༄༅། །སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་༡༡པའི་ཚེས་༥ལ་བོད་བརྒྱུད་ནང་བསྟན་མཐོ་རིམ་རབ་འབྱམས་པ་ཐེངས་དགུ་བའི་འཛིན་གྲྭ་ལ་གཙང་བཀྲ་ཤིས་ལྷུན་པོ། ཆབ་མདོ་བྱམས་པ་གླིང་། ནག་ཆུའི་རབ་བརྟན་དགོན། རྔ་ཡུལ་ཀིརྟི་དགོན། ཨ་མདོ་སྟག་ཚང་ལྷ་མོ་དགོན་སོགས་དགེ་ལུགས་དང་ཇོ་ནང་བའི་གྲྭ་ས་ཆེན་པོ་བཅུ་གཅིག་ནས་ཕེབས་པའི་དགེ་བའི་བཤེས་གཉེན་བཅུ་གཅིག་བཞུགས་ཤིང་། ད་ལོའི་སྤྱི་ཟླ་༡༠བའི་ཚེས་༢༩ནས་ཉིན་ལྔའི་རིང་ལ་གྲྭ་ས་སེ་འབྲས་དགའ་གསུམ། བཀྲ་ཤིས་ལྷུན་པོ། བླ་བྲང་བཀྲ་ཤིས་འཁྱིལ་སོགས་མདོ་དབུས་ཁམས་གསུམ་ནས་རྒྱལ་ཕམ་ཤན་འབྱེད་པའི་དཔང་བོར་ཕེབས་པའི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་སེར་བྱེས་དགེན་བཀྲ་ཤིས་རྒྱལ་མཚན། དགའ་ལྡན་ཤར་རྩེའི་དགེན་ཆོས་འཕགས། ནག་ཆུའི་དགེན་བྱང་ཆུབ་སེམས་དཔའ་སོགས་དུ་མ་གདན་འཛོམས་པའི་སྤྱན་སྔར། ཨ་མདོའི་སྐྱབས་མགོན་ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་ཁོང་རྣམ་པའི་མཐར་ཕྱིན་རྒྱུགས་སྤྲོད་དམ་བཅའི་ཁྲོད་ནས་ཀན་སུའུ་ཞིང་ཆེན་ཀླུ་ཆུ་རྫོང་སྟག་ཚང་ལྷ་མོའི་དགེ་བཤེས་དགེན་ངག་དབང་རྒྱལ་མཚན་ལགས་ཀྱིས་ཨང་དང་བོའི་མཚན་རྟགས་བླངས་པར་བྱ་དགའ་གནངས་ཤིང་། གཞུང་བཀའ་པོཏ་ལྔ་ལ་སྐར་གྲངས་༥༠༠ཡོད་པ་ལས་ཁོང་གི་མཇུག་མཐའི་སྡོམ་སྐར་༤༩༠ཡིན་པས། གཞུང་ཆེན་རེ་ལ་སྐར་མ་༩༨རེ་བླངས་པའི་མཚན་སྙན་འཛམ་གླིང་དུ་ཁྱབ་བསྒྲགས་གནང་ཟིན་པས་འབྲེལ་ཡོད་སྤྱི་སྒེར་སོ་སོ་ནས། སངས་རྒྱས་ཀྱི་བསྟན་པའི་དབུ་འཕང་དགུང་དུ་བཏེགས་པར་བཀའ་དྲིན་དང་རྟེན་འབྲེལ་ཞུ་འོས་སོ། །
|