རྗེ་བློ་བཟང་ཉི་མ་མཆོག་ངོ་སྤྲོད་མདོར་བསྡུས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 20 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» གྲགས་ཅན་མཁས་པའི་སྡེ། »རྗེ་བློ་བཟང་ཉི་མ་མཆོག་ངོ་སྤྲོད་མདོར་བསྡུས།
རྗེ་བློ་བཟང་ཉི་མ་མཆོག་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/12/2ལྟ་ཀློག (15886)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཀྲུང་གོའི་བོད་ཀྱི་མི་རིགས་སློབ་གསོ་བ་ཆེན་མོ། ཀྲུང་གོའི་བོད་ཀྱི་བསམ་བློ་བ་ཆེན་མོ། ཀྲུང་གོའི་བོད་མི་སྔོན་ཐོན་གུང་ཁྲན་ཏང་ཡོན། རྩྭ་ཐང་གི་ཁུང་ཙི་གཉིས་པ།

中国民族教育家。中国民族思想家。中国民族优秀共产党员。草原上的孔夫子罗让尼玛。


      གངས་ཅན་བོད་ཀྱི་སློབ་གསོ་བ། བོད་ལུགས་ཕྱུགས་བཅོས་གསོ་བ་རིག་པའི་ཤིང་རྟའི་སྲོལ་འབྱེད་བློ་བཟང་ཉི་མ་མཆོག་ནི། བོད་རབ་བྱུང་བཅོ་ལྔ་བའི་མེ་ཕོ་སྟག་༼ ༡༩༢༦༽ལོའི་ཧོར་ཟླ་བཞི་བའི་ཚེས་བཅོ་ལྔའི་ཉི་ཤར་འབྲུག་གི་དུས་མདོ་སྨད་ཐེ་རོང་ཨ་ནུ་ཐང་དུ་ཡབ་མ་ཅིག་སྐྱབས་དང་ཡུམ་ཨ་ཚེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་པར་སྟག་ཚང་ལྷ་མོ་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་འདུལ་འཛིན་པ་ནགས་རྒྱ་དགེ་བཤེས་བློ་བཟང་ཤེས་རབ་ཀྱི་མདུན་ནས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ཏེ་མཚན་ལ་བློ་བཟང་ཉི་མ་གསོལ། ­­༼ ཆུང་དུས་ཀྱི་མཚན་ལ་འཕགས་པ་སྐྱབས་ཟེར༽ དགུང་ལོ་བདུན་པར་ཨ་ཁུ་བསྟན་པའི་མདུན་ནས་ཀློག་བསླབས། དགུང་ལོ་བརྒྱད་པར་འབྲིང་བ་ཨ་ཁུ་བརྩོན་འགྲུས་ཀྱི་མདུན་ནས་ཚོགས་འདོན་ལ་སློབ་གཉེར་བགྱིས། དགུང་ལོ་དགུ་བ་ནས་བཅུ་བདུན་བར་ཆོས་གླིང་ཆེན་པོ་དེ་གར་མཁས་གྲུབ་བྱེ་བའི་གཙུག་རྒྱན་རྗེ་བཙུན་ངག་དབང་བློ་བཟང་བསྟན་པ་ཚེ་རིང་དང་རྡོ་རྗེ་འཆང་འཇིགས་མེད་དམ་ཆོས་རྒྱ་མཚོ་རྣམ་གཉིས་ཀྱི་མདུན་ནས་དུས་འཁོར་དབང་ཆེན་དང་ཙོང་ཁ་བ་ཆེན་པོའི་གསུང་འབུམ་གྱི་ལྗགས་ལུང་སོགས་ལ་གསན་པ་དང་། གཞན་ཡང་གཞུང་ལུགས་སྨྲ་བའི་ཁྱུ་མཆོག་འབྲིང་བ་དགེ་བཤེས་དཀོན་མཆོག་དར་རྒྱས་དང་དྲུང་ཡིག་པ་དཀོན་མཆོག་ཤེས་རབ་སོགས་ཀྱི་མདུན་ནས་གཞུང་དང་རྟོག་གེའི་རིགས་ལམ། ཐ་སྙད་རིག་གནས་སོགས་ལ་ཐོས་བསམ་ཕྱིན་ཅི་མ་ལོག་པ་གནང་བས་གཞུང་ལུགས་རབ་འབྱམས་ཀྱི་རྒྱ་མཚོར་ཞུགས་པའི་ཉེར་བསྡོགས་ཀུན་ནས་བརྩམས། དགུང་ལོ་བཅུ་བདུན་སྟེང་དབུས་གཙང་ཕྱོགས་སུ་ཕེབས་པའི་ལམ་བར་ནས་དཀར་མཛེས་ཕྱོགས་ཀྱི་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་གཙོས་མཁས་གྲུབ་དུ་མའི་མདུན་སར་བཅར་ཏེ་གཞུང་བཀའ་པོད་ལྔ་དང་གསོ་རིག དབང་ལུང་ཁྲིད་གསུམ་གྱི་ཁྲིད་སོགས་མང་དུ་གསན། དགུང་ལོ་བཅོ་བརྒྱད་སྟེང་ལྷ་སར་འབྱོར་ཞིང་འབྲས་སྤུངས་ཀྱི་སོག་པོ་དགེ་བཤེས་ཞི་བ་ལྷ་སོགས་མདོ་སྔགས་རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་རིག་པའི་དབང་ཕྱུག་དུ་མའི་མདུན་ནས་མདོ་སྔགས་རིག་གནས་ཕྱོགས་མེད་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ཅིང་མཁས་པའི་གྲགས་སྙན་གྱི་ཆོ་ལོ་བདག་གིར་བཞེས། དགུང་ལོ་ཉེར་གཉིས་སྟེང་རྒྱུ་རྐྱེན་དུ་མའི་དབང་གིས་སླར་རང་དགོན་དུ་ཞབས་སོར་འཁོད་ཅིང་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་བགྱི་བའི་འཕྲོ་བསྐྱངས་པ་དང་གཞན་ཡང་ཐ་སྙད་རིག་གནས་ཕྱོགས་ལའང་རྟག་གུས་བརྩོན་པས་སྦྱང་བ་རྒྱ་ཆེར་མཛད།

         དགུང་ལོ་སོ་གསུམ་བཞེས་པ་སྟེ་༡༩༥༨ལོར་དམངས་གཙོ་བཅོས་བསྒྱུར་གྱི་ལས་འགུལ་བྱུང་སྟབས་ཕྱིར་ཕ་ཡུལ་དུ་མི་ལོག་ག་མེད་བྱུང་། དེ་ཡང་རྐྱེན་ངན་དགེ་བའི་གྲོགས་ཞེས་པ་ལྟར་དུས་དེ་ནས་བཟུང་ཁོང་གིས་བོད་ཀྱི་སློབ་གསོ་དར་སྤེལ་དང་ཕྱུགས་སྨན་ལག་ལེན་ཐད་ཀྱི་བྱ་བཞག་རླབས་ཆེན་བསྒྲུབ་པའི་མགོ་བརྩམས། ༡༩༥༩ ལོར་ཁོང་ཉིད་ཀྱིས་བཞག་སྡོམ་མཐའ་མ་རུ་རྩིས་གཉེར་པའི་ལས་འགན་བསྒྲུབས། ༡༩༦༠ལོར་བཞག་སྡོམ་དུ་ཕྱུགས་ཟོག་སྨན་ཁང་ཚུགས་པས་ཁོང་ཉིད་དེའི་ལས་ཁུངས་ཀྱི་སྨན་པ་བྱས། སྐབས་དེར་མཚོན་ན་བོད་ཀྱི་རིག་གནས་ཡོད་ཚད་ཆོས་ལུགས་རྨོངས་དད་ཀྱི་རིགས་སུ་བརྩིས་ཡོད་སྟབས། དེ་ལ་སློབ་སྦྱོང་བྱེད་པ་ཕར་ཞོག་གལ་ཏེ་ཁྱིམ་ན་བོད་ཡིག་གི་དཔེ་ཆ་རེ་ཡོད་པ་ཙམ་གྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་དང་འགལ་བའི་ཚད་རེད། དེ་འདྲའི་ཆབ་སྲིད་ཀྱི་མཁའ་དབུགས་བཙན་པའི་གནས་ཚུལ་འོག་བོད་ཀྱི་རིག་གནས་ནི་སྣུམ་ཟད་ཀྱི་མར་མེ་ལྟར་འཇིག་ལ་ཉེ། སྐབས་དེར་བོད་ཀྱི་རིག་གནས་སླར་གསོ་བྱེད་དགོས་ཚེ་ངེས་པར་དུ་དེ་ཚན་རིག་དང་མཐུན་པ་དང་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་ཐུབ་པའི་སྤྱི་ཚོགས་རིག་གནས་ཤིག་ཡིན་པ་དོན་དངོས་ཀྱིས་ར་སྤྲོད་བྱེད་ཐུབ་ཚེ་བོད་མི་རིགས་ཀྱི་རིག་གནས་འཇིག་ཉེན་ལས་སྐྱོབ་པའི་གོ་སྐབས་ཡོད་ལ། དེ་འདྲའི་དོན་དངོས་ཀྱིས་བདེན་དཔང་བྱེད་ཐུབ་པའི་རིག་གནས་ནི་གསོ་བ་རིག་པ་ཡིན་ལ། བཞག་སྡོམ་ས་ཆར་མཚོན་ན་སྤྱི་ཚོགས་རྙིང་བ་ནས་བཟུང་ཕྱུགས་ཀྱི་གློ་རིམས་དང་འགག་ནད། ལུག་གི་ཁ་ཚད་དང་འགག་ནད་སོགས་བཅོས་དཀའ་བའི་ནད་རིགས་དེ་དག་གིས་ཕྱུགས་ཟོག་ཤི་བའི་གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན། དེ་དུས་ཀྲུང་ལུགས་དང་ནུབ་ལུགས་ཀྱི་ཕྱུགས་བཅོས་གསོ་བ་རིག་པ་ལག་ལེན་བྱེད་ཀྱིན་ཡོད་ཀྱང་དེའི་ཕྱོགས་ཀྱི་ཆེད་མཁས་མེད་པ་དང་སྨན་སྣ་དེ་འདྲ་ཁ་མི་ཚང་བ་སོགས་ཕྱི་ནང་གི་རྒྱུ་རྐྱེན་དུ་མའི་དབང་གིས་ཕྱུགས་བཅོས་ཕྱོགས་ལ་ནུས་པ་དེ་འདྲ་ཐོན་གྱིན་མེད། ཁོང་གིས་སྐབས་དེའི་གནས་ཚུལ་དངོས་ལ་གཞིགས་ཏེ་བོད་ལུགས་ཕྱུགས་བཅོས་གསོ་བ་རིག་པས་ཕྱུགས་ཟོག་གི་བཅོས་དཀའ་བའི་རིམས་ནད་དེ་དག་སྔོན་འགོག་དང་བཅོས་ཐུབ་ཚེ་བོད་ཀྱི་རིག་གནས་ནི་ཚན་རིག་དང་མཐུན་པ་བདེན་དཔང་བྱེད་ཐུབ་པ་མ་ཟད། བོད་མི་རིགས་ཀྱི་རིག་གནས་ཉེན་སྐྱོབ་བྱེད་ཐུབ་པའི་གོ་སྐབས་ཡོད་པ་མཁྱེན་ནས་བོད་ལུགས་ཀྱི་ཕྱུགས་བཅོས་གསོ་བ་རིག་པར་ཞིབ་འཇུག་བྱེད་པའི་འགོ་བརྩམས།  

       དེ་ལྟར་ཁོང་གིས་དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་བླངས་ཏེ་སྔོ་སྨན་གྱི་ནུས་པར་ཞིབ་འཇུག་དང་ཚོད་ལྟ་ཐེངས་བརྒྱ་ཕྲག་མང་བོ་བྱས་པ་དེ་རང་ལུས་ལའང་ཁབ་དང་སྨན་གྱིས་ཚོད་ལྟ་གང་མང་བྱས་མཐར་སྡེབ་སྦྱོར་བྱས་པའི་སྔོ་སྨན་དང་ཁབ་ཏུ་ཕབ་པའི་བོད་སྨན་སོགས་ཀྱིས་ཡུལ་དེ་གའི་འབྲོག་པའི་རྟ་ནོར་ལུག་གསུམ་དང་ར་ཕག་སོགས་ནད་ཀྱི་དྲ་རྒྱ་ལས་ཐར་དུ་བཅུག་པས་ཕྱུགས་བདག་དང་ཡུལ་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་དང་། གོང་རིམ་འགོ་ཁྲིད་ཀྱིས་ཀྱང་ཁོང་གི་བྱ་བའི་གྲུབ་འབྲས་མངོན་སུམ་དུ་མཐོང་བས་བོད་ཀྱི་རིག་གནས་ལ་ལྟ་ཚུལ་གསར་བ་བྱུང་ཞིང་། ༡༩༧༠ལོར་ཁོང་ཉིད་ཕྱུགས་ཟོག་སྨན་ཁང་གི་མགོ་འཛིན་དུ་བསྐོས། ཕྱུགས་ཟོག་སྨན་ཁང་དུ་ལས་དོན་སྒྲུབ་ཞོར་ལས་གྲོགས་རྣམས་ལ་དཔེ་ཁྲིད་དང་ལག་ཐབས་སོགས་གང་ལ་གང་འཚམ་གྱིས་སོ་སོའི་མོས་པ་དང་མཐུན་པར་སློབ་ཁྲིད་མཛད་པས་ཁོ་ཚོ་ནི་ཁོང་གི་སློབ་མའི་ཐོག་མའང་ཡིན།  ཁོང་གིས་རིམ་བཞིན་གོང་རིམ་གྱིས་རྒྱབ་སྐྱོར་ཐོབ་པ་དང་མང་ཚོགས་ཀྱིས་དགའ་བསུ་ཐོབ་པའི་གོ་སྐབས་ལ་གཞིགས་ཏེ་སྦྲ་གུར་སློབ་གྲྭ་ཞིག་ཚུགས་ཤིང་སྨན་འཚོལ་སྡུད་དང་ཞིབ་འཇུག་བྱེད་ཞོར་བོད་ཀྱི་སུམ་རྟགས་དག་གསུམ། སྒྲ་སྙན་ངག རྩིས་གསོ་རིག་སོགས་ཀྱི་གཞུང་རྣམས་ད་ལྟའི་སློབ་དེབ་ཀྱི་ཚུལ་དུ་བསྒྲིགས་ཤིང་འགོ་བརྗོད་ཀྱི་ཚུལ་དུ་མའོ་ཙེ་ཏུང་གི་གསུང་བཀོད་དེ་སློབ་དེབ་ཀྱང་མང་བོ་བསྒྲིགས་ཏེ་སློབ་མ་མི་ཉུང་བ་གསོ་སྐྱོང་བྱས། ༡༩༦༩ལོར་སྦྲ་གུར་སློབ་གྲྭ་སྟེ་གོང་རིམ་གྱིས་བཞག་སྡོམ་ལྔ་བདུན་སློབ་གྲྭ་རུ་བསྒྱུར། ༡༩༧༠ལོར་ཁོང་ཉིད་ལན་གྲུ་རུ་གདན་ཞུས་ལྟར་རྒྱལ་ཡོངས་ཀྱི་ཕྱུགས་སྨན་ལས་དོན་ཚོགས་འདུའི་སྟེང་ཕྱུགས་བཅོས་སྐོར་གྱི་གསུང་བཤད་གལ་ཆེན་གནང་བས་འཐུས་མི་ཐམས་ཅད་ཀྱི་ཡིད་རབ་ཏུ་ཚིམ་པར་བྱས་ཤིང་། ལར་གསེར་ས་འོག་ཏུ་བཅུག་ཀྱང་འོད་ནམ་མཁའ་ཞེས་པར་ལྟར་བོད་ལུགས་ཕྱུགས་ཟོག་སྨན་ཁང་གི་གྲུབ་འབྲས་མངོན་གསལ་དོད་པས་སོག་པོ་དང་། ཞིང་ཅང་། མཚོ་སྔོན། ཀན་སུའུ། ལྷ་ས། ཡུན་ནན་སོགས་ཞིང་ཆེན་མང་བོ་ནས་སློབ་སྦྱོང་བ་དང་ལྟ་སྐོར་བ་མང་དུ་ཡོང་བ་མ་ཟད། ༡༩༧༡ལོར་ཨའོ་མེ་གློག་བརྙན་བཟོ་ཁང་གིས༼ རྩྭ་ཐང་གི་ཕྱུགས་ཟོག་སྨན་ཁང་༽ ཞེས་པའི་གློག་བརྙན་ཞིག་ཀྱང་ཕབ་བསྐྲུན་བྱས། ༡༩༧༢ལོར་རྒྱལ་ཡོངས་ཀྱི་ཞིང་འབྲོག་ཚན་རིག་ལས་དོན་གྱི་ཚོགས་འདུའི་སྟེང་རང་གི་ཉམས་མྱོང་བརྗེ་རེས་བྱས་པས་ཀུན་གྱིས་གདེང་འཇོག་ཚད་མེད་གནང་། ༡༩༧༣ལོར་ཁོང་ཉིད་རྒྱལ་ཡོངས་ཀྱི་ཀྲུང་ཕྱུགས་སྨན་པའི་ཚན་རིག་ཞིབ་འཇུག་རོགས་ལས་ཚོགས་འདུ་རུ་ཞུགས། ༡༩༧༤ལོར་ཡུན་ནན་དུ་བོད་ལུགས་ཕྱུགས་སྨན་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་བ་སོགས་ལོ་དེ་དག་གི་རིང་ལ་ཁོང་གི་བྱ་བའི་གྲུབ་འབྲས་ཡུལ་གྲུ་སོ་ས་སོར་ཁྱབ་པས་འབྲེལ་ཡོད་སྡེ་ཁག་གིས་ཁོང་གི་བྱ་བའི་ཉམས་མྱོང་དེ་ཡུལ་རྒྱ་ཆེ་བ་དང་མི་མང་བོར་ཕན་ཐོག་ཆེད། ༡༩༧༥ལོར་བཞག་སྡོམ་ལྔ་བདུན་སློབ་གྲྭ་མཛོད་དགེ་རྫོང་ལྔ་བདུན་སློབ་གྲྭ་རུ་བསྒྱུར་ཅིང་། བཞག་སྡོམ་ཙམ་དུ་མ་ཟད་ཡུལ་ཚོ་གཞན་སོ་སོ་ནས་སློབ་མ་མང་བོ་བསྡུས་ཏེ་བོད་ལུགས་ཀྱི་ཕྱུགས་བཅོས་གསོ་བ་རིག་པ་ཁྱབ་བརྡལ་བཏང་། ༡༩༧༨ལོར་རྒྱལ་ཡོངས་ཀྱི་ཚན་རིག་ཚོགས་འདུར་ཞུགས། ལོ་དེར་ལས་ཞོར་དུ་སྒྲུང་འཁྲབ་ཚོགས་པ་བཙུགས་ཏེ་བོད་ཀྱི་འཁྲབ་གཞུང་མང་བོ་སླར་གསོ་བྱས། 

         ༡༩༨༠ལོར་ཁུལ་ཨུའི་ཧྲུའུ་ཅི་ཡང་གླིང་རྡོ་རྗེས་རྒྱབ་སྐྱོར་འོག་སྔར་གྱི་ཕྱུགས་བཅོས་ལག་རྩལ་གྱི་རྨང་གཞིའི་ཐོག་སྐབས་དེའི་སློབ་གསོའི་དགོས་མཁོ་ལ་ཐུགས་གཞིག་གནང་སྟེ་བོད་ཡིག་སློབ་འབྲིང་ཞིག་བཙུགས། ༡༩༨༡ལོར་རྔ་བ་ཁུལ་མཛོད་དགེ་བོད་ཡིག་སློབ་འབྲིང་དངོས་སུ་ཚུགས་པར་གོང་རིམ་ནས་ཆོག་མཆན་ཐོབ་ཅིང་བསླབ་གཞི་ལ་ཁོང་གིས་ཕྱོགས་བསྒྲིགས་བྱས་པའི་དམའ་རིམ།༼ དག་ཡིག༽ དང་སུམ་རྟགས། སྙན་ངག རྒྱ་ཡིག་སོགས་སློབ་ཁྲིད་བྱས་པས་རྒྱལ་ཡོངས་ཀྱི་སྐད་གཉིས་སློབ་གསོའི་བོད་ཡིག་སློབ་འབྲིང་ཐོག་མར་གྱུར། དེ་དུས་སློབ་ལོ་ལོ་གཉིས་ཡིན་ལ་ཁྲིད་ཚན་ཡང་དེ་འདྲ་ཁ་མི་ཚང་མོད། འོན་ཀྱང་སྐབས་དེའི་ཡུལ་མིའི་དགོས་མཁོ་དང་མཐུན་པས་ཁོ་ཚོས་དགའ་བསུ་དང་རྒྱབ་སྐྱོར་ཆེན་པོ་ཐོབ་པ་དེ། རིག་གནས་སློབ་པར་མི་དགའ་ཞིང་བྱིས་པ་སློབ་གྲྭར་མི་མངགས་པའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྦྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར་བོད་ཡུལ་གྱི་ས་ཆ་སོ་སོ་ནས་སློབ་མ་མང་བོ་སློབ་གྲྭ་དེར་རིག་གནས་སློབ་པར་ཡོང་། ཁོང་གི་འབད་པ་དང་སློབ་གསོའི་ཐབས་ལམ་གྱིས་སྐབས་དེའི་སློབ་མའི་ཆུ་ཚད་ད་ལྟའི་སློབ་འབྲིང་སློབ་མའི་ཆུ་ཚད་ལས་བཟང་བ་མ་ཟད། ལས་རིགས་སོ་སོའི་སྟེང་ཕན་ནུས་ཀྱང་གལ་ཆེན་ཐོན། རྗེས་ནས་ཞིང་ལྗོངས་ལྔའི་གཅིག་གྱུར་གྱི་སློབ་དེབ་བསྒྲིགས་རྗེས་ཐོག་མར་སློབ་གྲྭ་འདི་ཉིད་ལག་ལེན་བྱས་ཏེ་སློབ་འབྲིང་ཚད་ལྡན་གྱི་ཕྱོགས་སུ་བསྐྱོད་པའི་འགོ་བརྩམས། ལོ་དེར་སྔོན་གྱི་སི་ཁྲོན་ཞིང་ཆེན་གྱི་ཧྲུའུ་ཅི་ཀྲའོ་ཙི་ཡང་མཛོད་དགེ་རུ་ཕེབས་ནས་གདེང་འཇོག་ཚད་མཐོན་པོ་གནང་། ༡༩༨༢ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སློབ་གྲྭ་རུ་ཕེབས་ཏེ་བོད་ཡུལ་ཐམས་ཅད་ན་འདི་ལྟ་བུའི་སློབ་གྲྭ་བཙུགས་ན་ཕན་ཆེན་པོ་ཐོབ་ཅེས་བསྔགས་བརྗོད་ཚད་མེད་མཛད། ༡༩༨༤ལོར་གོང་རིམ་གྱིས་དགོས་མཁོ་ལ་གཞིགས་ཏེ་མཛོད་དགེ་ལྔ་བདུན་སློབ་གྲྭ་དེ་མཛོད་དགེ་རྫོང་ཞིང་འབྲོག་རིག་གནས་ལག་རྩལ་སློབ་གྲྭར་བསྒྱུར། ༡༩༨༦ལོར་སི་ཁྲོན་ཞིང་ཆེན་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཧན་པང་ཡན་དང་ཞིང་ཆེན་སློབ་གསོ་ཐུན་གྱི་ཐུན་ཀྲང་རིན་ཀོས་ལུའུ་སློབ་གྲྭར་ཕེབས་ནས་ སློབ་གྲྭ་འདི་ནི་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་ཚེ་སྲོག་དང་ལྡན་པའི་བོད་ཡིག་སློབ་གྲྭ་ཞིག་ཡིན་པས་སློབ་གཙོ་བློ་བཟང་ཉི་མ་ནི་རྩྭ་ཐང་སྟེང་གི་ཁུང་ཧྥུ་ཙི་(孔夫子)ཡིན་ཞེས་བསྔགས་བརྗོད་གནང་། ༡༩༨༧ལོར་སི་ཁྲོན་ཞིང་ཆེན་གྱི་ཧྲུའུ་ཅི་ཡང་རའོ་ཏའེ་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་ཤིང་གདེང་འཇོག་ཆེན་པོ་བྱས། ༡༩༨༨ལོར་ཞིང་ཆེན་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་བོད་ཡིག་ཆ་ཚང་སློབ་འབྲིང་དུ་བསྒྱུར་བའི་ཆོག་མཆན་གནང་།

       མདོར་ན། ཁོང་གིས་ལོ་སུམ་ཅུའི་རིང་ལ་མི་རིགས་ཀྱི་སློབ་གསོ་དང་བོད་སྨན་གྱི་ཕྱོགས་ལ་འབད་པ་རྒྱ་ཆེན་བྱས་པའི་འབྲས་རྟགས་སུ་བཞག་སྡོམ་ཕྱུགས་བཅོས་སྨན་ཁང་དང་། མཛོད་དགེ་རྫོང་ཞིང་འབྲོག་རིག་གནས་ལག་རྩལ་སློབ་གྲྭ། རྔ་བ་ཁུལ་བོད་ཡིག་སློབ་གྲྭ། ཁུལ་གྱི་ཕྱུགས་སྨན་སློབ་གྲྭ་དང་མཉམ་འབྲེལ་གྱིས་འབྲིང་རིམ་ཆེད་གཉེར་སློབ་གྲྭ་སོགས་བཙུགས་པ་དང་ཁོང་ལ་འབྲིང་རིམ་ཆེད་གཉེར་སློབ་གྲྭ་དེ་རིམ་བཞིན་སློབ་ཆེན་དུ་བསྒྱུར་རྒྱུའི་འཆར་གཞི་ཡོད་མོད་ང་ཚོར་དེའི་བསོད་ནམས་ཀྱིས་མ་འཆུན་མོད། དེ་ལྟར་དེའི་ཤུགས་རྐྱེན་འོག་རང་ཁུལ་གྱི་སློབ་འབྲིང་ཁག་དང་། ཀླུ་ཆུ་རྫོང་བོད་ཡིག་སློབ་འབྲིང་། གཙོས་བོད་ཡིག་སློབ་འབྲིང་སོགས་བོད་ཁུལ་གྱི་ཡུལ་གྲྭ་སོ་སོ་ནས་སློབ་འབྲིང་སློབ་གསོའི་བྱ་གཞག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་། མི་ཕྱུགས་གཉིས་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་ཀྱང་བོད་ཁུལ་གྱི་ཡུལ་གྲུ་སོ་སོར་ཁྱབ་བརྡལ་དུ་བཏང་བ་མ་ཟད། ཁོང་གིས་གསོ་སྐྱོང་བྱས་པའི་སློབ་མ་ཁྲི་ཕྲག་ལོངས་པ་ཙམ་གྱིས་ད་ལྟ་ས་གནས་སོ་སོ་ན་ལས་རིགས་མི་འདྲ་བ་གཉེར་བཞིན་མི་རིགས་ཀྱི་བྱ་བར་བྱས་རྗེས་བཞག་དང་འཇོག་བཞིན་ཡོད།

        ཁོང་གིས་མི་ཚེ་གང་བོར་སློབ་གསོའི་བྱ་བ་བསྒྲུབས་པ་དང་ཕྱུགས་སྨན་ལག་ལེན། སྨན་བཅོས་དཔེ་ཁྲིད་མཛད་ཞོར་དུ་གདུལ་བྱའི་མོས་པ་དང་བསྟུན་ཏེ་ལྗགས་རྩོམ་ཀྱང་མང་དུ་མཛད་ཡོད་དེ། སྨན་གྱི་སྐོར་ལ༼ ཕྱུགས་ནད་བརྟག་བཅོས་གསལ་སྟོན་དངོས་ཐོབ་ཀྱི་མྱོང་གྲུབ་རིན་པོ་ཆེའི་དོ་ཤལ།༽༼ཕྱུགས་སྨན་གསལ་སྟོན་ཀུན་ཕན་བདུད་རྩིའི་འབྱུང་གནས༼སྟོད་ཆ་དང་སྨད་ཆ།༽༽ཕྱུགས་ནད་བཅོས་ཚུལ་ཉུང་བསྡུས།༽ ༼སྨན་སྦྱོར་ནུས་པ་ཕྱོགས་བསྡུས།༽ ༼གཏར་རྩ་ངོས་འཛིན་གྱི་ཡིག་ཆུང་།༽༼རྩ་རྒྱུད་མདོ་གནས་ཀྱི་རྡེའུ་བཀྲམ་ཚུལ་ཉུང་བསྡུས།༽༼གངས་ཅན་བོད་ཀྱི་ཕྱུགས་རིགས་གསོ་བ་རིག་པའི་རྣམ་གཞག་མདོ་ཙམ་བརྗོད་པ་གསར་འཁྲུངས་རིག་པའི་བུ་ཆུང་།༽༼བོད་ཀྱི་ཕྱུགས་ནད་གསོ་བའི་གཞི་རྩའི་ཤེས་བྱ།༽༼གསོ་རིག་སློབ་ཡིག་དེབ་བཞི་བ༽བཅས་དང་། གཞན་ཡང་སློབ་དེབ་དང་ཟློས་གར། རྩོམ་ཐོར་བུའི་སྐོར་ལ་༼འབྲིང་རིམ་སློབ་དེབ་སྟོད་སྨད་གཉིས།༽༼མཐོ་རིམ་སློབ་དེབ་༼ལྔ༽༽༼དམའ་རིམ་སློབ་དེབ༼དེབ་བཅུ་གསུམ།༽༽༼ཟློས་གར་གྱི་སྤྱི་བཤད་ཟློས་གར་རྒྱ་མཚོའི་སྙིང་བོ།༽༼ནག་པོ་ཀུན་ཏུ་འཇོམས་པའི་ངོ་མཚར་ཟློས་གར།༽༼རང་རྣམ་མདོར་བསྡུས།༽༼འདོད་ཡོན་ལྔའི་བཤད་པ་ཨུཏྤལའི་འཕྲེང་བ་རྩོམ་འཕྲོ།༽༼རོང་ཆེན་ཀིརྟི་རིན་པོ་ཆེ་ཕེབས་བཞུགས་དང་གཟིམ་བརྡ་གཏོང་ཚུལ་དཔྱིད་ཀྱི་ཕོ་ཉའི་མགྲིན་གླུ།༽༼ཨ་མ་དྲན་གླུ།༽༼གངས་རིའི་ཁྲོད་ཀྱི་དེང་རབས་བོད་རིགས་གཞོན་ནུ།༽༼ཁ་དོག་གི་དོགས་གཅོད་བྱིས་པའི་རོལ་རྩེད།༽༼རྨེ་ཆུའི་ལོ་རྒྱུས་མདོར་བསྡུས།༽༼དགུ་མཐའ་འབྲི་ཚུལ།༽༼འབའུའི་ལོ་རྒྱུས་མདོར་བསྡུས།༽༼རྟགས་ཀྱི་འཇུག་ཚུལ་བཤད་པ།༽༼ཇོ་བོ་རིན་པོ་ཆེའི་སྨོན་ལམ་བསྡུས་པ།༽༼ཀ་རྩོམ་དང་བསླབ་བྱ་སྙིང་གི་མུན་སེལ་ཟླ་བའི་སྒྲོན་མེ།༽༼ལེགས་སྦྱར་སྐད་དང་བོད་ཀྱི་བརྡ་ཤན་སྦྱར་ངོ་མཚར་སྤྲིན་གྱི་སྒྲ་དབྱངས།༽༼སྒྲ་མཚམས་སྦྱོར་ལྔ་བའི་ཟིན་བྲིས།༽༼དགོན་པ་སོ་སོའི་འཆམ་གྱི་ལོ་རྒྱུས།༽༼སྟག་ཚང་ལྷ་མོའི་གསོ་རིག་གྲྭ་ཚང་གི་བཅའ་ཡིག་ས་བོན་བདེ་གཤེགས་དགྱེས་པའི་མཆོད་སྤྲིན།༽དེ་མིན་འཁྲབ་གཞུང་ཉི་ཤུ་ལྷག་ཙམ་ཕྱོགས་བསྒྲིགས་དང་འཁྲབ་སྟོན་བྱས་ཏེ་བོད་ཀྱི་འཁྲབ་གཞུང་གི་རིག་གནས་སླར་གསོ་བྱས།

       ཁོང་གིས་མི་ཚེ་གང་བོར་མི་རིགས་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་སྒོས་མཛད་རྗེས་བླ་མེད་བཞག་པ་ལ། ༡༩༧༩ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྟོད་པའི་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་ཅན་གྱི་ལག་ཁྱེར་དམ་འབྱར་མ་དང་གསེར་གྱི་རྟགས་མ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སོགས་ཀྱིས་གནང་བའི་གཟེངས་བསྟོད་དཔང་ཡིག་སོགས་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པ། ཁུལ་དང་རྫོང་སོ་སོ་ནས་གཟེངས་བསྟོད་བྱ་དགའ་བརྒྱ་ཕྲག་ལྷག་ཙམ་ཐོབ། ཇི་སྐད་དུ། འཚོ་བ་རླབས་ཆེ་ཞིང་གཤེགས་པ་གཟི་བརྗིད་ལྡན་ཞེས་པ་ལྟར། ༡༩༩༠ལོའི་ཟླ་༥་བའི་ཚེས་༡༨ཉིན་ཁོང་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་འཐིམས། རྗེ་ཉིད་ང་ཚོ་དང་གཏན་དུ་ཁ་བྲལ་མོད་ཁོང་གིས་མི་རིགས་ཀྱི་རིག་གནས་དང་སློབ་གསོ། གསོ་རིག་བཅས་ཀྱི་ཕྱོགས་ལ་བཞག་པའི་བྱས་རྗེས་ནི་ནམ་ཡང་ཁྲི་གདུགས་ཉི་མའི་འོད་ཟེར་བཞིན་གངས་རིའི་ལྗོངས་ཀྱི་གྲུ་ག་རེ་རེ་ན་འོད་ལམ་ལམ་དུ་འཚེར་རོ། །

      ངེད་དྲ་བར་རྒྱུ་ཆ་མཁོ་འདོན་པ་མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གཙོ་ཉི་མ་འོད་ཟེར་ལགས་ཡིན་ལ་ཁོ་ཚོས་མུ་མཐུད་དུ་བོད་ཀྱི་སློབ་གསོའི་དེད་དཔོན་མཛོད་དགེ་ཉི་མ་ཚང་གི་ལྷག་བསམ་དང་སྙིང་སྟོབས་ལ་སློབ་སྦྱོང་བྱ་བཞིན་ཁོང་གི་བརྩམས་ཆོས་པོད་སུམ་ཅུ་ལྷག་བཞུགས་པ་དཔེ་སྐྲུན་གྱི་ལས་འཆར་དང་ཁོང་གི་མཛད་རྗེས་ཀྱི་བྱ་བཞག་བཤམས་སྟོན་ཕོ་བྲང་།  སློབ་གྲྭའི་ར་སྐོར་ནང་རྗེས་དྲན་སྐུ་གཟུགས་རྡོ་རིང་སོགས་བཞེངས་རྩིས་བྱེད་བཞིན་པར་ང་ཚོས་རྗེས་སུ་ཡི་རང་ཞུ་བ་དང་ཆབས་ཅིག་ཁོང་གི་དངོས་སློབ་དང་བརྒྱུད་པའི་སློབ་མ་སོགས་ཀྱི་བྱ་བཞག་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 8 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
trjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: མཛོད་བུ•བསམ་གཏན། སྤེལ་དུས:2016/5/18
དམ་པ་ཉིད་ཀྱིས་ས་ཆེན་འདི་ལ་མི་འཛད་ནོར་གྱི་མཛོད་ཅིག་གཏམས།། མཛོད་སྒོ་འབྱེད་པའི་ཤེས་རབ་ལྡེ་མིག་མི་རབས་མང་པོའི་མགུལ་དུ་བརྒྱན།། འཆི་ཐག་ཉེ་བའི་སྐད་དང་ཡི་གེའང་གསོན་ཤུགས་འཚེར་བའི་ལོ་རྒྱུས་སྤར།། ཨེ་མ་དེ་ནི་མི་ཡུལ་གང་ལ་གཏིང་ནས་ཕུལ་བའི་ལེགས་སྐྱེས་སམ།།
 སྤེལ་མཁན: མཛོད་བུ • བསམ་གཏན། སྤེལ་དུས:2016/5/18
དམ་པ་ཉིད་ཀྱིས་ས་ཆེན་འདི་ལ་མི་འཛད་ནོར་གྱི་མཛོད་ཅིག་གཏམས།། མཛོད་སྒོ་འབྱེད་པའི་ཤེས་རབ་ལྡེ་མིག་མི་རབས་མང་པོའི་མགུལ་དུ་བརྒྱན།། འཆི་ཐག་ཉེ་བའི་སྐད་དང་ཡི་གེའང་གསོན་ཤུགས་འཚེར་བའི་ལོ་རྒྱུས་སྤར།། ཨེ་མ་དེ་ནི་མི་ཡུལ་གང་ལ་གཏིང་ནས་ཕུལ་བའི་ལེགས་སྐྱེས་སམ།།
 སྤེལ་མཁན: གངས་ཚ-དགེ་རྒྱམ། སྤེལ་དུས:2015/3/17
བོད་ཡུལ་རིག་དངོས་ཡོད་ཚད་རྩ་བརླགས་ཏེ།།དུས་ངན་མུན་པའི་གླལ་བ་ཆེར་གདངས་ཚེ།།ཁོང་གིས་ཐབས་འཕྲུལ་རིག་པའི་སྒྲོན་མེ་དེ།།ད་ལྟ་ངེས་དོན་གསལ་བའི་ཉི་མ་འདི།།གཡུལ་ངོ་སྟོང་ལས་རྒྱལ་བའི་དྲིན་དེ་གོ། གངས་ཚས།
 སྤེལ་མཁན: གངས་ཚ-དགེ་རྒྱམ། སྤེལ་དུས:2015/3/17
བོད་ཡུལ་རིག་དངོས་ཡོད་ཚད་རྩ་བརླགས་ཏེ།།དུས་ངན་མུན་པའི་གླལ་བ་ཆེར་གདངས་ཚེ།།ཁོང་གིས་ཐབས་འཕྲུལ་རིག་པའི་སྒྲོན་མེ་དེ།།ད་ལྟ་ངེས་དོན་གསལ་བའི་ཉི་མ་འདི།།གཡུལ་ངོ་སྟོང་ལས་རྒྱལ་བའི་དྲིན་དེ་གོ། གངས་ཚས།
 སྤེལ་མཁན:  སྤེལ་དུས:2014/5/18
བོད་ཡུལ་སྟོད་སྨད་ཀུན་ཏུ་རིག་གནས་སློབ་གསོ་ལས་ལ་ནན་གྱིས་འཇུག་བཞིན་པའི་དམ་པ་ཁོང་དང་ཁོང་ལྟ་བུ་རྣམས་ཀྱི་མཛད་འཕྲིན་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་ཤོག།
 སྤེལ་མཁན:  སྤེལ་དུས:2014/3/13
༄༅།།བློ་གྲོས་བཟང་བོའི་མཁྱེན་དཔྱོད་ཉི་མ་འབུམ། །ས་ཆེན་འཛིན་མའི་ཁྱོན་ལ་འཕྲོས་དང་ལྷན། གངས་ལྗོངས་ཆུ་སྐྱེས་པད་ཚལ་རྒྱས་པའི་གཉེན། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། གུས་སློབ་བོདྷིས།
 སྤེལ་མཁན:  སྤེལ་དུས:2014/2/12
དཔལ་ལྡན་བླ་མ་སྲིད་པའི་རྒྱན་གྱུར་འགྲོ་བའི་ཡིད་ཀྱི་མ་མ་ཆེ།།གང་གི་མཛད་བཟང་འོད་སྟོང་འཕྲོས་པ་མཐའ་དག་མུན་པའི་ཀློང་ལས་གྲོལ།།གང་ཞིག་འགྲོ་རྣམས་ཕྱོགས་མེད་བརྩེ་བས་རིག་བའི་དཔལ་དུ་འགོད་མཛད་པ།།གང་ཉིད་རྩེན་པའི་གནས་དེར་བདག་ཅག་བརྩེ་བའི་འདོར་བར་མ་གྱུར་ཅིག གང་གི་སློབ་མའི་གྲལ་མཐའ་བ་འབའ་ཕྱུག་རྒྱ་མཚོས།
 སྤེལ་མཁན:  སྤེལ་དུས:2013/12/3
དཔལ་ལྡན་བླ་མའི་རྣམ་པ་ཐར་བ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་ཞུགས་པར་ཤོག། གང་གི་སློབ་བུ་ཐ་ཤལ་བ་བྷོ་དྡྷི་ས་ཏྭས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
15622398
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号