གཅོད་པ་གསུམ་གྱིས་གནོད་སྦྱིན་མོ་ཞིག་བཏུལ་བའི་སྒྲུང་།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 17 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གནའ་གཏམ་དང་སྒྲུང་། »གཅོད་པ་གསུམ་གྱིས་གནོད་སྦྱིན་མོ་ཞིག་བཏུལ་བའི་སྒྲུང་།
གཅོད་པ་གསུམ་གྱིས་གནོད་སྦྱིན་མོ་ཞིག་བཏུལ་བའི་སྒྲུང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/9/22ལྟ་ཀློག (1693)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                            བསྟན་པའི་ཉི་མ།
  
སྔོན་ཨ་མདོ་ཡུལ་གྱི་འབྲོག་སྡེ་ཆེན་པོ་ཞིག་ན་སྤུན་ཟླ་གསུམ་ཡོད་པའི་ཁྱིམ་ཚང་གཅིག་ཡོད། བུ་སྤུན་གསུམ་ག་ཆོས་སེམས་ཆེན་པོ་ཡོད་པར་མ་ཟད་སྒོམ་ཉམས་ལེན་སོགས་ལ་བརྩོན་པ་བྱེད་མཁན་ཤ་སྟག་རེད། སྐབས་ཤིག་ལུང་བ་དེར་བླ་མ་རྩ་ཆེན་ཞིག་ཡོད་པ་དེས་གཅོད་ཀྱི་དབང་གནང་བཞིན་འདུག་ཟེར་བ་ཞིག་སྤུན་ཟླ་གསུམ་གྱིས་ཐོས། དེ་ནས་ཁོང་གསུམ་པོས་གཅོད་དབང་ཞུ་རུ་འགྲོ་རྒྱུ་ཡིན་མིན་གྲོས་བྱས་པས་གསུམ་ག་ཁ་འཆམས་ཏེ་ཞུ་རུ་སོང་། གཅོད་དབང་ཐོབ་མཁན་ཚང་མ་རི་བརྒྱ་གཉན་བརྒྱ་དུར་བརྒྱ་སོགས་ལ་འགྲིམ་དགོས་འདུག་ཀྱང་། ཁོང་གསུམ་པོས་ཁས་ལེན་དམ་བཅའ་བྱས་ཏེ་གཅོད་དབང་ཟབ་མོ་དེ་ཐོབ་པར་བྱས། ད་ཁོང་གསུམ་གྱིས་ཁས་བླངས་པ་བཞིན་གཉན་ས་་འགྲིམ་དགོས་རྒྱུ་དེ་རེད། འོན་ཀྱང་གཉན་ས་འགྲིམ་རྒྱུ་དེ་ལས་སླ་བོ་ཞིག་གཏན་ནས་མིན་པ་ཁོང་གསུམ་གྱིས་ཤེས་གསལ་རེད།
  
གཅོད་ཉམས་ལེན་བྱེད་སྐབས་གང་གི་གཉན་ས་དང་། བཙན་ས། གདོན་འདྲེ་གདུགས་པ་ཅན་སོགས་གནས་སར་འགྲིམ་དགོས་་པ་ནི་གཅོད་ཀྱི་ལུགས་སྲོལ་ལྟ་བུར་ལགས། ཁོང་གསུམ་ག་དུས་གཅིག་ཏུ་སོང་ན་ཁྱིམ་ཚང་ལ་དཀའ་ངལ་ཡོད་སྟབས། སྤུན་ཟླ་གསུམ་པོས་དུས་གཅིག་ཏུ་་མི་འགྲོ་བར་བྱས་ཏེ་རིམ་བཞིན་གཅིག་གིས་གྲུབ་རྗེས་གཅིག་འགྲོ་རྒྱུ་ཐག་བཅད། གཞན་གཉིས་ཀྱིས་ཁོང་ལ་ཞབས་འདེགས་བསྒྲུབ་རྒྱུ་བྱས། སྤུན་ཆུང་ཤོས་གཉིས་ཀྱིས་སྡོད་གུར་དང་བདུན་ཕྲག་གཅིག་ལ་འདང་ངེས་ཀྱི་ཟ་མ་སྤུན་རྒན་པ་དང་མཉམ་དུ་གང་གི་ས་ཆ་གཉན་ས་ཞིག་ཏུ་སོང་ནས་སྡོད་གུར་རྒྱབ། གཞན་གཉིས་བདུན་ཕྲག་གཅིག་གི་རྗེས་ནས་ལྟ་རུ་ཡོང་རྒྱུ་བྱས་ཏེ་རང་ཁྱིམ་ལ་ལོག བདུན་ཕྲག་གཅིག་གི་རྗེས་ནས་སྤུན་འབྲིང་བ་དེ་རྒན་པར་ལྟ་རུ་སོང་། ཁོ་ས་ཆ་དེ་ལ་སླེབས་དུས་སྔར་དང་མི་འདྲ་བར་འཇིགས་སྣང་ཞིག་རང་བཞིན་གྱིས་སྟེར། ཡར་ག་ལེར་གུར་གྱི་འགྲམ་དུ་སླེབས། ཡིན་ནའང་གྲགས་རྒྱུ་གོ་རྒྱུ་གང་ཡང་མེད་པར་ཁུ་སིམ་མེར་སྣང་། སྐད་ཆུང་ཆུང་ཞིག་གིས་ངང་ནས་སྤུན་རྒན་པར། ང་འདིར་ཁྱོད་ལ་ཟས་སྐྱེལ་དུ་ཡོང་ཡོད་ཅེས་བརྗོད་ནའང་། ཡ་ལན་གང་ཡང་སྟེར་མཁན་མེད༏ དེ་ནས་ཁོས་འཇིགས་སྣང་དང་བཅས་གུར་སྒོ་ཕྱེས་ནས་བལྟས་པས། སྤུན་རྒན་པ་སྣ་ནས་ཁྲག་ཐོན་ཏེ་ཤི་ཡོད་པ་མཐོང་།
  
ད་ཞེད་སྣང་སྐྱེ་དགོས་རྒྱུ་ཞིག་ལ་སྤུན་རྒན་པ་ཤི་སྟངས་དེ་ལྐོག་གྱུར་གྱི་གནས་སུ་གྱུར། སྔར་ཁས་བླངས་པ་ནང་བཞིན་སྤུན་འབྲིང་བ་ཁོང་དེ་གར་འདུག་རྒྱུ་ཐག་བཅད་དེ་བསྡད། ཆུང་བ་དེ་བདུན་ཕྲག་གཅིག་གི་རྗེས་ནས་སྤུན་འབྲིང་བོར་ལྟ་རུ་སོང་། ཁོང་གུར་གྱི་ཉེ་འགྲམ་དུ་སླེབས་སྐབས་སྔར་དང་མི་འདྲ་བའི་འཇིགས་སྣང་དང་སྐྲག་སྣང་བཟོད་མེད་ཅིག་སྟེར། ཁོས་གུར་གྱི་སྒོ་ཕྱེས་མ་ཕོད་པར་སྐད་ཆེན་པོས་སྤུན་འབྲིང་བོ་མིང་གི་བོས། འོན་ཀྱང་ཨ་ལན་གང་ཡང་སྟེར་མཁན་མེད༏ ད་ཁོང་དེ་བས་ཀྱང་འཇིགས་སྐྲག་ངང་གུར་་སྒོ་ཧར་གྱིས་ཕྱེས་ནས་བལྟས་དུས། སྤུན་འབྲིང་བོ་ཡང་རྒན་པ་ནང་བཞིན་སྣ་ནས་ཁྲག་ཐོན་ཏེ་གྲོངས་ཚར་འདུག ད་ཁོས་ཞིབ་ཏུ་རྟག་དཔྱད་བྱས་དུས་གུར་གྱི་ངོས་སུ་ཡིག་གེ་གསལ་ལ་མི་གསལ་བ་ཞིག་ཁྲག་གིས་བྲིས་འདུག དེ་ནི་འོ་མ་དེ་འཐུང་མི་རུང་ཟེར་བ་ལས་གཞན་གང་ཡང་མེད།
   
འོན་ཀྱང་ནང་དོན་གང་ཡིན་ཤེས་མི་ཐུབ་པར་མ་ཟད་ཤིན་ཏུ་ལྐོག་གྱུར་གྱིས་གནས་སུ་ལྷུང་། ད་ཆུང་ཤོས་དེ་རེ་ཞིག་ཅི་བྱ་འདི་བྱ་མེད་པར་ལུས། སྤུན་རྒན་གཞོན་གཉིས་ཀ་གྲོང་ཟིན་ཡང་། གྲོང་སྟངས་ཏེ་ཤེས་འདོད་ཆེན་པོ་འདུག ཡིན་ནའང་འོ་མ་དེ་མ་འཐུང་ཟེར་བ་ཙམ་ལས་གཞན་གང་ཡང་མེད་སྟབས་གྲོང་སྟངས་གསལ་བོ་ཞིག་ཤེས་ཐབས་བྲལ། ད་་ཁོ་རང་དེ་ག་རང་དུ་གཅོད་ཀྱི་ཉམས་ལེན་ལ་བསྡད། ཉིན་མཚན་དྲུག་ཏུ་བགོས་ཏེ། ཉིན་་ཚར་གསུམ་དང་མཚན་མོ་ཚར་གསུམ་བཏོན། ཉིན་དང་བོ་ནས་བདུན་པའི་བར་དུ་གྲགས་འགུལ་གང་ཡང་མེད་པར་ཁུ་སིམ་མེར་སྣང་། ཉིན་བདུན་པའི་དགོང་མོ་ཉི་མ་ནུབ་རྗེས་གཅོད་ཀྱི་ཉམས་ལེན་ལ་བརྩོན། ཐུན་མཚམས་རྫོགས་ནས་རྨི་ལམ་གྱི་རྣལ་འབྱོར་ལ་མཉམ་པར་བཞག་པའི་ངང་ནས་ཉལ། ཅུང་ཟད་ཅིག་གཉིད་ཁུག་པའི་མཚམས་ནས་བུད་མེད་ཅིག་གིས་་གླུ་ལེན་པ་ཞིག་ཐོས་ནས་གཉིད་ལས་སད། དེ་ནས་ཡར་ལངས་ནས་བལྟས་དུས་ནམ་ལངས་པར་མ་ཟད་ཉིན་གུང་གི་ཚད་ཙམ་དུ་སླེབས་ཚར་འདུག འོན་ཀྱང་གཉིད་ཐུན་གཅིག་མ་འགོར་བར་ནམ་ལངས་སོང་བར་ཡ་མཚན་སྙམ་བཞིན་ནམ་རྒྱུན་བཞིན་གཅོད་ཀྱི་ཉམས་ལེན་ལ་བརྩོན།
  
ཅུང་ཞིག་ནས་སྐད་སྒྲ་དང་འུར་སྒྲ་ཞིག་གིས་ལུང་བར་བཀངས་བ་ལྟ་བུ་འདུག་པས་གུར་གྱི་ཕྱི་ལོགས་སུ་སོང་ནས་བལྟས་དུས་འབྲོག་པ་ཞིག་གིས་རུ་སྤོར་བཞིན་འདུག བུད་མེདཧ་ཅང་གི་སྐད་སྙན་པ་ཞིག་གིས་གླུ་ལེན་ཞིང་ཟོག་ལུག་འདེད་བཞིན་ཡོང་བ་མཐོང་། ཅུང་ཞིག་ནས་འབྲོགཁྱིམ་དེའི་སྦྲ་གུར་ཁོང་གི་གུར་དང་ཐག་ཉེ་ཞིག་ནས་ཕིབས་སོང་། ཁོས་བསམ་བློར་ད་ང་ལ་ཁྱིམ་མཚེས་ཤིག་སླེབས་སོང་བས་མི་ལེགས་པ་གང་ཡང་མི་འདུག སྤུན་རྒན་པ་གཉིས་ནི་གྲོང་ཚར་འདུག་པས་སྐྱོ་རོགས་ཤིག་ཡོད་ན་ཅིས་མི་ལེགས་བསམབཞིན་ཉམས་ལེན་ལ་བརྩོན། ཅུང་ཞིག་ནས་གླུ་ལེན་མཁན་བུད་མེད་དེ་ཁོང་གི་རྩར་སླེབས་ནས་། སྔགས་པ་ལགས་འོ་མ་འདི་ད་ད་རང་བཞོས་པ་ཡིན་པའི་བཞེས་རོགས་མཛོད་ཟེར། དེ་ནས་ཁོ་དགའ་ཐག་ཆོད་ནས་འོ་མ་དེ་ཚུར་བླངས་ནས་འཐུང་བར་བརྩམས་དུས་བློ་བུར་དུ་འོ་མ་དེ་འཐུང་མི་རུང་ཟེར་བ་དེ་དྲན་ནས་བསམ་བློ་མང་བོ་ཞིག་འཁོར། དེ་དུས་འོ་མ་སྟེར་མཁན་གྱི་བུད་མེད་དེ་ཅུང་ཟད་འཚབ་འཚུབ་བྱེད་ཀྱིན་འདུག ཡ་ད་བུད་མེད་འདི་འདྲེ་མོ་ཞིག་ཡིན་ངེས་རེད་སྙམ་ནས་འོ་མ་དེ་ཕར་བུད་མེད་དེའི་གདོང་ལ་སྟོར། བུད་མེད་དེ་ངུ་སྒྲ་ཆེན་པོ་དང་བཅས་གར་སོང་ཆ་མེད་དུ་གྱུར། དེ་དུས་འདྲེ་མོ་དེའི་རྫུ་འཕྲུལ་ཉམས་ནས་ཕྱིར་མཚན་མོར་གྱུར་ནས་ཁུ་སིམ་མེར་སྣང་། ད་གཟོད་ཁོའི་སྤུན་རྒན་པ་གཉིས་འདྲེ་མོ་དེས་བཀྲོངས་པ་ཡིན་པ་གསལ་བོ་རྟོགས་པ་རེད།
   
འདྲེ་སྒྲུང་འདི་ནི་ཁོ་བོ་ཆུང་དུས་སུ་སྔགས་རྒན་ཞིག་གི་ངག་ལས་ཐོས་པ་ཡིན། སླད་དང་རྟོག་བཟོ་གང་ཡང་མེད་པར་གང་ཐོས་པ་དེ་བསྟན་པའི་ཉི་མའམ་རྟ་བདུན་དབང་བོར་འབོད་པས་ཨ་རི་ནས་ཡིག་གེར་བཀོད་པ་ལགས་སོ།།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
20r6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15102050
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号