༄༅། ། ཡིད་ཀྱི་མཛེས་སྡུག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »༄༅། ། ཡིད་ཀྱི་མཛེས་སྡུག
༄༅། ། ཡིད་ཀྱི་མཛེས་སྡུག
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/30ལྟ་ཀློག (1792)རྩོམ་ཁུངས: པར་འདེབ།

                                                   ཆོས་འདུག

                            གཅིག

        རྟོག་འཆར་གྱིས་བསྐྲུན་པའི་རེས་སྐྱིད་རེས་སྡུག་གི་མི་ཚེ་འདི་བསམ་ན། སེམས་སྐྱ་མོ་ཐང་ལ་ལྷུང་བའི་སྨྲེ་སྔགས་རེ་ཐོས་འོང་ཞིང་།མིག་ཁྲ་ཆུང་མཆི་མས་བཀང་བའི་རྒྱུ་མཚན་རེ་རྟོགས་འོང་།དེ་བཞིན་དགའ་བ་འབུམ་གྱིས་མྱོས་ཏེ་ཕུགས་འདུན་གྱི་སྐྱ་རེངས་དེའི་སླད་དུ་སྤྲོ་བས་ཀྱང་བཟི་མྱངས །གཡང་དཀར་ལུག་ཁྱུ་སྤང་ལ་བཀྲམ་པའི་བྱིས་དུས་ཀྱི་འཚོ་བ་དེ།རི་སྤྱང་གི་ངུ་ཟུག་རྫ་ལ་འཐིམ་པའི་ཀི་སྒྲ་དང་བསྡོངས་མྱོང་།འདུར་རྒྱུག་དང་བྲེལ་ཚུབ་ལས་བསླངས་པའི་ངོས་ཟིན་དེ་ལས། འཆམ་མཐུན་དང་ཞི་བདེ་ཟེར་བའི་བདེན་དོན་གྱི་གོ་དོན་རྟོགས་བྱུང་། མདོར་དེད་ན།དལ་བརྒྱད་འབྱོར་བཅུའི་མི་ལུས་འདི་སྐྱིད་གསུམ་སྡུག་གསུམ་གྱི་ངོ་བོར་གྲུབ་པར་བདེན་པ་རེད།

                              གཉིས།

      སྦྲ་ནག་གི་ལོ་རྒྱུས་ཀྱིས་སེར་ཆེན་གྱི་ལང་ཚོར་གསོན་ཤུགས་བསྩལ་ཅིང་།མེ་ཏོག་གི་འཛུམ་མདངས་ཀྱིས་གངས་དཀར་གྱི་ཨ་མར་གཟི་བྱིན་གནང་སོང་། ཉི་མ་སྔ་མོ་ནས་ནུབ་རིར་བཞུད་སོང་ཡང་།དངུལ་དཀར་གྱི་ཟླ་བ་གཞི་ནས་སྤྱི་གཙུག་ཏུ་སླེབ་འདུག   དཀར་འཇམ་གྱི་ཟླ་འོད་ཀློང་ནས་བསུང་ཞིམ་གྱི་དྲི་ངད་རྣམ་པར་ལྡང་ཞིང་།དྭངས་གཙང་གི་ཆུ་རྒྱུན་གྱིས་པངྨའི་མཚེའུ་ལ་སྔར་ལས་མཛེས་སྡུག་གིས་བྱུགས་འདུག་ཅིང་།ངའི་དུང་སེམས་ཀྱི་རི་མོའི་དབུ་ཁྱུད་འབྲི་སའང་དེ་ཡིན།

                                གསུམ།

བདག་ནི་ཉ་གང་ཟླ་བའི་འོད་དཀར་གྱི་ཀློང་ལ་མོས་པ་ཟབ་ཅིང་འདུ་འཛི་དབེན་ཅིང་ལྷིང་འཇགས་ཀྱི་འོད་ཁྱིམ་ལ་དེ་བས་དུངས། བདག་ལ་འོད་དཀར་གྱི་ཟླ་འོད་སྤྲིན་ནག་གིས་མ་བསྒྲིབས་ཤིང་བསུང་ཞིམ་གྱི་དྲི་དང་རྣམ་པར་ལྡང་བས་མགུ། བདག་ལ་རྒྱུ་སྐར་གྱི་རྒྱལ་བོ་དགྲ་གཅན་གྱིས་མ་བཟུང་ཞིང་པད་རྫིང་གི་མཚེའུ་ལྷིང་འཇགས་ཡིན་པས་ཆོག   བསིལ་འཇམ་རན་པའི་ཟླ་འོད་ཀྱི་ཆེད་དུ། བརྩེ་བའི་ལྷ་ཚོགས་ལ་སྐྱབས་འཇུག་ཞུས་ཡོད། ལྷོད་ལ་བབས་ཤིང་ནེམ་ཤ་དོད་པའི་པད་རྫིང་གི་མཚེའུ་དེ། སྐྱབས་གསུམ་ལྷ་ལ་བཅོལ་གདམ་བྱས་ཡོད། དད་འདུན་དང་སྨོན་ལམ་དེ་དག་བདག་གི་ལྷ་ཚོགས་ཀྱི་གསན་པར་སྨོན།

                                བཞི།

 པད་རྫིང་གི་ཟླ་འོད་འཆི་མེད་གྲོང་གི་དོ་ཟླ་མིན་ནའང་། ངའི་སེམས་ཀྱི་དཀྱིལ་འཁོར་ནང་གི་དག་ཞིང་ཡིན། རི་བོང་ཅན་གྱི་དངོས་གྲུབ་ལས་གནས་མཆོག་འདི་མཐོང་བ་ཀུན་སྨོན་དུ་གྱུར་ཡོད། རྟ་བདུན་དབང་བོའི་བྱིན་རླབས་ཀྱིས་འཇིག་རྟེན་འདི་སྲིད་པའི་ཡང་རྩེར་སོན་ཡོད། འོ་ཞོ་ལྟ་བུའི་སྤྲིན་དཀར་གྱི་རྒྱ་མཚོ་འདི་ལ་མཚམས་སྤྲིན་ཇི་བཞིན་གྱི་དམར་ནག་གི་ཁྲག་ཐིགས་མེད་པར་སྨོན། བྱམས་བརྩེ་དང་ལྷག་བསམ་ཁོ་ནས་སྤྲས་པའི་འཛུམ་མདངས་དེ་སྤྲོ་སྣང་དང་བདེ་སྐྱིད་དུ་གྱུར་བར་ཤོག    བདག་ལ་ཟླ་འོད་ཀྱིས་གནང་བའི་གྲིབ་གཟུགས་འདི་ཡིས་ཆོག   བསིལ་འཇམ་གྱིས་བསྩལ་བའི་ལྷིང་འཇགས་འདི་ཡིས་ཆོག

                       ལྔ།

རི་མོ་ལྟ་བུའི་ཕྱིར་དྲན་གྱི་ཀློང་ནས། མེས་པོ་གནམ་གྱི་ལྷ་ལ་འཁྲེང་བའི་ལོ་རྒྱུས་ནས་བསམ་ན། ངའི་ཕ་རུས་རྡོ་རྗེ་བྲག་ལ་འཐིམ་པའི་བྱིས་དུས་དེ་དྲན་བྱུང་། ལྷ་སྒྲུང་ལས་རྙེད་པའི་གསེར་མདོག་གི་འཇིག་རྟེན་དེ། ཨ་མྱེས་ཀྱིས་གནའ་གཏམ་འཆད་སའི་ངའི་ཕ་ཡུལ་རེད། དེ་དུས༼སྟོད་རྫ་རི་སྨུག་པོ་འབྲོང་ཡིན།།སྨད་རྒྱ་མཚོ་སྔོན་མོ་མཛོད་ཡིན།།༽ཟེར་བ་བདེན་ཏེ། རི་མགོའི་དར་ལྕོག་རླུང་གིས་ཟད་པ་ཆོས་ཉིད་མ་རེད་དམ། ཨོ།  ཟླ་འོད་ཀྱི་ལྷིང་འཇགས་ལ་འདུ་འཛི་དབེན་འདུག   ངོ་མ་ཁུ་སིམ་མེར་ཁ་རོག་གེར།

                                  དྲུག

ཕྱིར་མིག་ཀློང་ནས་ཕྱིར་དྲན་གྱི་བུ་ལོ་སྤྲོ་བས་བཟི་འདུག་ལ།  དགོད་ཁ་ཤོར་བའི་འཛུམ་མདངས་དེ་ངའི་ཡིད་ཀྱི་མཛེས་སྡུག་ཡིན།

                                           ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41982714
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1