རེད།
དྲི་བ། དེའི་ཞོར་ནས་དཔྱིད་ཆར་དུས་དེབ་འདི་གཉེར་དགོས་པའི་རྒྱུ་མཚན་གང་དག་ཡིན།
ལན། དཔྱིད་ཆར་དུས་དེབ་འདིར་མཚོན་ན་བདག་གི་མི་རིགས་དང་རིག་གནས་ལ་ཞབས་ཞུ་བསྒྲུབ་པའི་གོམ་སྟབས་ཐོག་མ་ཡིན་ལ། དུས་དེབ་འདིར་ཁ་ལས་ལག་ལས་བྱས་བྱས་ནས་ང་ལ་མེ་བཙའ་དུས་དེབ་བསྐྱང་བའི་ཚོགས་པ་སྟེ། ཆོལ་གསུམ་སྐད་ཡིག་ཉམས་གསོ་ཚོགས་པ་ཡང་འཛུགས་རྒྱུའི་བསམ་བློ་སྐྱེ་རུ་བཅུག་པ་ཡིན།
དྲི་བ། དཔྱིད་ཆར་དུས་དེབ་ཅེས་པའི་ནང་དོན་དངོས་ཤུགས་གཉིས་ནས་བསྟན་དོན་ག་འདྲ་ཡིན་ཉུང་ངུ་ཞིག་གསུང་ན།
ལན། རེད་ལགས། དཔྱིད་ཆར་ཞེས་པ་ནི་ནམ་ཞིག་ལ་མཁོ་ཟེར་ན་འུ་ཚོས་སྐྱ་ཆད་སྔོ་རྡིབ་ཀྱི་དུས་ཚོད་ལ་དཔྱིད་ཆར་ནི་སྔོ་རྩེ་དམར་གྱི་ཚེ་སྲོག་རྨང་ནས་གསོ་མཁན་ངོ་མ་བོ་རེད། དེས་ནི་རིག་གནས་མ་དར་བའི་སྐྱ་ཆད་སྔོ་རྡིབ་ཀྱི་གནས་བབ་ཅིག་ནས་རིག་གནས་དར་བའི་ལྗང་མདོག་ཁམས་དྭངས་ཀྱི་ཡུལ་ཁམས་ཤིག་ལ་འགྱུར་རྒྱུའི་རེ་སྨོན་དང་འཆར་གཞི་མཚོན་ཡོད་ལ། མདོར་ན་ང་རང་གི་ཕུགས་བསམ་དངོས་མ་དེ་ཧྲིལ་གྱིས་མཚོན་ཡོད། ངས་དུས་དེབ་འདིར་ཐོག་མའི་འཆར་གཞི་འཐེན་སྐབས་ང་ཚོའི་སྡེ་བའི་རྒད་པོ་རྣམ་དཔྱོད་བཟང་བོ་ཅན་དམེ་མཁས་ཟེར་བ་དེ་དང་ངེད་གཉིས་ཀྱིས་ཁ་བརྡ་བྱས་པ་ན། རྒད་པོས་ང་ལ་དཔྱིད་ཆར་འདི་དཔྱིད་ཁང་ལ་མ་ལོག་ན་དྲག་གི་ཞེས་ཀླན་ཀ་བཙལ་བྱུང་ན་ཡང་། ངས་ཁོ་ལ། ཁང་ཡིན་ནའང་ཆོག ཆར་ཡིན་ནའང་ཆོག གང་ལྟར་སྔོར་མ་སྐྱེ་བ་ལ་ཕན་ཐོགས་ཡོད་ནི་རེད་ཅེས་བཤད་ནི་ཡིན།
དྲི་བ། འོ་ན་དཔྱིད་ཆར་དུས་དེབ་ལ་ཁྱད་ཆོས་སམ་དགེ་མཚན་གང་དག་ཡོད།
ལན། འདིའི་ཁྱད་ཆོས་སམ་དགེ་མཚན་གཙོ་བོ་ནི་རླབས་ཆེན་མཁས་དབང་ཚོའི་རིག་གནས་གལ་གནད་དུ་བཟུང་བའི་གསུང་བཤད་ཁག་བཀོད་ཡོད་ལ།
དཔེར་ན་པཎ་ཆེན་རིན་པོ་ཆེས་སྐད་ཡིག་དང་རིག་གནས་རྒྱུན་འཛིན་དགོས་པའི་བཀའ་སློབ་གལ་ཆེན་ཁག་སུས་ཀྱང་དུས་དེབ་ཏུ་འགོད་སྲོལ་མེད་དུས་དེར་ང་ཚོས་བཀོད་པ་ཡིན་ལ། ང་ཚོས་བཀོད་པ་དེས་ཕྱོགས་སོ་སོ་ལ་ཤུགས་རྐྱེན་ཡང་ཆེན་པོ་ཞིག་ཐེབས་ཡོད། གཞན་དུ་དུས་དེབ་འདིར་གང་ནུས་ཅི་ཐུབ་ཀྱིས་ཚད་གཞི་ཞིག་འཛིན་ཅི་ཐུབ་བྱས་ཡོད་པས། ང་ཚོའི་དུས་དེབ་འདི་གཞན་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོ་དེའམ་དགེ་མཚན་གཙོ་བོ་དེ་ཚིག་ཉོག་རྩོམ་ཉོག་དཀོན་པས་ཡིན་འདོ་ཀི་ཡོད།
དྲི་བ། ངས་གོ་ནོ་ཡིན་ན་ཁྱེད་ཀྱིས་གསབ་སྦྱོང་འཛིན་གྲྭ་མང་བོ་ཞིག་གཉེར་ནི་རེད་ཟེར་གི་དེའི་སྐོར་ནས་ཉུང་ངུ་ཞིག་གསུང་ན་ཆོག་གམ།
ལན། རེད། སྤྱི་ལོ་ཉིས་སྟོང་གཉིས་ནས་བཟུང་སྟེ་མི་རིགས་འདི་དང་རིག་གནས་འདིའི་ཤི་གསོན་གྱི་ཆེད་དུ་བསམ་བློ་བཏང་ནི་རེད། ཡིན་ནའང་དེང་སང་གི་རྒྱལ་ཁབ་ཀྱི་སློབ་དེབ་འདིའི་སྟེང་ནས་བོད་ཀྱི་རིག་གནས་སྦྱངས་ཐུབ་ཀི་ཟེར་རྒྱུ་དཀའ་མོ་རེད།
དེས་སྟབས་ཀྱིས་ངས་སློབ་གྲྭ་སོ་སོའི་དབྱར་གནང་དང་དགུན་གནང་གི་དུས་ཚོད་བེད་སྤྱད་ནས། གྲང་ངར་དང་དཀའ་ཚེགས་ལ་མ་འཛེམས་པར་ད་བར་དུ་འཛིན་གྲྭ་བཅུ་གསུམ་ཙམ་གཉེར་ནི་ཡིན། གོ་ཐོས་ལྟར་ན་དེང་སྐབས་སློབ་མ་སྔོན་མ་ཚོ་རིག་གནས་དང་བསམ་བློ་ཡག་པོ་ཅན་མང་ཤོས་རེད་ཅེས་བཤད་མཁན་ཡང་འགའ་རེ་ཡོད་ཀི།
དྲི་བ། གོ་ཐོས་ཡིན་ན་ཁྱེད་ཀྱིས་མ་རྩ་མེད་ཀྱང་སྐྱེད་ཀ་བླངས་ཏེ་གསབ་སྦྱོང་ལྟེ་གནས་ཀྱི་ཚོམས་ཁང་ཞིག་ལས་དོན་རྐྱེན་ག་འདྲའི་འོག་བྱུང་བ་རེད་ལགས།
ལན། དེ་ནི་ཆབ་སྲིད་ཀྱི་དོགས་ཟོན་ཆེ་སྟབས་གཞུང་སྒེར་ཕྱོགས་གཉིས་འཇིགས་སྐྲག་ཡོད་མཁན་ཇེ་མང་ནས་ཇེ་མང་རེད།
དེའི་སྟབས་ཀྱིས་མི་མང་བོ་ཞིག་མཉམ་དུ་བསྡུས་ཏེ་འཛིན་གྲྭ་བསྒྲུབ་ན་ནམ་ཡང་རྐང་བ་ཡ་གཅིག་བཙོན་ཁང་གི་སྒོ་ཁ་དང་རྐང་བ་ཡ་གཅིག་རང་ཁྱིམ་ན་བཞག་ཡོད་པ་སུ་ལ་ཡང་གསལ་ནི་རེད། དེའི་ཕྱིར་གཟབ་སྦྱོང་འཛིན་གྲྭ་བསྒྲུབ་སའི་ཁང་བ་ལག་སོན་འབྱུང་མི་ཐུབ་པའི་གནས་ཚུལ་གྱི་འོག་ནས་གཟབ་སྦྱོང་འཛིན་གྲྭ་སྒྲུབ་མཁན་གྱི་མི་འགའ་རེས་འཛིན་གྲྭ་སྒྲུབ་མཚམས་ཀྱང་བཞག་ཡོད་པ་རེད།
དེའི་ཕྱིར་ང་ལ་མཚོན་ན་རེ་བཞག་ཅན་གྱི་གཟབ་སྦྱོང་འཛིན་གྲྭ་འདི་མུ་མཐུད་ནས་བསྒྲུབ་དགོས་པས། ངས་རང་ལ་ཡིད་ཆེས་ཡོད་པའི་མི་སྒེར་གྱི་ལག་ནས་སྒོར་ཁྲི་ཉི་ཤུ་ཙམ་དངུལ་བུན་གྱི་སྐྱེད་ཀ་བླངས་ཏེ་ང་རང་གི་ཁང་སའི་སྟེང་དུ་ཇོ་ཡུ་ཚུལ་ཁྲིམས་དམངས་ཕན་སློབ་གསོའི་ཞབས་ཞུ་ས་ཚིགས་ཟེར་བ་འདི་བཙུགས་ནི་ཡིན།
ཡིན་ནའང་ད་ལྟ་ངས་དོམ་ཉུང་ཤོས་སོད་ཡོད་ནའང་གཞན་དུ་བུ་ལོན་སྐྱེད་ཀ་གོང་དུ་འཕར་འགྲོ་གི་ཡོད་སྟབས་ད་ལྟ་ངའི་སེམས་འདི་ཡང་དེ་འདྲའི་བདེ་རྒྱུ་མེད། ད་ལྟ་ང་ལ་འཕྲུལ་རྟ་དམར་རས་མ་མ་གཏོགས་འགྲིམ་འགྲུལ་གྱི་ཡོ་བྱད་གཞན་ཅི་ཡང་མེད་ནའང་།
ད་དུང་ངས་འདིའི་ཕྱོགས་ནས་གྲ་སྒྲིག་བྱེད་རྒྱུ་མིན། རེ་བ་ཡིན་ན་རྗེས་ཕྱོགས་ངའི་ཞབས་ཞུ་ས་ཚིགས་འདི་ཚད་ངེས་ཅན་ཞིག་གི་ལམ་ནས་ཡག་པོ་འཁྱོངས་རྒྱུ་དང་།
གལ་ཏེ་དེ་ལས་ལྡོག་སྟེ་བུ་ལོན་གྱི་སྐྱེད་ཀ་འཕར་ནས་རང་གི་ཁང་ས་འདི་ཤོར་སོང་ནའང་། ང་རིག་གཞུང་འདི་དང་མི་རིགས་འདིའི་ཆེད་དུ་ཕམ་ནི་ཡིན་པས་ནོངས་འགྱོད་ཁབ་རྩེ་ཙམ་ཡང་མེད་སེམས་ཐག་ཡིན། ཐུགས་རྗེ་ཆེ།
དྲི་བ། དུས་ཚོད་ཀྱི་དབང་གིས་མཚམས་འཇོག་རན་སོང་ཟིག ཁྱེད་ཀྱིས་མི་རིགས་ལ་བཟུང་བའི་སེམས་ཁུར་དང་ལྷག་བསམ་རྣམ་དག་ལ་ངེད་བཙན་པོའི་མགར་གྱི་དྲ་བས་རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཞུ་བ་དང་ཁྱེད་ཀྱི་བྱ་ལས་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུས་པ་ཡིན།
བཀྲ་ཤིས་བདེ་ལེགས། རྗེས་མ་སླར་ཡང་མཇལ།
ཀྱེ་ཀྱེ་ཀློག་པ་པོ་ལགས། ཁྱེད་ལ་ཇོ་ཡུ་ཚུལ་ཁྲིམས་ལགས་ཀྱི་གསུང་བཤད་རེ་རེས་ཚོར་འདུ་ག་འདྲ་སྐྱེས་ཡོད།
ཁྱེད་ཀྱིས་རང་གི་ལྟ་ཚུལ་ལམ་བཅར་འདྲི་འདི་ལ་དཔྱད་གཏམ་སྤེལ་བར་ང་ཚོས་དགའ་བསུ་ཞུ།
|