རྩོམ་རིག་དང་སྤྱི་ཚོགས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 30 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »རྩོམ་རིག་དང་སྤྱི་ཚོགས།
རྩོམ་རིག་དང་སྤྱི་ཚོགས།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/10/28ལྟ་ཀློག (2480)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

__  ཐོག་མའི་འཇུག་ཚུལ།

                                                         མདོ་ལྷོ      ཐེ་གེ

       རང་རེའི་བོད་ལ་མཚོན་ན་རྩོམ་རིག་བཅས་པའི་ཐ་སྙད་འདི་བཅིངས་འགྲོལ་རྗེས་ནས་རྒྱའི་ལྦུན་ཞུའེ་ཞེས་པ་དེས་ཐད་བསྒྱུར་བྱས་ནས་བྱུང་བ་ཞིག་རེད།བརྡ་ཆད་འདི་བཅིངས་འགྲོལ་རྗེས་ནས་བོད་ལ་དར་བ་མ་གཏོགས་དེས་ལ་བླ་ལྷག་ཏུ་མཚོན་དོན་གསར་བ་ཞིག་ཡོད་པ་མ་རེད།དུས་རབས་ཀྱི་བར་ཁྱད་དང་རིག་གནས་ཀྱི་བརྡ་ཆད་འདོགས་སྟངས་མ་འདྲ་བ་མ་གཏོགས་བོད་རང་གི་སྙན་ངག་དང་རྩོམ་རིག་ཅེས་བ་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་ཤིག་རེད།དུས་རབས་བཅུ་གསུམ་པའི་སྐབས་སུ་༼སྙན་ངག་མེ་ལོང་མ་༽བོད་ལ་དར་བ་ནས་བཟུང་སྙན་ངག་གི་མཚན་ཉིད་ལ་བཅད་ལྷུག་སྤེལ་གསུམ་གྱི་བདག་ཉིད་ཅན་དུ་བརྗོད་ཀྱི་ཡོད།དེ་བཞིན་དུ་བོད་རང་གི་སྙན་ངག་གི་དོན་ནི་རྣ་བར་སྙན་ཞིང་ཡིད་དུ་འོང་བའི་སྙན་ཚིག་གཅིག་པོ་མ་ཡིན་པར།སྒྲུང་རྩོམ་དང་ལྷུག་རྩོམ།ཟློས་གར་སོགས་ངག་གི་སྒྱུ་རྩལ་གྱི་རིག་པའི་བདག་ཉིད་ཅན་ཞིག་ཡིན་པས་གསར་དར་ཐ་སྙད་རྩོམ་རིག་ཅེས་པའི་བརྗོད་དོན་དང་འབྲེལ་ཆགས་པོ་ཡོད།

                                       ༡  སྤྱི་ཚོགས་ལས་རྩོམ་རིག་བྱུང་བ་ཡིན།

སྤྱི་ལོ་སྔོན་གྱི་དུས་རབས་བཞི་བ་ཡས་མས་སུ་པོ་ལ་ཐོས་༼རྩོམ་རིག་སྒྱུ་རྩལ་གྱི་གླེང་མོལ་ཕྱོགས་བསྡུས་༽ཞེས་བ་ཞིག་བྲིས་པ་ནས་བཟུང་འཛམ་གླིང་ཐོག་རྩོམ་རིག་གི་ས་བོན་འབུས་མགོ་བརྩམས་པ་རེད།དེ་ནས་བཟུང་མི་རྣམས་ཀྱིས་རྩོམ་རིག་ལ་བརྟེན་ནས་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་པ་དང་མི་དང་མིའི་བར་ལ་མཚམས་སྦྱོར་དང་བློ་འདྲིས་འབྱུང་བར་ནུས་པ་གལ་ཆེན་ཐོན་པ་རེད།མར་ཁེ་སིས་༼མི་རྣམས་ཀྱིས་རང་ཉིད་ཀྱི་ལོ་རྒྱུས་རང་གིས་གསར་སྐྲུན་བྱས་པ་ཡིན་ནའང་དེ་རང་སྣང་གང་ཤར་དང་།རང་ཉིད་ཀྱིས་གདམ་གསེས་བྱས་པའི་ཆ་རྐྱེན་ཞིག་གི་འོག་ནས་གསར་སྐྲུན་བྱས་པ་ཞིག་གཏན་ནས་མ་ཡིན་པར་ཐད་ཀར་ཕྲད་པའམ།ཐག་གིས་བཅད་ཟིན་པའམ་སྔ་མ་ལས་རྒྱུན་འཛིན་བྱས་ཡོང་བའི་ཆ་རྐྱེན་ཞིག་གི་འོག་ནས་གསར་སྐྲུན་བྱས་པ་ཞིག་ཡིན།༽ཞེས་པ་བཞིན་དུ་རྩོམ་རིག་དེ་ཚོད་ཚོད་ལ་གང་ཞིག་ནས་ལྷུང་འོང་བ་ལྟ་བུ་ཞིག་མ་ཡིན་པར་དངོས་ཡོད་སྤྱི་ཚོགས་འཚོ་བ་ལས་སྲེག་བཅད་རྡར་གསུམ་བྱས་ཏེ་ཐོན་པ་ཞིག་ཡིན་ཕྱིར།དེ་བས་སྤྱི་ཚོགས་འཚོ་བ་དེ་རྩོམ་རིག་གི་ཞིང་ས་ཞིམ་པོ་ཞིག་ཏུ་གྱུར་བ་རེད།

གནའ་བོའི་ཀེ་རི་སིའི་ལད་ཟློས་སྨྲ་བ་ཧུ་ལ་ཁུ་ལེ་ཐིས་༼སྒྱུ་རྩལ་ནི་རང་བྱུང་ཁམས་ཀྱི་ལད་ཟློས་ཡིན།༽ཞེས་པ་བཞིན་དུ་མི་རྣམས་ཀྱིས་རང་བྱུང་ཁམས་ཆེན་མོར་བསྒྱུར་བཀོད་གཏོང་བའི་གོ་རིམ་ཁྲོད་དུ་རང་བྱུང་ཁམས་ཀྱི་ལེགས་ཆ་དང་དགེ་སྐྱོན་སོགས་ལ་སློབ་སྦྱོང་བྱས་ནས་ལད་ཟློས་ལས་ཐོན་པའི་གསར་གཏོད་ཀྱིས་མིའི་རིགས་ལ་སྒྱུ་རྩལ་གྱི་རྒྱགས་ཕྱེ་གྱ་ནོམ་པ་སྦྱིན་གྱི་ཡོད།དེ་བཞིན་དུ་ང་ཚོས་འཇོལ་མོར་སློབ་སྦྱང་བྱས་ནས་གླུ་གཞས་ལེན་པ་དང་།སྡོམ་དྲ་ལ་བརྟེན་ནས་ཐགས་འཐག་པ་སོགས་ལས་སྒྱུ་རྩལ་དེ་རང་བྱུང་ཁམས་ལ་ལད་ཟློས་བྱས་པ་ཞིག་ཡིན་པ་རྟོགས་ཐུབ་པས་རྩོམ་རིག་སྒྱུ་རྩལ་ཡང་དེ་ལས་མ་འདས་སོ།                          ལོ་རྒྱུས་སྙན་ངག་དང་བརྩམས་སྒྲུང་།ཟློས་གར་སོགས་རྩོམ་རིག་སྒྱུ་རྩལ་གང་ཞིག་ལ་མཚོན་ནའང་སྤྱི་ཚོགས་འཚོ་བའི་སྣང་ཚུལ་འདྲ་མིན་གང་མང་ཞིག་རྩོམ་པ་པོའི་ཀླད་པར་ཚུར་སྣང་བྱེད་པ་ལས་ཐོན་པའི་ཐོན་དངོས་ཤིག་ཡིན།བོད་རང་གི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་༼གླིང་གེ་སར་རྒྱལ་བོའི་སྒྲུང་།༽ལྟ་བུ་ལ་མཚོན་ན་ཡང་བོད་སིལ་བུ་འཐོར་བའི་སྐབས་ཀྱི་ཚོ་དཔོན་ཞིག་གིས་ཞི་འདུལ་དྲག་རྒོད་བྱས་པའི་དཔའ་བོའི་སྙིང་སྟོབས་དེས་དམངས་ཁྲོད་ནས་ཆེ་བ་བརྗོད་ཕྱིར་ངག་ཐོག་དང་ཡིག་ཐོག་ཅི་རིགས་ནས་བྲིས་པས་རྩོམ་རིག་བརྩམས་ཆོས་ཤིག་ཏུ་གྱུར་བ་རེད།དེ་བཞིན་དུ་༼དྲི་མེད་ཀུན་ལྡན་༽དང་༼འགྲོ་བ་བཟང་མོ༽སོགས་ཟློས་གར་རྣམ་བརྒྱད་ཡང་བོད་སྤྱི་ཚོགས་སུ་སངས་རྒྱས་ཀྱི་བསྟན་པ་དར་མགོ་བརྩམས་པ་ནས་བཟུང་ཆོས་ལུགས་རྒྱ་ཆེར་དྲིལ་སྒྲོགས་བྱེད་ཆེད་བརྩམས་ཆོས་ཀྱི་ལམ་ནས་མཚོན་པ་རེད།དེ་བཞིན་ཕུལ་བྱུང་གི་བརྩམས་ཆོས་ཇི་འདྲ་ཞིག་ཡིན་ན་ཡང་རྩོམ་རིག་གི་ས་བོན་དེ་སྤྱི་ཚོགས་ཀྱི་ཞིང་ས་ནས་སྨིན་རྒྱུ་ནི་ཆོས་ཉིད་ཞིག་ཏུ་གྲུབ་ཡོད།

ང་ཚོས་རྒྱུན་པར་རྩོམ་རིག་ནི་སྤྱི་ཚོགས་ལས་བྱུང་ཞིང་སྤྱི་ཚོགས་ལས་ཚད་མཐོ་བ་ཞིག་ཏུ་བཤད་ཀྱི་ཡོད་པས།གནའ་བོའི་ཀེ་རི་སིའི་མཚད་ཉིད་རིག་པ་དང་རྩོམ་རིག་རིགས་པའི་དེད་དཔོན་ཡ་ལི་ཧྲི་ཏོའོ་ཏུས་༼སྙན་ངག་གིས་བྱུང་ཟིན་པ་ཁོ་ན་མཚོན་རྒྱུ་མ་ཡིན་པར།རང་བྱུང་ཆོས་ཉིད་ལ་བརྟེན་ནས་འབྱུང་བར་ངེས་པའི་དངོས་པོ་འབྲི་རྒྱུ་དེ་ཡིན་ནོ།༽ཞེས་པ་ལས་རྩོམ་རིག་ནི་སྤྱི་ཚོགས་ལས་བྱུང་བ་ར་སྤྲད་པ་མ་ཟད་སྤྱི་ཚོགས་ལས་ཚད་མཐོ་བ་ཞིག་ཡིན་པ་ཡང་གསལ་བོར་གསུངས་འདུག །

                                    ༢  རྩོམ་རིག་གིས་སྤྱི་ཚོགས་འབྲི་བཞིན་ཡོད།

རྩོམ་རིག་གིས་སྤྱི་ཚོགས་འཚོ་བའི་དུས་རབས་སོ་སོའི་འཕེལ་རྒྱས་དང་བསམ་བློའི་འཁོར་ཕྱོགས་རེ་རེར་བཞིན་དུ་མཚོན་གྱི་ཡོད།རྒྱའི་མཁས་པ་ལུའུ་ཞུན་གྱིས་༼རྩོམ་རིག་སྒྱུ་རྩལ་པའི་སྐད་ཆ་ནི་དོན་དངོས་སྟེང་གི་སྤྱི་ཚོགས་ཀྱི་སྐད་ཆ་ཡིན་ལ།ཁོང་རྣམས་དྲན་རིག་གི་ཚོར་ཤེས་རྣོ་བའི་དབང་གིས་སྔོན་ལ་མཐོང་ཞིང་སྔོན་དུ་བརྗོད་པ་ཙམ་མོ།༽ཞེས་གསུངས་བ་བཞིན།རྩོམ་པ་པོས་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་ཅི་རིགས་བརྩམས་ཆོས་ཀྱི་ལམ་ནས་ང་ཚོའི་མིག་མདུན་དུ་བཤམས་པ་དང་།སྤྱི་ཚོགས་འཚོ་བའི་གྲུ་དང་ཟུར་སོ་སོའི་གནད་དོན་ཆེ་མ་ཆུང་གསུམ་སོགས་བྲིས་པ་བརྒྱུད་ནས་ཕྱིར་སྤྱི་ཚོགས་ལ་ཞབས་འདེགས་ཀྱི་ནུས་པ་ཐོན་གྱི་ཡོད།

མིའི་རིགས་སྤྱིའི་འཕེལ་ཕྱོགས་དང་མཐུན་ཞིང་བསམ་པའི་དགོས་མཁོ་སྐོང་ཐུབ་པའི་བརྩམས་ཆོས་ནི་གནའ་ནས་ད་བར་དུ་ཤིན་ཏུ་མང་པོ་ཞིག་བྱུང་ཡོད།དེ་དག་གི་བརྗོད་སྙིང་དང་བསྟན་བྱ་ལས་བར་སྐབས་དེའི་མི་རྣམས་ཀྱི་དད་མོས་དང་རེ་འདུན།ཕུགས་བསམ།མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་སོགས་ཇི་ལྟ་བུ་ཞིག་ཡིན་པ་གསལ་ལེར་རྟོགས་ཐུབ།གནའ་བོའི་གདོད་མའི་སྤྱི་ཚོགས་སྐབས་ཀྱི་ལྷ་སྒྲུང་དང་བྱིས་སྒྲུང་།གཏམ་རྒྱུད་སོགས་ལས་སྐབས་དེའི་མི་རྣམས་རྨོངས་དད་དང་འཚོལ་སྙེག་གི་ལམ་ཁར་བུད་པ་མཚོན་ཐུབ།ལྷག་པར་དུ་གནའ་བོའི་ཀེ་རི་སིའི་ལྷ་སྒྲུང་སོགས་ལས་མི་རྣམས་ཀྱིས་ལྷ་ཡུལ་ལྟ་བུའི་འཚོ་བར་རྨོངས་ཀྱིས་དད་པ་དང་སེམས་ཀྱིས་འཚོལ་ཞིང་སྙེག་སའི་གཞི་རུ་གྱུར་ཡོད་པ་ཧ་ཅང་གསལ་བོ་རེད།དེ་བཞིན་དུ་བྲན་གཡོག་སྤྱི་ཚོགས་སྐབས་སུ་རང་དབང་དང་འདྲ་མཉམ་གྱི་དོན་དུ་འུར་བརྒྱབ་ཞིང་ཀི་འདེབས་བཞིན་ཡོད་པས་སྐབས་དེའི་བརྩམས་ཆོས་ཀྱི་ནང་དོན་ཡང་དེ་ལས་མ་འདས་སོ།ཧྲི་ནུའུ་ཨན་()གྱིས་བྲིས་པའི་༼ཆུ་ངོགས་གཏམ་རྒྱུད༽ནི་བཀས་བཀོད་བརྒྱུད་འཛིན་སྐབས་སུ་བྱུང་བའི་ཞིང་བའི་འོས་ལོངས་ཤིག་རེད།འདི་ལས་ཞིང་བ་མང་ཚོགས་ཀྱིས་ཞི་བདེ་དང་རང་དབང་ལ་བསྙེགས་ཀྱིན་པའི་ངོ་རྒོལ་སྙིང་སྟོབས་ཤིག་མཚོན་གྱི་ཡོད་།དེ་བཞིན་དུ་ཉེ་སྔོན་ཕབ་བསྐྲུན་བྱས་པའི་༼ཁ་སང་གི་གཏམ་རྒྱུད་༽ཞེས་པའི་གློག་བརྙན་དེ་ལས་རིག་གནས་གསར་རྙིང་གཉིས་ཀྱི་འགལ་བའི་ཤུགས་རྐྱེན་གྱིས་ཨ་མྱེ་ཉི་མ་དང་རྟ་རྡོ་ལྟ་བུའི་མི་རབས་གཉིས་ཀྱི་བསམ་པའི་འཁྱེར་ཕྱོགས་དང་མི་ཚེའི་ལྟ་ཚུལ་སོགས་མི་འདྲ་བའི་སྤྱི་ཚོགས་ཀྱི་གནས་བབས་དེས་རྩོམ་རིག་རྩམས་ཆོས་ཀྱི་ལམ་ནས་ལེགས་པར་མཚོན་པ་སོགས་ལས་རྩོམ་རིག་གིས་སྤྱི་ཚོགས་འབྲི་བཞིན་པ་གསལ་བོར་ཤེས་ཐུབ།

རྒྱུན་ལྡན་འཚོ་བའི་ཁྲོད་ནས་རྩོམ་པ་པོས་སྤྱི་ཚོགས་ཀྱི་སྣང་ཚུལ་ག་གེ་མོ་ཞིག་རང་ཉིད་ཀྱི་མཛེས་རྟོག་གི་ཕུགས་བསམ་ལྟར་བརྗོད་བྱེད་ངག་གི་སྦྱོར་བ་ལ་བརྟེན་ནས་བརྗོད་བྱ་སྤྱི་ཚོགས་འཚོ་བ་གཅིག་བསྡུས་ཀྱིས་གཟུགས་རུས་སུ་བསྐྲུན་གྱི་ཡོད་པས།རྩོམ་རིག་ནི་སྤྱི་ཚོགས་ཀྱི་མེ་ལོང་ལྟ་བུ་དང་གདོང་འབག་བཤུ་མཁན་གྱི་ལག་ཟུང་དེས་རེད།དེ་བས་མི་རྣམས་ཀྱིས་རྩོམ་རིག་ནི་སྣང་བརྙན་ཞིག་ཡིན་ལ་རྗེས་དཔག་ཅིག་ཀྱང་ཡིན་ཟེར་བ་གནད་འདི་འདྲ་ཞིག་ལ་ཐུག་ལོས་ཡོད་འདོད་དོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1xp4 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41492204
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1