བོད་ཀྱི་དེང་རབས་གླུ་ཡི་རྒྱལ་པོ་ཡ་དུང་།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 11 ཚེས 17 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» སྒྱུ་རྩལ་པ་འོས་སྦྱོར། »བོད་ཀྱི་དེང་རབས་གླུ་ཡི་རྒྱལ་པོ་ཡ་དུང་།
བོད་ཀྱི་དེང་རབས་གླུ་ཡི་རྒྱལ་པོ་ཡ་དུང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/12/2ལྟ་ཀློག (3982)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

    གླུ་གར་གྱི་རྒྱ་མཚོ་ཞེས་མིང་ཐོག་དོན་གནས་པའི་ཁ་བ་ཅན་གྱི་ཡུལ་དུ་གནའ་ནས་བཟུང་གླུ་གཞས་ཀྱི་སྒྱུ་རྩལ་ལ་གཞན་དྲིང་འཇོག་མི་དགོས་པའི་མེ་ཏོག་རྣམ་པར་བཞད་ཡོད་པ་ནི་ངག་གི་རྩལ་ལ་ལྷན་སྐྱེས་ཀྱི་དཔལ་ཐོབ་ཅིང་དབྱངས་ཀྱི་འགྱུར་ཁུག་ལ་དབང་འབྱོར་བའི་སྒྱུ་རྩལ་པ་རྣམས་ཀྱི་བྱེད་རྩོལ་གྱི་ཟུངས་ཁྲག་བཞུར་བའི་དྲིན་ལས་མ་འདས།དུས་ཀྱི་འགྲོས་དང་བསྟུན་ནས་གླུ་པ་དང་བྲོ་པ་རབ་དང་རིམ་པས་སྲོལ་རྒྱུན་གྱི་གངས་ཆུས་མགྲིན་པ་བརླན་པར་བྱས་ཤིང་དེང་རབས་ཀྱི་བསིལ་རླུང་གིས་ལུས་སེམས་གསོས་ཏེ་གླུ་གར་གྱི་རྒྱ་མཚོ་རུ་ཡིད་སེམས་མགུ་བའི་རྦ་རླབས་མཁའ་རུ་འཕྱོར།   དེའི་ནང་ལས་བོད་ཆོལ་ཁ་གསུམ་གྱི་ཡུལ་གྲུར་སྙན་པའི་གྲགས་པ་འབར་བའི་གླུ་པ་ཡ་དུང་ནི་མི་སྟོང་གི་གྲལ་འགོ་དང་རྟ་བརྒྱ་ཡི་རྡང་འགོ་རུ་བཞག་ཆོག་པའི་གླུ་དབྱངས་པ་ཞིག་རེད།   ཁོང་ནི་སྤྱི་ལོ༡༩༦༣ལོར་ཁམས་སྡེ་དགེ་རིག་པའི་འབྱུང་གནས་ཞེས་པར་སྐྱེས།ས་དེ་གར་བོད་ཀྱི་རིག་གནས་དར་ལ་ཡུལ་སྲོལ་གོམས་གཤིས་བཟང་བས་ཆུང་དུས་ནས་འཚར་ལོངས་འབྱུང་བའི་ཁོར་ཡུག་ལེགས་པོ་ཞིག་རྙེད།  ཡབ་ཡུམ་ཟུང་གི་རྫོགས་རྒྱུ་མེད་པའི་ལ་གཞས་དང་ཡུལ་མི་རྣམས་ཀྱི་ཡིད་སེམས་འགུག་པའི་དམངས་གླུ་ཡིས་ཤོག་གུ་སྣུམ་གྱིས་ཟོས་པ་ལྟར་ཁོང་གི་རྒྱུད་ལ་བག་ཆགས་མཐུག་པོ་བཞག་པས་སྨྲ་ཤེས་པ་ནས་བཟུང་གླུ་དང་བྲོ་ལ་རང་ཤུགས་ཀྱིས་དགའ་ཞེན་ཆེ་བ་ཞིག་ཏུ་ཆགས།  ལོ་ན༡༢ལ་སོན་སྐབས་ཚེ་སྲོག་གནང་བའི་དྲིན་ཆེན་ཡབ་ཚེ་ལས་འདས་ཏེ་མ་བུ་གསུམ་ཤུལ་དུ་ལྷག་པས་དགའ་སྐྱོ་གཉིས་འདྲེས་ཀྱི་མི་ཚེའི་འགྲོ་ལམ་བགྲོད་འགོ་བརྩམས།  ཕ་མེད་པའི་བྱིས་པ་ཆུང་ངུ་ཞིག་ལ་མཚོན་ན་འགྲོ་འདུ་འཆག་ཉལ་སོགས་གང་ཅིའི་ཐད་ལ་བཟོད་མི་ཐུབ་པའི་དཀའ་ངལ་འཕྲད་མོད།  ལས་ལ་བརྩོན་ཞིང་དཔའ་ངར་ཅན་གྱི་ཡུམ་གྱི་བྱམས་སྐྱོང་དང་སྐུལ་མ་ལ་བརྟེན་ནས་དཀའ་སྡུག་གི་མདུན་དུ་མགོ་བོ་མ་སྒུར་པར་མདུན་སྐྱོད་ཀྱི་གོམ་པ་རེ་རེ་བརྟན་པོ་སྤོས།  གངས་རི་མཐོན་པོ་དང་རྩྭ་ཐང་ཡངས་མོ་ལས་བརྒལ་ཏེ་ཕྱི་རོལ་འཇིག་རྟེན་གྱི་ལྟད་མོ་མཐོང་ཐུབ་ན་མི་ཞིག་གི་ཐུགས་རྒྱ་དང་བསམ་རྒྱ་ཇེ་ཆེ་རུ་སོང་སྟེ་ཀུན་གྱིས་སྨོན་པའི་རེ་འབྲས་ཀྱང་སྨིན་ཐག་ཆོད་རེད།  གནད་དེ་ལ་དགོངས་ནས་གོང་རིམ་གྱི་འགོ་ཁྲིད་དང་ཁྱིམ་མི་རྣམས་ཀྱི་དྲིན་ལས་ཁོ་རང་དམག་ནང་དུ་ཞུགས།  དམག་ནང་ཞུགས་པའི་རིང་ཁོང་གིས་མི་རིགས་གཞན་གྱི་གླུ་གཞས་དང་བྲོ་གར་ལ་ཉམས་ལེན་བྱེད་པའི་གོ་སྐབས་ཐོབ་པས་ཉ་གསེར་མིག་ཅན་ཆུ་བོ་དང་འཕྲད་པ་ནང་བཞིན་རང་དགའ་རང་འདོད་ཀྱིས་གླུ་གཞས་འདྲ་མིན་སྣ་ཚོགས་ལེན་པའི་ལད་མོ་དང་འཚོལ་ཉུལ་བྱས། ཁོང་གི་སྐད་གསང་མཐོ་དམའ་སྦོམ་ཕྲ་གང་ལའང་འགག་ཐོགས་མེད་པའི་ལྷན་སྐྱེས་ཀྱི་ངག་གི་རྩལ་དང་གླུ་ལེན་པར་དགའ་ཞིང་བྲོ་འཁྲབ་པར་མོས་པའི་གཤིས་ཁ་བཟང་པོ་ལ་ཀུན་གྱིས་དགའ་བསུ་ཆེན་པོ་བྱས།
     སྤྱི་ལོ༡༩༨༡ལོར་ཁོ་རང་དམག་དཔུང་ནས་ཕྱིར་ལོག་སྟེ་གོང་རིམ་གྱི་བཀའ་ལྟར་སྡེ་དགེ་རྫོང་ལུས་རྩལ་ཨུ་ལྷན་ཁང་དུ་ལས་ཀ་གཉེར།  ཆུང་དུས་ནས་གླུ་དབྱངས་ལ་དགའ་ཞེན་ཆེ་བ་དང་ལྷན་སྐྱེས་ཀྱི་ཤེས་རབ་ཀྱང་མི་དམན་པ་ཐོབ་པས་གླུ་དང་རོལ་ཆ་པི་ཝ་རྒྱུད་དྲུག་མ་སོགས་གང་མང་ཞིག་ལ་རང་སྦྱོང་བྱས་པས་ཡུན་མི་རིང་བར་ཀུན་གྱིས་ཧ་ལས་དགོས་པའི་འབྲས་བུ་སྨིན།   ཕྱི་ནང་ཀུན་གྱི་ཁ་ཞེ་གཉིས་མེད་ཀྱིས་བསྟོད་བསྔགས་དང་རང་ཉིད་ཀྱི་ཕྱིར་མི་ལྡོག་པའི་དགའ་ཞེན་གྱིས་རྗེས་སུ་དེད་པས་ད་ནས་གླུ་དབྱངས་སྒྱུ་རྩལ་པ་ཞིག་བྱ་རྒྱུའི་རེ་འདུན་འཁྲུངས།  འོན་ཀྱང་རེ་འདོན་ཡོད་པ་ཙམ་གྱིས་བསམ་དོན་མི་འགྲུབ་ལ་ཕྱི་ནང་གི་ཆ་རྐྱེན་མང་པོ་ཞིག་འཛོམས་དགོས་པས་ཁོང་གིས་ཐབས་སྣ་ཚོགས་སྤྱད་དེ་རླངས་འཁོར་ཞིག་ཉོས་ཏེ་ཞོར་དུ་ཤིང་ཆ་འདྲེན་བའི་ལས་ལ་འཇུག  གླུ་དབྱངས་ལ་ལྷག་ཏུ་དུངས་བ་ལ་གནམ་རྒན་མ་ཡིས་ཐུགས་སུ་བསྒོམས་པ་ཡིན་ནམ་གླུ་ཡིས་རྒྱལ་པོས་ཆེད་དུ་མགྲོན་དུ་གདན་འདྲེན་ཞུས་པ་ཡིན།  གང་ལྟར་སྟབས་ལེགས་པ་ཞིག་ནི་ཁོ་རང་དར་མདོ་བརྒྱུད་དེ་རྒྱ་ཡུལ་ཁྲི་འདུ་རུ་འགྲོ་སྐབས།དཀར་མཛེས་ཁུལ་གླུ་གར་ཚོགས་པའི་གྲོགས་པོ་ཞིག་གི་སར་པི་ཝང་དཀྲོལ་ཏེ་གླུ་ཞིག་བླངས་པས་ལྷན་དུ་ཞུགས་པའི་གྲོགས་པོ་རྣམས་ཧ་ལས་དགོས་པར་གྱུར་པ་ཚད་སྐབས་དེ་དུས་ཀྱི་གླུ་གར་ཚོགས་པའི་ཚོགས་དཔོན་གྱི་ཡིད་སེམས་རབ་ཏུ་འཕྲོག་པས་གྲོགས་པོ་དང་འབྲེལ་ཡོད་སྐྱེས་ཆེན་རྣམས་ཀྱི་རྟིང་སྐུལ་དང་རོགས་རམ་ལ་བརྟེན་ནས་ཁོ་རང་དཀར་མཛེས་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་ལས་དོན་གཉེར་བའི་གོ་སྐབས་རྙེད་པ་རེད།  ཁོང་ལ་མཚོན་ན་དེ་ནི་ཡར་འགྲོ་མར་འགྲོའི་ས་མཚམས་སུ་རྟ་ཁ་སྲབ་ཀྱིས་བསྒྱུར་བའི་དུས་ཤིག་ཡིན་པས་སྒྱུ་རྩལ་གྱི་ཕོ་བྲང་ལ་འཛེག་བྱེད་ཀྱི་ཐེམ་སྐས་བརྟན་པོ་ཞིག་བཙུགས་པས་གླུ་ཡི་རྒྱལ་སྲས་ཤིག་ཇ་དར་རྩེ་མདོ་ནས་དོན་དངོས་ཀྱིས་འཚར་ལོངས་འབྱུང་འགོ་བརྩམས།  དེ་ནས་བག་ལ་ཉལ་བའི་སྒྱུ་རྩལ་གྱི་སྤོབས་པ་གློ་བུར་དུ་གཉིད་ལས་སད་པ་ལྟར་པི་ཝང་དང་ས་ཁེ་སི་སོགས་རོལ་ཆ་སྣ་ཚོགས་ལ་སྦྱངས་པ་བྱས་ཏེ་དེ་དག་གི་སྦྱོང་བརྡར་འཛིན་གྲྭ་ཡང་བཙུགས་པས་མིང་དོན་གཉིས་ཀྱི་ཐོག་ནས་སྐད་གྲགས་ཆེ།ལོ་དེར་ཁོང་གིས་གངས་ཏི་སེའི་རོལ་དབྱངས་ཚོགས་པ་ཞེས་པ་ཞིག་གསར་དུ་བཙུགས་ནས་སི་ཁྲོན་དང་ཡུན་ནན།  བོད་ལྗོངས་བཅས་བོད་ཀྱི་ས་ཁུལ་དུ་བསྐོར་བསྐྱོད་འཁྲབ་སྟོན་བྱས་པས་དགའ་བསུ་རྒྱ་ཆེར་ཐོབ།  ཉིན་མཚན་དབྱེར་མེད་དུ་དཀའ་ངལ་གྱི་རྔུལ་ཆུའི་ཐིགས་པ་རེ་རེ་ཟག་ཅིང་འཚོལ་སྙེག་གི་ཟུངས་ཁག་ཕངས་མེད་བཞུར་བའི་འབྲས་བུར་ཁོང་གི་ཆེས་ཐོག་མའི་ཆེད་སྒྲིག་རྒྱུད་ཐག་ལྡོམ་པོའི་སེམས་པ་ཞེས་པ་དེ་སི་ཁྲོན་ཞིང་ཆེན་རྒྱང་སྒྲོག་གློག་འཕྲིན་ཁང་གིས་བསྐྲུན་སྤེལ་བྱས།གླུ་མ་རྒྱལ་མོ་སྐྱིད་དང་མཉམ་ལེན་བྱས་པའི་གངས་རིའི་བརྩེ་གླུ་ཞེས་པ་མཚོ་སྔོན་མི་རིགས་ཁུན་ལུན་རི་བོ་སྒྲ་བརྙན་ཁང་གིས་བསྐྲུན་སྤེལ་བྱས་པས་ཁོང་གི་རེ་འགར་གནམ་ས་འགུལ་བར་བྱས་པའི་མཐོ་ཞིང་བརྗིད་པའི་སྐད་གསང་མཐོན་པོ་དང་མཚམས་རེར་མཚོ་མོར་དར་ཁ་ཆགས་པའི་ལྷོད་ཅིང་འཇམ་པའི་འགྱུར་ཁུག་གིས་རྒྱ་བོད་མི་རིགས་ཀུན་གྱི་ཡིད་ཀྱི་དང་བ་དབང་མེད་དུ་འཕྲོག་སྟེ་ན་གཞོན་ཕོ་མོ་ཀུན་གྱི་དད་པའི་ཡུལ་དུ་གྱུར།
     ཁོང་ལ་མཚོན་ན་སྤྱི་ལོ༡༩༩༥ལོ་ནི་བཀྲ་ཤིས་ཤིང་གཡང་འཁོར་ལ་དོན་གྲུབ་པ་དང་། སྒྱུ་རྩལ་གྱི་འགྲོ་ལམ་དུ་ལོ་རྒྱུས་ཀྱི་རྡོ་རིང་ཤིག་བཙུགས་པའི་ལོ་ཞིག་ཀྱང་ཡིན་ཏེ།ལོ་དེར་ལྷོ་ནུབ་མཁའ་འགྲུལ་གཞུང་གཉེར་ཁང་གིས་ཆེད་དུ་གདན་འདྲེན་ཞུས་ཏེ་བརྙན་འཕྲིན་གླུ་དབྱངས་ཐང་དཀར་རྒོད་པོ་ལ་འཁོར་བའི་སེམས་པ་ཞེས་པ་བརྙན་འཕྲིན་དུ་ཕབ་རྗེས་བོད་རྒྱ་དང་ཕྱི་རྒྱལ་བ་ཚུད་པའི་ཉན་མཁན་དང་ལྟ་མཁན་མང་པོས་བསྔགས་བརྗོད་ཡང་ཡང་ཐོབ། སླར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ལོ་དེར་གཉེར་བའི་རྒྱལ་ཡོངས་ཀྱི་གླུ་དབྱངས་འགྲན་བསྡུར་ཐོགཆེས་དགའ་བསུ་ཐོབ་པའི་ཀྲུང་གོའི་གླུ་དབྱངས་ཞེས་པར་འདེམས་ཐོན་བྱས་མ་ཟད་གསེར་གྱི་རྟགས་མའི་བྱ་དགའ་ཡང་གནང་།  སྙན་ཞིང་འཇེབས་ལ་བཅུད་ཀྱིས་གཏམས་པའི་ཚིག་དང་གྲིམ་ལྷོད་རན་ལ་མི་སེམས་སྐུལ་བའི་གདངས་ཀྱིས་ཕྱུག་པའི་གླུ་དེ་ནི་ཁོང་གིས་སེམས་རུས་པའི་གཏིང་ནས་ཕྱི་ནང་ཀུན་གྱི་རྣ་ངའི་བདུད་རྩི་རུ་བླངས་པས་ཁོ་རང་ཡང་བྱ་རྒྱལ་རྒོད་པོ་ལྟར་མཐོ་སྒང་གི་མཁའ་ལམ་དུ་ཇེ་མཐོ་ནས་ཇེ་རིང་དུ་འཕུར་ལྡིང་མཛད། དུས་དེ་ནས་བཟུང་ཆུ་རགས་ལས་ཆུ་ཤོར་བ་ལྟར་གླུ་དབྱངས་ཀྱི་མཚོ་མོ་ཀློང་དུ་བརྡོལ་ཏེ་སྔ་རྗེས་སུ་ཁམས་པའི་ཕོ་གསར། དང་མཆོད་རྟེན་དཀར་པོ། ཨ་མའི་པགས་ཚ། བྱམས་སེམས་ཅན་གྱི་ཨ་མ། དྲན་གདུང་། མདོ་དབུས་མཐོ་སྒང་། རྨི་ལམ་ནང་གི་སྒྲོལ་མ། སྒྲོལ་མ། བུ་མོ་ཟླ་བ་སྒྲོལ་མ། ཟླ་འོད་ས་ལ་ལྷུང་བའི་སྒྲ་དབྱངས། འཚོལ་ཉུལ། འབའ་གཞས། གླིང་གེ་སར་རྒྱལ་པོ། བརྩེ་ལྡན་གྱི་ནུ་བོ། ལས་དབང་། སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ལ་ཡིད་སེམས་འགུག་པའི་གླུ་དབྱངས་བགྲང་ལས་འདས་པ་ཡིས་བོད་ཀྱི་གླུ་དབྱངས་ཀྱི་སྒྱུ་རྩལ་གྱི་ཐད་ལ་སུས་ཀྱང་འགྲན་དུ་མི་བཟོད་པའི་བྱས་རྗེས་བཞག་ཡོད་པས་ཀུན་གྱི་གླུ་ཡི་རྒྱལ་པོ་ཞེས་པའི་ཆོ་ལོ་སྤྲད་པའང་མིང་དོན་མཚུངས་པ་ཞིག་རེད། དེ་ཡང་དེང་སང་བོད་ཀྱི་གླུ་བ་དང་གླུ་མ་ཞེས་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་དང་འཐོན་བཞིན་མཆིས་མོད། མདོ་དབུས་ཁམས་དང་བཅས་པའི་བོད་མི་རྒན་གཞོན་བྱིས་གསུམ་ཀུན་ལས་ཡ་དུང་ཞེས་པ་མི་གོ་མཁན་མེད་ལ་གསར་སྐྱེས་མང་པོ་ཞིག་གིས་ཁོང་ལ་ལད་མོ་བྱེད་བཞིན་ཡོད་པ་ལས་ཀྱང་ཁོང་གིས་གླུ་ཡི་རྒྱལ་པོའི་གོ་ས་བཟུང་ཡོད་པ་ཤེས་ཐུབ་བོ། ། 

    གཡུར་དུ་ཟ་བའི་འབྲས་བུ་ལ་དམིགས་ནས་རྒྱལ་ཡོངས་དང་ཞིང་ཆེན་རིམ་པ་ཚུད་པའི་གླུ་པ་འགྲན་བསྡུར་གྱི་བྱ་དགའ་ཧ་རིགས་བཅུ་ཕྲག་ལྷག་ཐོབ་མྱོང་ལ་གླུ་ལེན་ཙམ་དུ་མ་ཟད་པར་པི་ཝང་རྒྱུད་དྲུག་མ་དང་བོད་ཀྱི་པི་ཝང་། ས་ཁི་སེ། རྔ་གཅོང་སོགས་རོལ་ཆས་སྣ་ཚོགས་ཀྱི་འབུད་རྡུང་དཀྲོལ་བའི་རིག་རྩལ་ལ་རང་སྟོབས་ཀྱི་ཤེས་རབ་དང་ལྡན་པ་ཞིག་ཀྱང་ཡིན་ནོ། །
   ཁོང་གི་དགོངས་པ་ལྟར་ན་བོད་ཀྱི་གླུ་དབྱངས་དང་རོལ་མོའང་དུས་རབས་ཀྱི་འགྲོས་ལྟར་འཇིག་རྟེན་གྱི་གར་སྟེགས་སུ་གོམ་ཁ་བསྒྱུར་དགོས་པས་སྔར་ཡོད་ཀྱི་འབྲས་བུ་ལ་ཡིད་མ་ཚིམ་པར་བོད་ཀྱི་རོལ་མོའི་ཀུང་སི་ཞིག་ཀྱང་བཙུགས་ཏེ་གསར་སྐྱེས་ཀྱི་གླུ་བ་དང་གླུ་མ་གང་མང་ཞིག་གསོ་སྐྱོང་བྱས་དང་བྱེད་བཞིན་པ་ལགས། ཀུན་གྱིས་ཡ་དུང་གི་གླུ་དབྱངས་ནི་ཁོ་རང་གི་སེམས་ཁོང་རུས་པའི་གཏིང་ནས་ཐོན་པ་ཞིག་རེད་ཅེས་པ་ལྟར་ཡབ་མེས་རྣམས་ཀྱི་ཤུལ་ལམ་དུ་ཡུན་རིང་གིས་བགྲོད་པའི་ཚོར་སྣང་དང་སྒང་པ་བོད་མིའི་དགའ་སྐྱོ་ཆགས་སྡང་དབྱངས་རྟར་དྲངས་ཏེ་གླུ་ཡི་རྒྱ་མཚོར་སྔར་མེད་ཀྱི་རྦ་རླབས་མཁའ་ལ་འཕྱུར་ཞིང་གར་གྱི་འཇིག་རྟེན་དུ་རྟོགས་སད་ཀྱི་སྟངས་སྟབས་བསྒྱུར་བས་ང་ཚོ་ཡང་ཁོང་གི་འགྱུར་ཁུག་དང་འགྲོགས་ཏེ་བདེ་ལྡན་གྱི་ཤམ་བྷ་ལའི་ཞིང་ཁམས་སུ་བསྐྱོད་ཐུབ་ན་ཇི་འདྲའི་སྐྱིད་པ་ལ་ཨང་། །


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས། གླིང་དུག་སྦྲང་།
འདྲེན་བཀོལ:

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
kh9n བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བདེན་པ། སྤེལ་དུས:2014/10/7
གླུ་བ་ཡར་དོན་ལགས་ནི་རྒྱ་སྐད་ཀྱི་སྒོ་ནས་མི་རིགས་ལ་ཤ་ཞེན་ཡོད་པའི་གླུ་མང་པོ་བླངས་སོང་། བོད་མི་ཡོངས་ཀྱིས་དགའ་བསུ་བླ་མེད་ཐོབ་འདུག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
12609426
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号