སྙན་ལོག་པའི་རྣམ་བཤད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སྙན་ལོག་པའི་རྣམ་བཤད།
སྙན་ལོག་པའི་རྣམ་བཤད།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/9/11ལྟ་ཀློག (2248)རྩོམ་ཁུངས: པར་འདེབ།

༼རྡོ་རང་སྐྱེད།༽

༡ མགོ་བརྗོད།

བསམ་མི་ཁྱབ་པའི་སྣོད་དག་ན༎

བསམ་མི་ཁྱབ་པའི་འགྲོ་བ་ནི༎

བསམ་མི་ཁྱབ་པའི་ལས་སུ་འཇུག།

དེ་བཞིན་སྙན་ངག་བསམ་མི་ཁྱབ༎

ཡི་གེ་ཡིད་འཕྲོག་སྡུག་གུ་མ༎

ཡོན་དུ་ལེན་པའི་པིར་ཐོགས་པ༎

རྣལ་འབྱོར་ཡིན་ཞེས་མ་བསྐུར་ཡང་༎

གོ་ས་མེད་པའི་དབེན་གནས་པ།།

འཇིག་རྟེན་དྲི་མའི་མ་གོས་པས༎

མི་སྙིགས་ནང་གི་ཁྱུ་མཆོག་གོ།

དགའ་སྐྱོ་ཆགས་སྡང་ཁོར་མོ་ཡུག།

འཇིག་རྟེན་ཁྲོམ་ན་མགོ་འཁོར་དག།

ཆབ་སྲིད་མཆིག་གི་ཟ་འབྲུ་ཡིན༎

རྩམ་ཟན་ཡིན་ཕྱིར་མིའི་མཐའ་མ།།

ཡིན་ཞེས་སུས་ཀྱང་བཀས་མ་བཅད༎

འོན་ཏང་མགོ་ལག་དུད་པ་རྣམས།།

འབྲས་ལྡན་དུས་ཀྱི་སྙེ་མ་བཞིན༎

སོ་ནམ་ལས་སུ་མ་མཁན་ན༎

སེར་ཐོགས་རྐུན་པོས་འཇོམས་ལ་ཁད༎

དེ་ཕྱིར་སྙན་ངག་ཅིས་མི་འབྲི༎

རྫུན་དང་ཕྲ་མའི་གྲོང་ཚིག་གིས༎

ཡང་དག་རིག་པ་སྒྲིབ་ལ་ལྟོས༎

དེ་ཉིད་བསམ་ན་སྙན་ངག་གི།

མཆོད་ཡོན་ལེན་པ་ཅིས་མི་ལེགས༎

དེ་ལྟར་ཚིགས་སུ་བཅད་པ་འགའི་མདུན་བསུས་ཏེ་འགན་འཁུར་ཞེས་པའི་སྣང་བ་ལ་ཞུགས་ཤིང་། གྲོགས་སྦྲ་ནག་བློ་བཟང་གིས་སྙན་དངགས་པས་འགན་འཁུར་ཟེར་བ་ལ་འགན་འཁུར་དགོས་པ་མི་འདུག ཅེས་བཤད་པ་ཞིག་ཀྱང་དྲན་བྱུང་།འོན་ཀྱང་དེ་ཡང་བདེན་པ་རེད།སྙན་ངག་པ་མཛོ་ན་རེ།སྙན་ངག་པས་ཕྱིར་བདེན་པ་ཞེས་པ་ལ་འགན་མི་འཁུར་ཡང་ཟེར།ཡིན་ཡང་དོན་ལ་སྙན་ངག་པ་ནི་ཅི་ཡང་འགན་འཁུར་ཞིང་ཅི་ཡང་བདེན་པ་བཤད་མཁན་རང་རེད།  ཡང་ན་བདེན་པའི་འཇིག་རྟེན་འཚོལ་མཁན་ནམ་བདེན་པའི་སྐད་ཆ་བཤད་མཁན་རེད་ཅེས་ནའང་འགལ་བ་ཅི་ཡང་མེད་དེ།སྙན་ངག་པ་ནི་འཇིག་རྟེན་གྱི་མཛེས་སྡུག་ངོ་མ་མཐོང་མཁན་ཁོ་ན་རང་རེད།  སྙན་ངག་པ་ནི་འཇིག་རྟེན་ལ་ཅི་ཡང་འགན་འཁུར་མཁན་དུ་འགྱུར་འདུག་སྟེ། སྙན་ངག་པས་མི་སེར་གྱི་ཤེས་རབ་དང་རྣམ་དཔྱོད་ལ་འགན་འཁུར་དགོས་ཤིང་།སྙན་ངག་པ་ནི་དཀོན་མཆོག་གི་མགྲིན་ཚབ་པ་ཡིན་ཞིང་།སྙན་ངག་པ་ནི་མི་སེར་ལ་དག་ཞིང་སྟོན་མཁན་ཡིན།སྙན་ངག་པ་ནི་སྡུག་བསྔལ་མཐའ་དག་འདག་ཐབས་སུ་བྱོན་པ་རེད།སྙན་ངག་པས་སྐད་ཆའི་རུལ་སྙིགས་གྲབས་ཀྱིན་ཡོད་ལ། སྙན་ངག་པས་བག་ལ་ཞ་བའི་རུལ་སུངས་བསམ་བློ་མཐའ་དག་ལ་གད་བདར་བྱ་དགོས་པ་རེད། །

༢ སྙན་ལོག་པའི་ཆད་རབས།

ང་ཚོ་ནི་དུས་རབས་གཅིག་ལ་མི་ཡུལ་དུ་སྐྱེས།དེ་ནི་རྒྱུ་མཚན་ཞིག་རེད། ན་ཚོད་མཉམ་པའི་མཐུན་རྐྱེན་ལ་ཞུགས་ཏེ་ཕན་ཚུན་ལ་སྙན་ངག་བཤད།སྙན་ངག་ངོ་ཤེས་པ་ནས་བཟུང་འཇིག་རྟེན་ལ་ཁོར་ཡུག་གི་གནས་བབ་གསར་བ་ཞིག་བསྣན།དེ་ནི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་བའི་ནང་ལ་གོ་ཆོག  ཡིན་ཡང་དེ་ཉིད་མི་སེར་གྱིས་མ་ཤེས་ལ་མ་རིག  སྙན་ངག་པས་མི་སེར་ལ་ཡར་ལ་ལྟོས་དང་།སྙན་ངག་གི་ཞལ་གཟིགས་གནང་སོང་ཞེས་བཤད་ནའང་།མི་སེར་གྱིས་རྒྱུན་བཀོལ་ཐ་སྙད་འགའ་བེད་སྤྱད་དེ་ཧ་ཅང་གྲུང་ཉམས་དོད་པོས༼སྙན་ངག་ཟ་རྒྱུ་ཡིན་ནམ། གོན་རྒྱུ་ཡིན། གླེན་པ་ང་ཚོ་ལུག་འཚོ་བར་འགྲོ་དགོས༽ཟེར།སྐབས་གང་ཡིན་ལ་མི་སེར་ལ་དགོས་མཁོ་ཆེ་བ་ནི་ཤོག་སྒོར་ཡིན་པ་ལས༼ཡིག་ནག་སྐམ་པོ༽མ་ཡིན་ཟེར།དེ་ནི་ཡང་བསྐྱར་སྤྱི་ཚོགས་འདིའི་གནད་དོན་གྱི་རྗེས་སུ་མཚུངས་རྟགས་སུ་རྒྱུ་མཚན་ཞིག་གྲུབ་པ་རེད་དེ། རྒྱུ་མཚན་དེས་རང་ཅག་ལ་འཚོ་བ་ཟེར་བའི་གནས་ལུགས་ཤིག་ངང་ངམ་ཤུགས་ཀྱིས་སྤྲད་བྱུང་། དེ་བཞིན་ཚང་མ་ཁ་ཁུ་སིམ་མེར་ཟླ་ཕོགས་ལེན་མཁན་དང་། ནོར་ལུག་འཚོ་མཁན་དུ་འགྱུར་བ་རེད། ཐ་སྙད་ཀྱི་འཁོར་བ་ནི་རྩེད་མོ་རིགས་ཤིག་དང་འདྲ་བར་ཁྱིམ་ཚང་སྒྲུབ་ཐབས་ཀྱི་ལས་རྐང་ལ་རིམ་བཞིན་ཁ་གྱེས་པ་རེད།ཡིན་ཡང་སྙན་ངག་པས་བསམ་པ་རྣམ་དག་གིས་མིའི་རིགས་ཧྲིལ་བོ་ལ་སྙན་ངག་གི་ཕ་ཁྱིམ་ཞིག་འཛུགས་དགོས་པ་རེད་ཅེས་བཤད་ལ།མི་སེར་དག་ཁྱིམ་དེར་མགྲོན་དུ་ཕེབས་མིན་སུ་ལ་གསལ།མི་སེར་དག་མ་ཕེབས་པའི་སྔ་རོལ་དུ་སྙན་ངག་པ་ལ་འཇིག་རྟེན་པས༼ཁེར་རྐྱང༽ཞེས་འབོད་ཆོག སྙན་ངག་པས་དེ་ལ་ཏན་ཏན་ཏིག་ཏིག་གིས་དོ་སྣང་བྱས་ཤིང་།ང་ཚོ་རེ་རེ་ཕན་ཚུན་ལ་ཐོག་མར་སྙན་ངག་གིས་ངོ་སྦྱོར་བྱས་པ་མ་ཡིན་ནམ།ལོ་རྒྱུས་དེ་ཙམ་ནི་སུ་ལ་གསལ། ང་ཚོ་སྙན་ངག་གིས་ལམ་དེར་བསུ་སྐྱེལ་བྱས་པ་ཡིན། དེ་ནི་སྙན་ངག་གོ། སྙན་ངག་པ་རེད། དེ་ཡང་སྙན་ངག་པའི་མི་ཚེའི་ཐོག་མཐའ་བར་གསུམ་ནི་སྙན་ངག་ནས་ཡོངས་སུ་གྱར་བ་མེད་དེ་ཐོག་མ་སྙན་ངག་དང་།བར་དུ་སྙན་ངག མཐའ་མ་ཡང་སྙན་ངག་གོ། ཞེས་པ་ཡིན། དེ་ཡང་བཅོམ་ལྡན་འདས་ཀྱིས།སེམས་ནི་རི་མོ་མཁན་དང་འདྲ༎སེམས་ཀྱི་ཕུང་བོ་བྱས་པ་སྟེ༎ འཇིག་རྟེན་ཁམས་ནི་ཇི་རྙེད་པ།།དེ་རྙེད་ཐམས་ཅད་སེམས་ཀྱིས་བྲིས༎ཞེས་པ་བཞིན་སྙན་ངག་པའི་བྱུང་བ་གསལ་བོར་བསྟན་ཡོད་ལ། དེ་ཡང་སྐུ་ཞབས་ཉེ་ཚེ་ལགས་ཀྱིས་རིན་ཐང་ཡོད་ཚད་ལ་བསྐྱར་དུ་གདེངས་འཇོག་བྱ་དགོས་ཞེས་པ་ཇི་བཞིན་རྨ་ཆུའི་ལོ་ངོ་འདི་དག་གི་སྙན་ངག་པའམ་སྙན་ངག་གི་རྩོམ་རིག་ལ་བསྐྱར་དུ་གདེངས་འཇོག་ཅིག་བྱ་དགོས་པ་ནི་ལས་བགོས་གལ་ཆེན་ཞིག་ཏུ་གནས་འདུག །

༣ སྙན་ལོག་པའི་གཡུལ་ས།

   ཅི་ཡང་དར་རྒྱུས་མེད་པའི་རེ་ནག་གི་ཁེབས་འོག་ནས་ཡུན་རིང་བསྡད་པས་རི་དྭགས་བཞིན་རང་གི་ལྡུམ་པུའི་སླས་ལ་གཟིམ་རྒྱུ་ནི་ངལ་གསོ་ཡིན་ཟེར།དུས་དུས་སུ་ང་ཚོས་ཡང་བསྐྱར་སྙན་ངག་ལྟ་བུའི༼སྐྱབས་འགྲོ༽སྔར་བཞིན་འདོན་ཆོག་གི་རེད།དེ་ནི་དབེན་པའི་སྤང་ལྗོངས་ནས་སྙན་ངག་གྱེར་བ་ནང་བཞིན་ཡིག་ལོང་རྫི་བོའི་སེམས་པ་དག་པའི་ཞིང་ལ་མཆོད་སྟངས་རེད།དེ་དུས་འཇིག་རྟེན་ནི་མ་གཞི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་།ཆོས་པའམ་ཆབ་སྲིད་པ་དག་གིས་ང་ཚོ་ལ་ཡིན་མདོག་ཁ་བོས་སྐྲ་རིང་མ།བློ་ཐུང་མ་ཟེར།ཡིན་ཡང་ང་ཚོས་རང་ལས་ལྗིད་པའི་སྙན་ངག་ཁུར་ཞིང་།རང་ལས་ཡང་བའི་གསེར་དངུལ་རྡོ་བཞིན་དོར།དེ་ནི་ནོམ་པའི་འཐབ་རྩོད་དང་རིང་དུ་གྱེས་པའི་མཚོན་སྟངས་ཤིག་རེད།ཡིན་ཡང་དེ་ལ་འཇིག་རྟེན་པས༼གླེན་པ་ད་དུང་རྗེས་སུ་མུ་གེ་ཡོད༽ཟེར།དེ་ཡང་ཨུ་རུ་སུའི་སྙན་ངག་པ།ཕོས་ཤས་ཅེན་ལགས་ཀྱི་བརྩམས་ཆོས༼སྙན་ངག་པ་ལ་ཕུལ་བ༽ཞེས་པའི་ནང་དུ།སྙན་ངག་པ་ལགས།འཇིག་རྟེན་པའི་དགའ་བརྩེ་ལ་ཆགས་ཞེན་མ་ཆེ།བསྟོད་བསྔགས་ཀྱི་ཀི་ཅོ་སྐད་ཅིག་ཙམ་རེད།ཁྱོད་ཀྱི་བླུན་པོས་སྒམ་ཚིག་ལབ་པ་གོ་ལ།མི་སེར་གྱིས་ཁྲེལ་དགོད་རྒྱག་པ་གོ་སྲིད།ཡིན་ཡང་ཁྱོད་ཉིད་སྔར་བཞིན་སྟོབས་ཤུགས་ལྡན་ལ། ལྷིང་འཇགས་དང་བག་ཕེབས་ངང་། ཁྱོད་ནི་རྒྱལ་བོ།ཁྱོད་ལ་རང་ཉིད་ཀྱི་འཚོ་བ་ཡོད་ཅིང་། རང་ཉིད་ཀྱི་ལམ་དེ་ལ་འགྲོ། ང་དབང་གི་བསམ་བློས་མདུན་དུ་སྐྱོད་པར་སྡོངས་གྲོགས་བྱེད་ངེས། ཞེས་པའི་ཚན་པ་དེ་ལས་མཛེས་པའི་སྙན་ངག་གི་ཕ་ས་ཕ་ཡུལ་འཚོལ་དགོས་པ་ཅི་ལ་མི་ཤེས།ཡིན་ཡང་སྙན་ངག་པ་ལྟོ་སྐྱ་གོས་ཧྲུལ་གྱི་སྐབས་སུ་དཔལ་འབྱོར་ཐེ་བའི་འཇིག་རྟེན་ཆོས་བརྒྱད་ཀྱིས་མཛུབ་ཀེར་འཕྱ་དུས་སུ་བསམས་བཞིན་ན་ཟུག་གི་ཕྱོགས་སུ་ཆས།དེ་དུས་རང་ཉིད་རང་ཉིད་དུ་ས་མ་ཚུགས་ཤིང་།ཁོ་ཚོ་འགྲོ་བའི་ཕྱོགས་སུ་བླ་འཁྱམས་པ་ལྟར་དལ་གྱིས་འགྲོ་བཞིན་འདུགདེ་དུས་སྙན་ངག་པས་རང་གི་འཐབ་རྩོད་མ་ཤེས་ཤིང་།འཐབ་ར་མ་ཟིན།ཐ་ན་དར་ཆ་ཡང་མ་ཕྱར།རང་གི་ཟ་སྐལ་ནི་རྩམ་པ་སྣུམ་ཤོས་ཤིག་ཡིན་ཟེར།ངས་དེ་བཞིན་རྡོག་སྣེ་ལ་ཟང་ཟིང་དུ་འཁོར་བའི་འབུ་སྦྲང་རྣམས་བརྗེད་དེ་སྲིད་པའི་ལོ་རྒྱུས་ཀྱི་ཕ་ཡུལ་ནས་རུལ་སུངས་ཀྱི་རྣམ་གྲངས་དུ་མ་དྲན་ཡོང་།དེ་ནི་ན་ཟུག་གི་ཡང་ཏིག་རེད།དཔེར་ན་བཙན་པོ་རུལ་སྟངས།མི་སེར་རུལ་སྟངས།ཆོས་པ་རུལ་སྟངས།ཐ་སྙད་པ་རུལ་སྟངས་ནས་ཐ་ན་སྙན་ངག་པ་ཡང་རུལ་སུངས་སུ་འགྱུར་ཚུལ། མདོར་ན་མི་རྒན་གྱི་ན་རིམ་རྒ་བའི་ཁུར་དུ་འགྱུར་བའི་གོ་རིམ་ཞིག་ནས་འཚོ་བའི་ཟ་འཐུང་གཉིས་ལས་གཞན་ཅི་ཡང་དགོས་མཁོ་མེད་པའི་ལྟ་བ་ཞིག་ནས་སྙན་ངག་པ་ཡང་སྤྱི་ཚོགས་ཀྱི་ཟུར་ངོས་རེ་རེ་ན་གྲག་འགུལ་མེད་པར་རྒྱང་ཕུད་གཏོང་དང་གཏོང་བཞིན་ཡོད།དེ་ལ་རྒོལ་རྒྱུ་ཕར་ཟད།ཐ་ན་སྔར་གྱི་སྙན་ངག་པ་ཡིན་ལ། ད་ལྟ་སྤུ་མདོག་ལོག་པ་དག་གིས་སྔར་སོང་བསམ་ཤེས་མ་ཡིན་པའི་ལྟ་བར་འགྱོད་བཤགས་བྱ་དགོས་བྱུང་འདུག  དེ་ནི་རང་ཉིད་སྙན་ངག་པ་རྫུན་མ་ཞིག་ཡིན་པས་མ་ཡིན་ནམ།ད་གཟོད་ཚ་ཚ་འུར་འུར་དུ་འགྱུར་བའི་གོ་ས་དང་དཔལ་འབྱོར་གྱི་ཁྲོམ་ར་ནས་སྙན་ངག་དང་སྙན་ངག་པ་དུས་མཉམ་དུ་འཇའ་ཚོན་བཞིན་ཡལ་སོང་བ་ལ་སུ་ཞིག་ངུ་དགོས་པ་ཡིན་ནམ།དགོད་དགོས་པ་ཡིན།སྙན་ངག་པ་རྣམས་རེ་རེ་བཞིན་འཇེམ་འཁོར་གྱི་ཁ་ལོ་བར་འགྱུར་ནས་སྣུམ་ལམ་ཁོ་ན་ཀློག་མཁན་དུ་འགྱུར།  སྙན་ངག་པས་དེ་རིང་ཁ་སང་དེ་རང་གི་སྙན་ངག་དང་།སྙན་ངག་པའི་འདུ་ལོང་ཆེན་མོ་དང་མཉམ་དུ་ཞོད་འཇགས་བྱུང་བའི་རྣམ་རྟོག་སྐྱེས་ཡོད་ཅིང་། ན་ནིང་གི་སྙན་ངག་རྙིང་རལ་ཐེབས་སོང་བ་དང་། ད་ལོའི་སྙན་ངག་མ་སྐྱེས་པར་ཐན་པས་ཁྱེར་སོང་བར་བདེན་དཔང་སྟེར་བཞིན་ཡོད།སྙན་ངག་པས་གཞུང་ལམ་འགྲམ་རྒྱུད་ཀྱི་ལྕགས་ལེབ་བཙུགས་པའི་མཚོན་རྟགས་སྣ་ཚོགས་ལ་འགྲེལ་བཤད་རྐྱང་རྒྱག་འགོ་ཚུགས་ཤིང་།གཡས་དང་གཡོན།འདི་ནི་འཇེམ་འཁོར་གྱི་མགྱོགས་ལམ་དང་།འདི་ནི་དོ་འདྲུད་རླངས་འཁོར་ཆེ་བ་འགྲོ་ས་རེད།  ཁོ་ནི་འཇིག་རྟེན་སྒྲིག་གཞི་ལ་བརྩི་སྲུང་བྱ་མཁན་ཞིག་རེད་ཨང་།འཇེམ་འཁོར་གྱི་བཟང་ངན་ནི་རང་གི་འཇིག་རྟེན་ལ་རྒྱ་དང་འབྲེལ་བ་དམ་ཟབ་ཡོད་པར་འགྱུར།ཁ་ལོ་བའི་འཛིན་རྟགས་དེ་རང་གི་སྔར་གྱི་སྙན་དེབ་ཅི་བཞིན་དོར་མའི་གློ་ཁུག་ཏུ་བཅུག་ཡོད།དོན་དམ་ཁོ་ཚོ་ནི༼སྙན་ལོག་པ༽རང་རེད།སྙན་ལོག་པ་ཇེ་མང་ཇེ་མང་རེད།ས་རུབ་རྗེས་ཁོ་ཚོས་སྔར་བཞིན་བསྒྲིག་ཤོ་རྩེ་རྒྱུ་རེད། །

༤ སྙན་ལོག་པའི་མེས་པོ།

ཁོ་ཚོས་རང་ལས་ཆེ་བའི་ཞྭ་བོ་ཆེ་དང་རྡོག་ལ་འཇའ་ཆེན་གྱོན་མྱོང་བས་མི་དེ་དག་མགྲོན་ལ་ཕེབས་ཚེ་ཟ་འོག་གི་གདན་རྩེག་མ་རེ་འདིང་དགོས་པ་མ་བརྗེད།ཁོ་ཚོ་ནི་ཚོ་ཁག་གི་དར་འཛིན་པ་རང་ཡིན་ཞིང་། དམག་འཐབ་དང་གཡུལ་འཁྲུག་གི་སྣེ་འཛིན་པ་རང་ཡིན།དེ་ནི་ནང་འཁྲུག་གི་ཆེད་དུ་ཕེབས་པ་མ་ཡིན་ནམ།ཁོ་ཚོ་ནི་བོད་དང་།སངས་རྒྱས།ཚོ་ཁག་གི་བྱིན་རླབས་རྡོག་གཅིག་ཏུ་བསྣོ་མཁན་གྱི་ལས་ཀ་བ་རང་རེད།ཁོ་ཚོས་སྙན་ངག་པ་དང་རང་གི་བོད་ནི་རྩམ་པ་བཞིན་ཕོར་རྒན་དུ་བརྫི་ཆོག་པར་བསམས་ཡོད་ལ། དེ་བསྣོ་བཅོས་བྱས་ནས་རྟ་དང་གླང་བོ།མ་ཧེ།སྟག་སེང་དོམ་དྲེད་སོགས་རི་དྭགས་ཀྱི་རིགས་དང་།ར་བ་དང་།ཁང་ཁྱིམ།སྒར་དང་དགོན་པ་སོགས་ཀྱང་བཟོ་ཆོག་པར་ཐུགས་འདང་བརྒྱབ་འདུག  མི་དེ་དག་གི་སྣང་བ་ལ་བོད་པ་རྣམས་རེ་རེ་བཞིན་དག་པའི་ཞིང་གི་ཁྱིམ་ཐོ་འཛིན་མཁན་དུ་འགྱུར་བར་རེ་ཞུ་བྱེད་མཁན་དུ་སློབ་གསོ་གཏོང་གི་ཡོད་རབས་ཟེར། དེ་བཞིན་སྙན་ངག་པ་ནི་ཐལ་སྐྱ་སྤར་མོ་གང་རེད། དེ་བཞིན་དམ་པའི་གསེར་ཁྲིའི་ཆེད་དུ་པིར་ཐོགས་པས་བསྟོད་ཚོགས་འབྲི་དགོས་ཤིང་། མི་སེར་བློ་མཐུན་ཚོས་རང་ཤི་རྒྱག་དགོས་པའི་སྒྲིག་གཞི་ཞིག་ཀྱང་ཞལ་ལྕེ་དྲོན་མོར་བཅོས་ཡོད། སངས་རྒྱས་ཀྱང་བསྒྱུར་བཅོས་ཀྱི་ཁོངས་སུ་འདུ།ཐ་ན་མུ་སྟེགས་མཆོད་སྦྱིན་གྱི་ཆོས་ཤིག་ཀྱང་རྒྱུད་སྒྲོག་བྱེད་ཀྱིན་ཡོད་ཟེར།ངས་བོད་པའི་གནའ་རབས་གཏམ་རྒྱུད་ལ་ཉན་པ་ཡིན།གནས་དེར་ཕྱི་གླིང་བ་འགའ་ཡང་རུབ་ཀྱིས་ཐོན་ཏེ་ང་ལའང་བསམ་པ་རྣམ་དག་ཡིན།བོད་པ་བཟང་དང་།བོད་པ་བཟང་ཟེར།རུ་དར་འཛིན་མཁན་གྱི་བཀོད་འདོམས་པ་ལས་ཚང་མ་ཡར་རྒྱུག་པ་དང་མར་ཙོག་པ།  རྡོ་འཕེན་པ་དང་ཀི་འདེབས་པ་སོགས་དུས་མཉམ་དུ་བྱ་ཆོག་པའི་སྣང་བ་ཤར། ཡིན་ཡང་རྡོག་རྩ་གཅིག་སྒྲིལ་མ་རེད།མཛོ་སུམ་ཅུ་ལ་རྭ་ཁ་དྲུག་ཅུ་ཡོད་ཟེར།དེ་ནི་སྲིད་པའི་གནས་ལུགས་ཤིག་རེད།རྒྱུ་མཚན་ནི་གླང་དར་མ་ཟེར་བའི་བཙན་པོ་ཞིག་བགྲོངས།བེ་རོ་ཙ་ན་ཟེར་བའི་ལོ་ཆེན་ཞིག་ཚ་བའི་རོང་ལ་རྒྱང་ཕུད་བཏང་བ།ཚངས་དབྱངས་རྒྱ་མཚོ་ཟེར་བའི་བླ་མ་ཞིག་ཕོ་བྲང་ནས་སྤྱུགས།ལུང་ཤར་བ་ཟེར་བའི་རྣམ་དག་ནང་བློན་ཞིག་མཆུ་བསྡམས།དགེ་ཆོས་ཟེར་བའི་མཁས་པ་ཞིག་བཙོན་རུལ་བཏང་བའི་ལོ་རྒྱུས་ཤིག་ཀྱང་ཡོད་པས་བོད་མི་ཚང་མ༼སྙན་ལོག་པའི༽ལམ་དུ་ཞུགས་འགོ་ཚུགས་པ་རེད།  དེ་ནི་ཆབ་སྲིད་བཤད་མཁན་གྱི་གཏེ་བོ་ནང་རུལ་བ་དག་གིས་བཟོས་པའི་གར་འཆམ་རེད། སྙན་ངག་ལ་རྒོལ་བའི་རབ་བྱེད་དང་བོ་རེད། ཆུང་ཕྱོགས་པ་རྣམས་ལ་ངར་ཤ་རྒྱས་ཡོད་ཟེར། དེ་ཚོ་དཔུང་སྒང་ལ་བཙུགས་པའི་མེ་བཙའ་རེད།དེ་ནི་ཉེན་ཁ་ཧ་ཅང་ཆེ་བའི་རྩེད་མོ་ཞིག་རེད། གན་ལྟོས་དང་ད་ནི་གནད་དོན་ཐང་ལ་བུད་པ་རེད་ཟེར།སྙན་ངག་པ། ཆབ་སྲིད་དང་རྒྱང་དུ་ཁ་གྱེས་རོགས། །

༥ སྙན་ལོག་པའི་བཟོ་གྲྭ།

མི་དེ་ནི་ཁྱིམ་ཐབས་ཀྱི་སོ་འཛིན་ཞིག་ཡིན་པས་དགེ་སྡུག་གི་སྐད་ཆ་དང་སྐམས་འཚོང་ལ་འགྲོ་རྒྱུ་ནི་རང་གི་མདུན་དུ་ལྷགས་པའི་གནས་ལམ་ཡིན་ལ། དེ་ལས་འཐོབ་པའི་ཁེ་ཕོགས་ནི་བྱང་ཆུབ་སེམས་དཔའ་གང་དེ་ཐུགས་དགོངས་རྫོགས་པའི་བསྔོ་བ་མཆོག་ཏུ་གྱུར་བ་དེ་ཡིན་ཟེར། སྐྱེས་པུ་ནོམ་ཅན་ཡོད་ན། བླ་མ་ཆོས་ཅན་ལོས་ཡོད་ཟེར།  དེར་གནའ་བོའི་བོད་པ་ཚོ་དང་མཐུན་པར་ཐོག་མའི་དད་པ་ནས་བྱིན་རླབས་རང་ནས་སྨིན་པ་དང་། བར་གྱི་བརྩོན་པ་ཧུར་བ་ནས་མངོན་རྟོགས་བྱང་ཆུབ་ཀྱི་སྣང་བ་སྨིན་པ་སོགས་ཆ་རྐྱེན་ཅི་ཡང་མི་དགོས་པར་དེང་གི་སློབ་གླིང་གི་ཆང་འཐུང་བ་དག་གི་ཆུ་ཚད་འཛིན་རྟགས་ལེན་པ་ནང་བཞིན།ཡོད་ཚད་ཐག་སྒྲ་དང་བཅས་ཕབ་པའི་གཞུང་ལས་ཁང་གི་ཐམ་ཀ་དེས་ཡོད་ཚད་བསྒྲོལ་བའི་སྣང་བ་ཞིག་ཤར་ཡོང་ལ། དོན་དམ་ཁོ་ཚོ་ནི་འཛིན་རྟགས་དེའི་རྭ་ཤུབས་གྱོན་མཁན་ཡིན་ནམ། རྭ་ཤུབས་དེ་ཁོ་ཚོའི་དོར་མ་བརླ་ཐུང་དེ་ཡིན་ནམ།འཛིན་རྟགས་དེ་ནི་འཕོངས་ཏོ་འགེབས་བྱེད་ཀྱི་ལག་ཆ་མ་རེད་སུས་ཟེར།༼གཞུང་གིས་ཐུག་པ་ལྡུད་ཀི་ཡོད་དམ༽ཞེས་པ་དེ་ཆང་གླིང་ནས་མཐར་ཕྱིན་པའི་མ་འོངས་པའི་གཞུང་མྱི་དག་གི་སྐད་ཆ་རེད་དེ།ཡང་མི་ཡན་འགའ་བཀོད་སྒྲིག་བྱ་དགོས་ཟེར།དེ་ནི་མི་དོན་ཅུའུ་ནས་གྲག་པའི་སྐད་ཆ་རེད།གཞུང་གི་ཕག་གསོ་ར་བ་ནས་ཕག་རྒན་འགའ་གཞོགས་ཀྱི་དྲོད་ཁང་དུ་ངལ་གསོ་རྒྱག་ཏུ་ཕྱིན།ཤུལ་དུ་ཡོད་པའི་ཨར་འདམ་གྱི་ཁང་ལེབ་དེ་ནི་ཕག་ཕྲུག་དག་གི་གཞུང་ལས་ཁང་མ་ཡིན་ནམ།དེ་ནས་ཧ་ཡང་གི་སྦུ་གུ་ལ་ཆུ་ཚ་ཁྲག་དྲོད་བཞིན་རྒྱུ་བའི་ཐོག་ཁང་གི་དྲོད་ཕུག་ཏུ་ད་སོ་མ་འགོ་འབུས་པའི་བྱི་ཚེར་གྱི་མེ་ཏོག་འགའ་ཁ་ཀད།དེའི་གམ་དུ་སྲོག་ཆགས་འགའ་ཡང་འདུས།ཁོ་ཚོ་ནི་རི་ཕག་གི་རིགས་ཡིན་ཞིང་།ཐོན་སྐྱེད་གསར་བའི་ཕྱུགས་ར་ནས་འཚར་ལོངས་བྱུང་བའི་གོ་རྟོགས་ཅན་ཚོ་རེད།ཁོ་ཚོས་ཡིག་ཆ་ཤོག་གྲངས་གཉིས་གསུམ་རེ་ཐོད་ཁར་བཟུང་ནས་ས་ཆུ་མེ་རླུང་གི་གེགས་སེལ་ཆོག་ལ།རྩ་བ་ནི་ལག་པ་གཉིས་ལ་བརྟེན་ནས་རྒྱལ་ཁ་ལེན་དགོས་ཟེར།ཁོ་ཚོ་ནི་ཡར་ལངས་སྔ་ཤོས་ཀྱི་རི་ཕག་གི་རིགས་དེ་དག་རེད།རྒོད་ལ་པྲ་བའི་སྣང་བ་ནི་ལྷན་སྐྱེས་ཡིན་པས་དེ་ལ་བཅོས་བསྒྱུར་ཅི་ཡང་བྱ་མི་དགོས།ངོ་མ་ད་དུང་ཁོ་ཚོས་ཟ་ལོ་ཟ་གི་འདུག ཁོ་ཚོའི་སྡེར་ཁའི་ཟ་ལོའི་བྲོ་བ་དེ་རྗེ་བཙུན་མི་ལའི་ཟ་ལོ་དང་བྲོ་བ་གཏན་ནས་མི་འདྲ་སྟེ།རྗེ་བཙུན་རི་ལ་འཁྱམས་པའི་མཁའ་དབུགས་ཧ་ཅང་གཙང་། ཟ་དགུ་ལྗགས་ལ་མ་བྱུགས་པས་རོ་འཛིན་རྣོ་ལ་དཔལ། ཁྲོམ་ཚོགས་སྐད་ཆའི་གད་སྙིགས་མ་ཚོར་བས་རིག་པ་དྭངས་ཤིང་གསལ།རྗེ་བཙུན་ལ་བདུད་མོའི་མེ་དྲོད་ཡོད་པས་རྡོ་ནག་སྲེག་པའི་མེ་ལ་སྐྱབས་མི་དགོས། རི་ཕག་རྣམས་ལ་ད་དུང་གློག་སྲོས་འཇོག་དགོས་པས་སོ༎ད་ལྟ་དྲང་མོ་བཤད་ན་རི་ཕག་དང་རི་ཕག་གི་ལས་ཁུངས་ན་སྙན་ངག་པ་ཞིག་ཡོད་དམ།དེས་ཕྱིར་ད་ལྟའི་ཟ་ལོ་ནི་ཕག་ཟན་རྐྱང་བ་རང་རེད།མུ་མཐུད་དུ་ཟ་བར་ཐེ་ཚོམ་མི་དགོས་སོ། །

༦ སྙན་ལོག་པའི་འདས་ལོག

ཕལ་ཆེར་དགུན་གྱི་དུས་སུ་འཕྲད་ཡོང་ཞེས་པའི་རྒྱ་གླུ་དེ་གྲག་དུས་སུ་ང་རང་ཕོ་ལོ་བཅོ་བརྒྱད་རེད། སྣང་བ་དྭངས་དུས་རེད།  སྐབས་དེར་ངས་ཁ་བ་གླེང་རྒྱུ་བརྗེད་འདུག  རྒྱུ་མཚན་ནི་ཁ་བས་རང་ཅག་ལ་གྲང་རླུང་འུར་འུར་ལྡིང་བའི་མཁའ་དབུགས་ཤིག་ལས་ཅི་ཡང་མ་བྱིན་པས་སོ།།ངས་བོད་ལའང་ཚོན་མདོག་གི་པར་རིས་སྣ་ཚོགས་ཤིག་དཔར་སྐྲུན་བྱ་རྒྱུ་ཡོད་པར་ཡིད་ཆེས་བཅིངས་པ་ཡིན།ལོ་འདི་དག་ལ་རང་གིས་ངོ་ཤེས་པའི་སྨྱུ་གུ་ཐོགས་མཁན་སྐོར་ཞིག་ནར་མ་སོན་གོང་ལ་མིག་གིས་བལྟས་བལྟས་ལ་རྒུད་དེ་བཤུད་སོང་བ་མཐོང་བས་ཅི་བྱེད།ཁོ་ཚོས་རྩྭ་གཟུགས་བཞིན་བཅོས་པའི་རང་གི་རིག་པ་སྤུ་སུར་མ་དང་སྙན་ངག་ཉི་ཚེ་བ་རྣམས་སྔ་མོ་ནས་ཐན་པས་གཙེས་ཏེ་ཤུལ་མེད་དུ་འགྱུར་ཚར་བས་ཅི་བྱེད། རླུང་བཞིན་གཡུག་ཏུ་ཆུགས།ཆུ་བཞིན་བཞུར་དུ་ཆུགས་ཟེར་ངེས་ཤིང་། ང་ལ་ཁྱོད་ནི་གནམ་ཡིན་ཞིང་།ས་མ་ཡིན་པར་བཤད་ངེས།དེ་ལ་སྡིག་མོལ་གྱི་རྣམ་པ་ཞིག་ཀྱང་ཡོད།ལྟ་ཚུལ་དེར་ངའང་ཡོངས་སུ་འཐད་པ་ཡིན།ཡིན་ཡང་དེ་རིང་གི་སྐད་ཆ་ནི་སྙན་ངག་པའི་རྩིས་ཐང་གི་ཆེད་དུ་བཤད་པ་ཡིན།གལ་ཏེ་འཇིག་རྟེན་པའི་གནས་ལུགས་ཀྱི་མདུན་ན་ང་ལ་ནག་ཉེས་ག་འདྲ་ཞིག་ཡོད་ནའང་།དེ་ཉིད་དག་སེལ་བྱ་མཁན་གྱི་མི་ཞིག་ཡོད་པར་ང་ལ་ཡིད་ཆེས་ཆེན་པོ་ཡོད། ཁོ་ཚོས་ངས་ཡང་བསྐྱར་སྙན་ངག་ཅིག་འབྲི་རྒྱུ་དང་།སྙན་ངག་ཀྱང་སྔོན་ཆད་འབྲི་མྱོང་།ད་ལྟ་མ་བྲིས་པར་ལུས་སོང་།ད་ནི་གང་འདྲ་ཞིག་འབྲི་དགོས་པ་མི་ཤེས། སོགས་གཏམ་འདྲ་མིན་སྣ་ཚོགས་བཤད་བྱུང་།སྐབས་དེར་སྙན་ལོག་པ་སོ་སོས་རང་ཉིད་རང་ཉིད་ཀྱིས་རྒྱང་ཕུད་གཏོང་གི་ཡོད་པ་ལས།ང་ཚོ་ལ་འབྲེལ་བ་དང་ནག་ཉེས་ཅི་ཡང་མེད།རང་གི་ན་ཚོད་ཀྱིས་ཚོར་བ་ཅི་ཡང་བྱིན་འོང་ལ་དེ་ནི་བཀླགས་ཟིན་པའི་སྙན་ངག་སྐོར་ཞིག་ཡིན།༼ང་སོང་ཤུལ་དུ་རྟ་འདེད་མེད། ང་བསྡད་ཤུལ་དུ་ཨ་བྲ་མེད། ང་ཡལ་སོང་།འཇིག་རྟེན་ལ་ཁུར་བོ་མེད་པ་ཇི་བཞིན།ང་གཏན་དུ་ཡལ་འགྲོ༽ངས་རང་གི་འཇམ་ཤས་ཆེ་བའི་ངང་རྒྱུད་ཀྱི་བྱིན་རླབས་ལ་ཐེ་ཚོམ་མི་ཟ་བའི་ཆེད་དུ་བཟོད་པ་ཞེས་པའི་སྙན་ངག་ཅིག་ངོ་ཤེས།དེ་ནི་སྙན་ངག་དྲན་པའི་སྐབས་ཤིག་རེད།བདག་གི་གམ་གྱི་སྙན་ངག་པ་རེ་རེས་སྨྱུ་གུ་ཐག་སྒྲ་དང་བཅས་སར་གཡུགས་ནས་འཇིག་རྟེན་སྒྲུབ་ཏུ་འགྲོ་ཞེས་བུད་སོང་། །

༧ སྙན་ལོག་པའི་བླ་འདར་བ།

དེ་རིང་གི་ང་ཚོས་རྐུ་བ་དང་འཕྲོག་པ།བླངས་པ།གསོག་པ་སོགས་ཀྱིས་བསྡུས་པའི་སྒོར་རྡོག་འགའ་རྐང་ཤག་དོར་མར་བཅུག་ནས་ཅོག་ཙེ་གྲུ་བཞི་མ་ཞིག་བསྲུང་དེ་མི་སྡོད་པར། ཁང་བའི་སྒོ་ཁར་བུད་ནས་རང་ཉིད་ལ་ད་དུང་ཆུ་ཤེལ་བཞིན་དྭངས་པའི་མིག་འབྲུ་གཉིས་ཡོད་པ་ནང་བཞིན་མི་ཡུལ་ལུང་བ་ལ་ཞིབ་ཀྱིས་གཟིགས་དང་།སྲང་བར་གྱི་བཞི་མདོ་ནས་རང་གི་རྣམ་དཔྱོད་བོར་བརླགས་ཐེབས་པའི་ཤུལ་དུ་མིག་མྱུལ་འགའ་བྱས་རྗེས་འགྱོད་པ་རྟས་མི་ཟིན་པ་ཞིག་ལ་འཁོར་ཡང་སྲིད།དོག་ཙམ་གྱི་རྗེས་སུ་རྟ་དེ་ལ་སླར་ཡང་ཆབ་སྲིད་ཀྱི་སྒ་ཆས་སྤྲས་ཏེ་ཁོ་ཚོས་ངོ་སྤྲོད་བྱས་པའི་བ་ཡན་ཐང་དུ་ཆ་རྒྱུས་ཅི་ཡང་མེད་པར་གློད་འགྲོ།དེ་ནི་བདག་པོ་དང་བདག་པོའི་ཡུལ་མཐའ་དག་བོར་བའི་གཏམ་རྒྱུད་ཅིག་རེད།ལོ་ཁ་ཤས་ལ་རང་ཉིད་ཀྱིས་ཨ་བྲ་ཞིག་དང་འདྲ་བར་བྲེལ་འཚུབ་ངང་བསོགས་པའི་དོང་ཙེའི་སྒྱེ་མོ་ལྗིད་དྲག་སྟེ་གཉའ་སྟེང་དུ་རི་རབ་བཞིན་བབས་རྗེས་མི་སྐད་ཀྱང་མི་བྱོན་པའི་ཚད་དུ་བསྐྱལ་བ་ཅི་ལ་མི་ཤེས།སྐབས་དེར་རང་གཞན་གཉིས་མཉམ་དུ་བོར་སོང་།སྙན་ངག་བཤད་ཅི་ལ་དགོས།ཐ་ན་བཟོ་སྐྲུན་གྱི་འདུ་ལོང་ཁྲོད་ན་སྔོན་ཐོན་པས་འཛམ་གླིང་གི་ལག་རྩལ་ཡང་རྩེ་དང་གཤིབ་བསྡུར་བྱས་ནས་ཆེས་མཐོ་ཁང་རྩེག་དང་།  ཆེས་རིང་བའི་ཟམ་ཆེན། མཁའ་ལམ་གྱི་ས་ཚུགས་སོགས་བཤད་ཀྱིན་མི་ཡུལ་གྱི་སྐད་ཆ་སིལ་མ་དང་།ཕྲག་དོག་སིལ་མ།ཕྱོགས་རུས་སིལ་མ།འཐབ་རྩོད་སིལ་མ།འདོད་ཆགས་སིལ་མ།མངའ་ཁུངས་སིལ་མ་སོགས་གང་ལའང་བདག་པོ་མ་བརྒྱབ་པར་དགུ་ཚིགས་ཀྱི་དབྱིངས་རིམ་ན་ཕོ་བྲང་གསར་བ་བཟོ་བཀོད་བྱེད་ཀྱིན་འདུག  མཁའ་ལམ་ན་གླུ་ཆུང་ལེན་པའི་ཁོ་ཚོ།གཟའ་སྐར་གྱི་གདོང་ལ་རྐང་རྗེས་ཕབ་པའི་ཁོ་ཚོ། ཨ་རུ་བའི་ནའ་ཕོ་ལུང་འཇིག་རྟེན་འཕུར་གྲུ་ནི་ཟླ་བའི་སྟེང་འབུད་སྔ་ཤོས་ཡིན་པར་བཤད་ཀྱང་།༼མུན་པའི་ལས་འགན༽ཞེས་པའི་དེབ་ཏུ་ཟླ་བའི་སྟེང་ལ་སྔར་ནས་སེམས་ཅན་གྱི་འགུལ་སྐྱོད་བྱས་ཟིན་ཞེས་གསལ་བཤད་བྱས་ཡོད་ལ།ཡང་དེང་གི་གནམ་རིག་པས་རྗེས་ཀྱི་མི་ལོ་ཉི་ཤུའི་ནང་འཇིག་རྟེན་གཞན་པའི་མི་རིགས་ཐུབ་ཅེས་སྔོན་དཔགས་བྱས་འདུག དྲང་གཏམ་བཤད་ན་ཁོ་ཚོ་ཡང་རྩེད་ཆས་ཀྱི་སྐོར་ལ་གཏོགས་པ་རེད། ང་ཚོས་དེ་བཞིན་འབྲི་མྱོང་བའི་སྙན་ངག་དང་།གསོན་མྱོང་བའི་སྙན་ངག་པ་ནི་ས་ནག་གས་སྲུབས་བར་ནས་འབུ་ནག་རྭ་ཅོ་ཅན་ཞིག་དང་འདྲ་བར་འཇིག་རྟེན་ཁམས་ཆེན་མོའི་ཀློང་དུ་འཐིམས་ཚར། །

༨ སྙན་ལོག་པའི་འཁོར་བ།

ང་ཚོས་རང་རང་གི་ཁང་ཕུག་ནས་ཕྲུ་གུ་རྣམས་ལ་བྱིས་སྒྲུང་ཚན་པ་རེ་རེ་ལབ་ནས་གཉིད་ལ་བཀུག་ན་ཡང་།ད་དུང་བྱིས་པའི་རྒྱབ་ལྗོངས་ནི་རྨི་ལམ་ཞིག་དང་འདྲ་བར་བློ་གཏད་ཆོག་པ་ཞིག་གཏན་ནས་མ་རེད།  ང་ཚོ་གང་ལྟར་འཚོ་བས་བརྡར་ཏེ་མེ་ལྕེབས་སུ་བཅོས་ཟིན་པས་མགོ་བོ་ཀླད་པ་དང་ལྷན་དུ་རྒྱུ་ནོར་གྱི་མདུན་དུ་ཡོང་ཏོག་ལྟར་འགྲུལ་འགྲོ་བ་རེད།༼དེ་ནི་བོད་སྐད་དག་མའི་ལམ་ཡིག་རེད།མེ་འབུག འཁྲུད་རྭ།སྐོམ་ཆུ་འཐུང་ངམ༽ཟེར།ཐ་སྙད་གང་མང་ཞིག་ཀོ་གྱོང་འཆའ་བ་བཞིན་མིད་པར་བྱོན་བདེར་མ་ལེགས་ཀྱང་།དེ་ནི་ཕ་སྐད་ཡིན་པས་ཅིས་ཀྱང་ཟ་དགོས་པ་དང་མིད་དགོས་པ་རེད། ཡིན་ཡང་དེ་ལ་ང་ཚོས་ཧུར་ཐག་བྱ་དགོས་ཟེར། དེ་ཡང་གླེན་པ་ལྕགས་འཆན་གྱི་བྱ་ལས་ཅི་ཡང་མི་འདུག ཕྲུ་གུའི་སང་ཉིན་གྱི་ལམ་དེར་དལ་ཞིང་ལྷོད་པའི་རྗེས་ལུས་ཀྱི་རྡོག་ཁྲེས་ལྗིད་མོ་ཞིག་གོམ་པའི་འགྲོས་སུ་བབས་པ་ཅི་ལ་མི་ཤེས།ང་འགྱོད་པ་རྟས་མི་ཟིན། རང་མི་རིགས་ལ་ཤ་ཚ་ན།ཤ་ཚ་ན་གཞུང་ཁང་ནས་སྙན་ངག་མི་བརྗེད་ལ།ཤ་ཚ་ན་ཕྲུ་གུ་རྡུང་རེས་ལ་མི་འདེད། ཤ་ཚ་ན་བཤད་ཡམས་ཀྱིས་རུ་ཁྱིམ་མི་དཀྲུག་ཁོ་ཐག་རེད། ཡར་ལ་ལོངས་དང་།ཁང་སྒོ་ལ་བུད་དང་།མི་ཡུལ་ལུང་བའི་བཟོ་སྐྲུན་གྱི་གཡུལ་ས་ན།ཤེས་དཔྱོད་ཀྱི་ཕོ་བྲང་ན།འདི་ནི་འུར་རྒྱག་ཟང་ཟིང་གི་ཚོང་ར་མིན་པར།ཡས་ཀྱི་ཤེས་ཡོན་ཐབས་ལམ་ལ་འགྲན་པ། མས་ཀྱི་ཀུན་སྤྱོད་བློ་གྲོས་ལ་གཟོབ་དང་། ཚང་མ་སྙན་ངག་ནས་མ་སྨིན་པའི་མཛེས་སྡུག་གཅིག་ཀྱང་མེད་དེ།སྙན་ངག་ཅེས་མི་འབྲི།རྡོག་བྲོ་རྒྱག་ཞོར་དུ་མི་ཡི་གྲལ་དུ་སླེབས་ཤིང་། ངུ་བྲོ་བའི་སྙན་ངག་པ་སྐོར་ཞིག་ཐང་དུ་ལྷུང་བ་ཤེས།མི་དེ་དག་གི་ལྷུང་བ་གནམ་ལ་མི་ཤོང་།སྐབས༼དེར་ང་ཚོས་གསེར་གྱི་བུམ་པ་ཞིག་ཐང་དུ་བརྒྱབ་སོང་ཞེས་མི་བཤད་པར། ལྕགས་ཀྱི་ཆབ་ཏོ་ཞིག་ཐང་དུ་འགྲུལ་སོང༽ཟེར་ངེས་སོ། །

                                         ༢༠༡༢ལོའི<<མི་ཚེའི་འགན་འཁྲི>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41563859
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1